ཤར་ཕྱོགས་ཀྱི་འོད་སྣང་ནས།
སྤྱི་མཐུན་བསྟན་འགྲོའི་བསོད་ནམས་ལ་གོད་ཆགས་ཕོག་པའི་དུས་ཚིགས་ཤིག་ཏུ་ཞིག་ཏུ་སྨྲས་ཀྱང་རུང་ལ།
སྒོས་སུ་འདི་ཕྱིའི་རེ་ལྟོས་ཅན་བདག་དང་བདག་འདྲ་བའི་ལས་དབང་གི་རྒུད་ཕྱོགས་ཤིག་ཏུ་སེམས་ཀྱང་རུང༌།
གང་ལྟར།
ཉིན་མོ་དེ་ནས་བཟུང༌།
རྟ་བདུན་དབང་པོའི་འོད་སྣང་ཇི་ཙམ་གསལ་རུང༌།
སྙིང་ཁམས་ཀྱི་མུན་ནག་འདི་དེ་བས་ཐུ་ལ།
བཅོ་ལྔའི་དུང་ཟླ་ཇི་ཙམ་བསིལ་རུང༌།
གཟུགས་མེད་སེམས་ཀྱི་ཚ་གདུང་སྔར་ལས་དྲགས།
ད་དུང༌།
སྟོང་ཚོ་འདུས་སྡེའི་ཁྲོད་ན་ཇི་ཙམ་གནས་རུང༌
ཁེར་རྐྱང་ལུས་པའི་ཚོར་ཤུགས་དེ་ལས་ཟབ་ལ།
འདིར་སྣང་སྲིད་པའི་མཛེས་སྡུག་ཅི་ཙམ་ངོམ་རུང༌། སེམས་ཁམས་སྐྱོ་བས་མནར་བ་སྔར་ལས་ལྷག
ཀྱེ་མ།
འཁོར་བའི་རང་མཚང་ལ་ངོམ་པའི་མཐའ་མེད་ན་
སྐྱོ་བའི་མིག་ཆུ་ལ་ཟད་མཐའ་ཞིག་ག་ལ་སྲིད།
ངས་འདི་ལྟར་ད་ལྟའི་དུས་ཚོད་ཀྱི་རྒྱུད་རིམ་ཁྲོད་ནས་
འདས་པའི་ལོ་རྒྱུས་ལ་འདང་རྒྱག་ཐེངས་རེར་སེམས་སྡུག་གི་གཙེ་རླུང་སྔར་ལས་ལྡང་ཆེ་ཞིང༌
ཡིད་སྨུག་གི་ཆུ་འཛིན་སྔར་ལས་འཚུབ་དྲགས་ལ།
སྐྱོ་གདུང་གི་ཆར་རླུང་སྔར་ལས་རྒོད་དྲགས་ཤིང༌། གདུང་འབོད་ཀྱི་འབྲུག་སྐད་སྔར་ལས་ལྡིར་དྲགས།
འདི་ལྟར་སེམས་ཁམས་ཀྱི་ནམ་དུས་ལ་འགྱུར་ལྡོག་བྱུང་བའི་དགོང་མོ་ཞིག
ང་དང་ང་འདྲ་བའི་ལྡོམ་བུ་བ་ཁྱུ་གཅིག
ང་དང་ང་འདྲ་བའི་སྤྲང་འཁྱམས་པའི་སྡེ་ཞིག
བཅུ་གཉིས་བདག་པོའི་འོད་སྣང་དང་བྲལ་བའི་མུན་ནག་གི་ཡུལ་གྲུ་ཞིག་ནས།
ལས་དབང་གི་རླུང་རྟར་བང་རྩལ་ཞན་པས་
འཇིག་རྟེན་འདིར་ཁེར་རྐྱང་དུ་ལུས་པའི་ལོ་རྒྱུས་གླེང་བཞིན།
སང་གི་ཉི་གཞོན་ལ་རེ་སྒུག་གི་ཁྲོད་ནས་
ཀ་བཤད་ཀྱི་དབྱངས་རྟ་ལས་དྲངས་པའི་རེ་འདུན་གྱི་གསོལ་འདེབས་ཤིག འདི་ལྟར་གྱེར། འདི་ལྟར་་་་་་་་་་༌།
༈ ན་མོ་གུ་རུ།
སྐྱེ་མེད་ཀ་དག་ཆོས་དབྱིངས་གཉུག་མའི་ཀློང་དང༌།།
འགག་མེད་ཁ་དོག་ལྔ་ལྡན་ལོངས་སྐུའི་ཞིང་ཁམས།།
ངེས་མེད་ག་ན་བཞུགས་ཀྱང་རྗེ་བཙུན་བླ་མ།།
མགོན་མེད་ང་ཚོ་ཐུགས་རྗེས་ནམ་ཡང་མ་དོར།།
དལ་མེད་ཅ་ཅོ་རྣམ་གཡེང་འདུ་འཛིའི་དཀྱིལ་ན།།
བྲལ་མེད་ཆ་ལུགས་ཆོས་པའི་གཟུགས་སུ་གནས་ཀྱང༌།།
ལོང་མེད་ཇ་ཡུན་ཙམ་ཡང་དམ་པའི་ཆོས་ལ།།
སེམས་མེད་ཉ་མ་ང་ཚོ་ཐུགས་རྗེས་མ་དོར།།
ན་ནིང་ཏ་ལེར་གང་སྐུ་མཚན་དཔེའི་ཉི་མ།།
ཚུར་མཐོང་ཐ་མལ་མིག་གི་ཡུལ་ལས་འདས་པས།།
ཀྱེ་མ་ད་དུང་མགོན་མེད་མུན་པར་འཕྱན་པའི།།
སྐྱབས་བྲལ་ན་མཉམ་ང་ཚོ་ཐུགས་རྗེས་མ་དོར།།
གནག་སྣུམ་པ་ལོ་བྲེགས་ཏེ་ཚེ་རབས་གཏན་གྱི།།
སྐྱབས་གནས་ཕ་གཅིག་རྗེ་བཙུན་ཁྱེད་ལ་བཅོལ་ཀྱང༌།།
འདོད་ཡོན་བ་ཚྭའི་རྒྱ་མཚོར་བྱིངས་པ་བདག་ལ།།
ཀྱེ་མ་མ་གཡེལ་ཐུགས་རྗེས་འབྲལ་མེད་གཟིགས་དང་།།
དབེན་གནས་ཙ་རི་ལྟ་བུའི་རི་ཁྲོད་མ་ཟིན།།
འཕགས་ཡུལ་ཚ་བའི་གྲོང་ན་གཞན་ཕན་མ་གྲུབ།།
ཨ་ཁ་ཛ་དྲག་འདི་ཕྱིའི་འདུན་ལམ་བོར་བའི།།
ངང་ཚུལ་ཝ་ལེར་སེམས་བཞིན་སྐྱོ་བའི་ཀློང་ནས།།
ཀྱི་ཧུད་ཞ་ར་ཐང་སྟོང་འགྲིམ་པ་བཞིན་དུ།།
གཏད་མེད་ཟ་ཟི་འཁོར་བའི་གནས་རིས་འདི་ན།།
མགོན་མེད་འ་ཅག་དུཁའི་སྨག་རུམ་ཁྲོད་དུ།།
དབང་མེད་ཡ་ངའི་གནས་སུ་ལྷུང་བ་གཟིགས་ན།།
ཐུགས་རྗེའི་ར་མདའ་བཙན་པོ་གཡེལ་མེད་ངང་ནས།།
མ་འགྱངས་ལ་འུར་སྤྲུལ་པའི་མགོན་དཔུང་དམ་པ།།
ཚད་མེད་ཤ་ཚའི་མཐུ་དཔུང་བསྐྱེད་ཐེངས་ཤིག་གིས།།
མྱུར་དུ་ས་སྟེང་འགྲོ་བའི་དཔལ་དུ་འབྱོན་རོགས།།
ཀྱི་ཧུད་ཧ་ཅང་སྐྱོ་བའི་སྨག་རུམ་ཁྲོད་ནས།།
ཀྱེ་མ་ཨ་སྡུག་བུ་ཡི་གདུང་འབོད་གསན་ན།།
རབ་འབྱམས་རྒྱལ་བའི་ཞིང་ཕྱོགས་གང་ན་བཞུགས་ཀྱང་།།
ཐུགས་རྗེའི་རྣམ་རོལ་ས་སྟེང་འདི་ན་འབྱོན་རོགས།།
མུན་ནག་གི་དགོང་མོར་
མིག་ཆུས་ཁུར་ཚོས་བརླན་པ་མི་མཐོང་ཡང་། ངག་སྐད་མཆི་མས་བརྣངས་པའི་གསོལ་འདེབས་འདིས་སྐྱོ་ལྷང་ལྷང་གི་ཚོར་སྣང་ཞིག་སུ་ལའང་བྱིན།