རེབ་ཐོག་མདའ།
སྒོར་མོ་མཐོང་ན་ལག་པ་རིང་ན་འདོད།།
ཕྱི་མ་བསམ་ན་ཆོས་ཤིག་སྒྲུབ་ན་འདོད།།
མི་ཚེ་ཀྱག་ཀྱོག་ཞིག་གི་སོ་ཁ་ནས།།
རང་སེམས་རང་གིས་གསོ་བཞིན་འཚོ་ན་འདོད།།
འཛུམ་ཆུང་བཅོས་མས་མདུན་ནས་བསུས་དང་རུང་།།
རང་དོན་ཁོ་ནའི་ལས་ཤིག་སྒྲུབ་མི་འདོད།།
རྒྱུ་དང་འབྱོར་བས་སེམས་པ་བསླུས་དང་རུང་།།
དགྲ་གྲོགས་དབྱེར་མེད་འཛུམ་གྱི་བསུས་ན་སྙམ།།
ཁོ་རང་ཁྲོས་ནས་བཀའ་ཞིག་བཏང་དང་རུང་།།
ཁོ་མོས་དུང་བའི་འཕྲིན་ཞིག་བསྐུར་དང་རུང་།།
མྱི་སེམས་གསོན་པོ་གསོད་པའི་ཚོགས་སྡེ་ནས།།
རང་དབང་འཚོ་བའི་ཀློང་ནས་་སྡོད་ན་སྙམ།།
གྲོང་ནས་འདུར་དུས་དགོན་དེར་ཞེ་རེ་ཐོགས།།
དགོན་ལ་སླེབས་དུས་གྲོང་དེ་མིག་ལ་ལྷུང་།།
དགོན་གྲོང་གཉིས་ལ་བསྲིང་བའི་ལམ་མདོ་ནས།།
བདག་གི་སེམས་ལ་འདང་རྒྱག་ལྕ་མོ་ཞིག།།
མི་རྐྱང་དུས་སུ་གཞན་གྱི་ཁྱིམ་ལ་དུངས།།
ཁྱིམ་གཞི་ཆགས་དུས་མི་རྐྱང་ལོ་ཟླ་དྲན།།
འཇིག་རྟེན་མི་ལུས་ཐོབ་ཀྱང་དོན་ཆུང་བའི།།
འཁོར་བའི་བདེ་བ་འདི་ལ་ཡིད་རེ་སྨུག།
འཁོར་བའི་གྲོང་ན་བདེ་བ་མ་མཆིས་མོད།།
ལས་དབང་ལྕི་མོ་དེ་ལ་ཟློག་ལྡོག་ཐབས་ཅི།།
བདེ་བའི་ལམ་ལ་བརྒལ་བར་བསམ་ན་ཡང་།།
སེམས་ཀྱི་རྟ་ཕོ་དེ་ལ་འགོག་ཐབས་ཅི།།
བླ་མའི་བཀའ་གསུང་སེམས་ལ་བརྐོ་བསམ་ཡང་་།།
སྡུག་གི་ལས་དེ་རྫོགས་ཐབས་མི་འདུག་གི།།
ཕ་མའི་དྲིན་ལན་རེ་ཞིག་འཇལ་འདོད་ཀྱང་།
ས་མཐའི་གྲོང་ནས་རེ་བ་སྟོང་བ་རེད།།
མཛེས་མའི་གདོང་ལ་མིག་ཟུང་ཤོར་འགྲོ་ཡང་།།
ཁ་ལྕེ་བདར་ནས་ཚིག་གསུམ་འཆད་མི་འདོད།།
མཛངས་མ་ཞིག་ལ་རེ་བ་བརྒྱབ་བརྒྱབ་ནས།།
མི་རྐྱང་རྨི་ལམ་ད་དུང་མ་འགྲུབ་ཐལ།།
མཁས་པའི་ཆོ་ལོ་བདག་ལ་མི་མཁོ་མོད།།
བླུན་པོའི་ཚོགས་ནས་ཅུང་ཙམ་བརྒལ་ཐུབ་ན།།
མི་ཚེའི་ལམ་ཆེན་ཅི་འདྲ་དོག་ན་ཡང་།།
བོད་པ་ཞིག་གི་རྨིི་ལམ་བོར་གི་མིན།།
ཕ་སྐད་གཙང་མ་འཆད་ན་འདོད་མོད་ཀྱང་།།
གཞན་སྐད་བསྲེས་མའི་ཚོགས་ནས་མ་ཐར་ཐལ།།
སྦྲང་དཀར་རྩམ་པ་ལན་ཅིག་བཟའ་འདོད་ཀྱང་།།
འབྲི་མར་སེར་བོའི་ལས་སྐལ་མ་ཡོད་ཐལ།།
ཀ་ཁ་སུམ་ཅུའི་རིན་ཐང་གླེང་བསམ་ཡང་་།།
ཁོག་ཡུག་དོག་མོ་འདི་ན་ལན་ཆགས་མང་།།
བོད་ཆས་གཙང་མས་ལུས་པོ་བརྒྱན་བསམ་ཡང་།།
ཚ་བའི་ལུང་པ་འདི་ལ་བདག་རང་སུན།།
སྤྲུལ་སྐུ་རྣམ་པ་ཅན་པོར་མཇལ་མི་འདོད།།
ཕྱུག་པོ་ཁང་བརྩེགས་ཅན་ཚོར་བཀུར་མི་འདོད།།
ཅི་ཡང་མི་འདོད་མི་ཚེ་ཐུང་ཐུང་འདིར།།
འདི་ཕྱིར་ཕན་པའི་སྐྱབས་ཤིག་བཙལ་ན་འདོད།།
མ་ཎི་བགྲངས་བཞིན་མ་རྩ་བཅོས་མྱོང་མེད།།
གཞན་མགོ་སྐོར་བཞིན་རྒྱུ་འབྲས་བསྣོག་མྱོང་མེད།།
ཕན་སེམས་གཙང་མས་ཕྱི་ནང་བཏུམ་བཞིན་དུ།།
མི་ཚེ་དོན་ཕན་ཅན་ཞིག་བསྒྲུབ་ན་བསམ།།
ཕྱི་ལོ ༢༠༡༢ ཟླ ༡༢ ཚེས ༩ ཉིན་དགའ་ལྡན་ནས་བྲིས།