མྱི་ལྟིག
ཞོགས་པའི་སེར་ནེམ་ནེམ་གྱི་ཉི་ཟེར་དེ་འཁྱམ་པོ་ཡིན
དགོང་ཁའི་དམར་ལམ་ལམ་གྱི་མཚམས་སྤྲིན་དེ་འཁྱམ་པོ་ཡིན
འཁྱམ་པོ་ཚོའི་སེམས་པ་དཀར་བོང་བོང་གི་གངས་རི་ཡིན
འཁྱམ་པོ་དག་ཉམ་ཆུང་བའི་དབུས་ལམ་གྱི་མཇལ་བ་ཚོ་དང་འདྲ་ཡང་
འཁྱམ་པོ་ཚོས་སྐྱབས་འགྲོ་མི་འདོན ཕྱག་ཀྱང་ག་ལ་འཚལ
སྤྲིན་དཀར་པོ་གདན་ལ་བཏིངས་ཏེ་ཉལ་མཁན་འཁྱམ་པོ་ཡིན
རླུང་བསེར་བུ་གོས་ལ་གྱོན་ཏེ་འགྱིངས་མཁན་འཁྱམ་པོ་ཡིན
འཁྱམ་པོ་ཚོའི་མི་ཚེ་བར་སྣང་ན་འཕུར་བའི་སྟོན་མཇུག་གི་ལོ་མ་ཡིན
འཁྱམ་པོ་ཚོས་འདས་མ་ད་གསུམ་ཞེས་པའི་དུས་ཚོད་དེར་ཁ་ཡ་མ་བྱས
ཡོད་ཚད་སེམས་སྦུབས་སུ་བསྡུས་པའི་དམ་གཙང་གི་དགེ་སློང་ཞིག
འཇིག་རྟེན་ཞེས་པའི་གོ་ལ་འདི་འཁྱམ་པོ་ཚོའི་མིན་པ་འཁྱམ་པོ་ཚོས་ཤེས
འཁྱམ་པོ་ཚོས་གྲིས་མི་ཆོད་པ་ཞིག་ས་ཡིས་གཏུབ་པར་གྲ་སྒྲིག་གང་ཡང་མི་བྱེད
སུ་ཞིག་གིས་འཁྱམ་པོ་ཞེས་སྣ་དགོད་བྱས་ཀྱང་འཁྱམ་པོར་རང་ཚུགས་ཡོད
འཁྱམ་པོས་གླུ་ལེན་མཁན་དང་བྲོ་འཁྲབ་མཁན་ཚང་མར་མཉན་ཞིང་བལྟ
འཁྱམ་པོས་རང་ཉིད་འཁྱམ་པོ་ཡིན་པ་ལས་ཁྲམ་པ་ཡིན་པར་ཁས་ལེན་དགོས་སམ
༢༠༡༥།༠༥།༢༨། དགོང་མོ།