བོད། ལྷ་ཀླུ་གཉན་གསུམ།
————–
འཁུར་ན་མི་ཡང་རྡོ་ལས་ལྕི་བའི་སེམས།།
ཤོར་ན་མི་སྐྱིད་འདམ་ལས་སྙི་བའི་སེམས།།
སྟོན་ན་འདོད་པའི་བུ་མོ་གཟུགས་མཛེས་མ།།
ཁྱེད་ལ་གཏད་ཉིན་བརྗེད་དུ་མ་འཇུག་རོགས།།
འགྲོགས་ཡུན་ཐུང་བའི་དུས་ཚིགས་དེ་ཡི་རིང་།།
ཕན་ཚུན་གཅིག་ལ་གཅིག་འཁྱུད་ལུས་པོ་གཉིས།།
ཚ་དྲོད་མེ་བཞིན་འབར་བའི་མཚན་མོ་དེར།།
སྐྱིད་པའི་སྣང་བ་ནམ་མཁའི་སྐར་ལས་མཐོ།།
རླུང་བུ་བསིལ་མོ་སྒེའུ་ཁུང་བརྒྱུད་དེ་སླེབས།།
དུང་གི་ཟླ་བ་མུན་པའི་ཁྲོད་ནས་འཛུམ།།
སེམས་ཀྱི་སྐད་ཆ་ཕན་ཚུན་ངག་ལས་ཤོར།།
འཇིག་རྟེན་སྣང་བ་ཟེར་བ་དེ་འདྲ་རེད།།
སུས་ཀྱང་ཡིད་དུ་མེད་པའི་གློ་བུར་བ།།
དབྱར་ཁའི་མེ་ཏོག་ལྟ་བུའི་མཛེས་པ་དེ།།
མི་འདོད་སད་ཀྱིས་འཁྱེར་བའི་དགུན་དུས་སུ།།
སེམས་པ་འཁྱག་པའི་གཟུར་བའི་ནངས་མོ་རེད།།༼སེམས་པ་འཁྱག་པས་གཟིར་བའི་ནངས་མོ་རེད།༽
བྲིས་པའི་ཡི་གེ་དེ་ཡང་མེ་ལ་བསྲེག།
བཤད་པའི་སྙིང་གཏམ་དེ་ཡང་མི་ཁའི་གཏོར།།༼མི་ཁས་གཏོར་༽
འདྲིས་པའི་ཕྱི་ཐག་དེ་ཡང་སོ་སོར་གྱེས།།
ཞེན་ལོག་སྐྱེ་བའི་གཞི་མ་འདི་ལྟར་བྱུང་།།
དེ་ནས་བྲལ་བའི་རི་ལུང་ཕར་ཚུར་ན།།
གཟུགས་མེད་ན་ཚའི་བསླངས་པའི་དྲན་ཤིང་དེ།།
རྒས་ཀྱང་ཁོག་ཏུ་ལུས་པའི་ནད་རྙིང་འདི།།
སངས་པར་བྱེད་པའི་ལྷ་རྗེ་མེད་པར་སྐད།།
ཐག་རིང་རི་བོ་འདི་ཡི་ཕར་རྒྱབ་ཏུ།།
སྐུ་ལུས་བདེ་ཐང་ཡིན་པའི་རེ་སྨོན་དང་།།
བསམ་དོན་ཡིད་བཞིན་འགྲུབ་པའི་སྐྱབས་འཇུག་བཅས།།
དྲ་ཐོག་གཏགས་ཡིག་འབྲི་མཚམས་འདི་ནས་འཇོག།
དགེ་འདུན་རབ་གསལ་མཆོག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། འདི་ལྟར་ལམ་སྟོན་གནང་བ་དེ་ནི་ངས་རྗེས་ཕྱོགས་རང་གིས་གང་ཞིག་ནོར་འཁྲུལ་བྱེད་ཀྱི་ཡོད་མེད་དེ་ངོས་ཟིན་པར་ཕན་ཐོག་ཏན་ཏན་བྱུང་གི་འདུག
ན་ཚ་འདིས་ཟིན་ན་སད་ཀྱིས་བཏབ་པའི་སྙེ་མ་ནང་བཞིན་ཆགས་ཀྱི་འདུག་གཱ ད་དེ་ལ་སྨན་ཞིག་གང་དྲག
ཕལ་ཆེར་ཁྱེད་རང་ལ་ནད་འདི་སེལ་བས་ཐབས་ཤེས་རེ་ཡོད་སྲིད།