ཡིག་སྒྱུར་པ། གླིང་ལོ་མ་སེར་པོ།
ང་ནི་ཕྱི་ལོ ༡༩༦༧ ལོར་སྐྱེས་ཤིང་། ལས་གནས་མ་རག་བར་དུ་རྨོ་མོ་དང་ལྷན་དུ་འཚོ་བ་མཉམ་སྐྱེལ་བྱས་པ་ཡིན། ད་དུང་ནུ་བོ་གཅིག་དང་ནུ་མོ་གཉིས་ཀྱང་ཡོད། ཡིན་ཡང་། ང་ཚོ་ཕན་ཚུན་གྱི་མཛའ་བརྩེ་ནི་རྩ་བ་ནས་བཟང་རྒྱུ་མེད། ཨ་ཕ་ཡང་བཙན་པོ་ཞིག་ཡིན་པས་ངས་ནམ་རྒྱུན་རི་མོ་དང་ལོ་རྒྱུས་ཀྱི་དཔེ་ཆར་བལྟས་ན་ཁོང་གཏན་ནས་མི་དགའ། ཡིན་ཡང་ངས་ནམ་རྒྱུན་དཔེ་ཆ་དེ་དག་ལ་ལྐོག་བལྟ་བྱས་པ་ཡིན། རྒྱུ་མཚན་དེས་ཡིན་ཡང་སྲིད། སེམས་ཁོང་ལ་མི་བདེ་བའི་ཚོར་བ་ཞིག་སྐྱེས་པས་ཁོང་འཆི་ཁར་དགོངས་དག་ཅིག་ཞུ་དགོས་སྙམ། གང་ལྟར་ཨ་ཕའི་སློབ་གསོ་དང་གདམ་ག་དེས་ངའི་མི་ཚེ་ལ་འགྱུར་བ་བཏང་སོང་། ང་ཚོ་ལྷན་དུ་མ་བསྡད་པ་ཙམ་ལས་ད་ལྟ་ཡང་ཨ་མ་ཡོད། ཁོ་ཚོས་ང་ལ་བཟུང་བའི་རྣམ་འགྱུར་དེས་ངའི་སེམས་ལ་རྨ་ཁ་བཏབ་སོང་། ཁོ་ཚོས་ངའི་ཀླད་པར་སྐྱོན་འདུག ངས་ཁོ་ཚོ་ངོ་ཚར་གཏད་ཀྱི་འདུག་སྙམ་པ་དེ་རེད།
རྩིས་བཤེར་སྦྱངས་པ་ནི་ངའི་མྱི་ཚེ་འདིའི་བློ་ཕམ་ཆེ་ཤོས་དེ་ཡིན། གལ་ཏེ་ཨ་ཕའི་རེ་སྐུལ་མིན་ན་ངས་ཆེད་སྦྱོང་དེ་འདེམས་མི་སྲིད་ལ་ང་ཡང་ད་ལྟའི་གནས་བབས་འདི་ལྟ་བུ་ཞིག་མིན་པར་སེམས། ང་རང་ཧྲང་ཧེ་ཡི་སློབ་ཆེན་ཞིག་ནས་སློབ་མཐར་ཕྱིན་རྗེས། ཧྲང་ཧྲེ་གྲོང་ཁྱེར་གྱི་ཞུའི་ཧེའི་སློབ་ཁུལ་དུ་རྩིས་བཤེར་སྐོར་གྱི་ལས་ཀ་ཞིག་རག་པ་རེད། འོན་ཀྱང་། ངའི་འཚོ་བ་ནི་སྔར་བཞིན་སྤྲོ་སྣང་གིས་བརྟས་པ་ཞིག་གཏན་ནས་མ་རེད། སྐབས་དེར་ང་སྔར་བཞིན་རྨོ་མོ་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཕ་མ་གཉིས་དང་ཐུག་འཕྲད་བྱུང་རྒྱུ་ཧ་ཅང་དཀོན་པོ་ཞིག་ཡིན། འོན་ཀྱང་། ཆེས་མཐའ་མཇུག་ཨ་མ་དང་མཇལ་འཛོམས་བྱུང་དུས་ཨ་ཕ་འདས་ཟིན་འདུག
སྤྱི་ལོ༡༩༩༣ལོར་ང་རང་རྩིས་བཤེར་ལས་ཁུངས་སུ་ལས་ཞུགས་བྱས་པ་ཡིན། འོན་ཀྱང། བྱ་བ་འདི་ང་རང་དགའ་མོས་ཡོད་སའི་བྱ་བ་དེ་གཏན་ནས་མིན། སྐབས་དེ་དུས་ངས་གང་སར་འཕངས་པའི་གད་སྙིགས་དག་ལ་དོ་སྣང་བྱས་པ་ཡིན། དཔེར་བཞག་ན། གཙང་སྤྱོད་ཁང་དུ་ཚགས་པར་སོགས་གང་སར་གཡུགས་པ་དེ་དག་ཡིན། ཁོང་ཚོས་ཅིའི་ཕྱིར་འདི་ལྟར་དོར་བ་ཡིན་ནམ། འདི་ལ་བེད་སྤྱོད་གཞན་ཞིག་ལོས་ཡོད་སྙམ་པའི་སྣང་བ་ཞིག་བྱུང་། ད་དུང་འཐུང་ཚར་མེད་པའི་གཏེར་ཆུ་སོགས་མཐོང་ཐེངས་རེར། ཆུ་ནི་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་པས། ཁོང་ཚོས་ཅིའི་ཕྱིར་འདི་ལྟར་རང་དགར་གཡུགས་པ་ཡིན་ནམ་སྙམ། ཐེངས་ཤིག་གཞུང་དོན་དུ་འགྲོ་སྐབས་ཤིག་ལ་གྲུ་གཟིངས་ཤིག་གི་ནང་དུ་ཚགས་པར་མང་པོ་ཞིག་གང་སར་གཡུགས་པ་མཐོང་བས་ངས་དེ་དག་བསྡུ་སྒྲུག་བྱས་པ་ཡིན། རྒྱུ་མཚན་ཚགས་པར་དེ་དག་ད་དུང་ལྟ་ཀློག་བྱ་ཆོག་པའི་ཚགས་པར་རྐྱང་རྐྱང་རེད་འདུག ཡིན་ཡང་། ལས་གྲོགས་ཡོད་ཚད་ཀྱིས་ང་ནི་ཀླད་སྐྱོན་ཅན་ཞིག་ཏུ་ངོས་འཛིན་བྱས་བྱུང། གང་ལྟར། ང་ནི་གད་སྙིགས་བསྡུ་སྒྲུག་བྱ་རྒྱུར་འཐད་མོས་ཡོད་མཁན་ཞིག་ཡིན། སྤྱི་ལོ༡༩༩༣ལོར་ལས་ཁུངས་འགོ་ཁྲིད་ཀྱིས་ང་ལ་ནད་རྐྱེན་ལས་གནས་ངལ་གསོའི་ལག་ཁྱེར་ཞིག་སྤྲད་བྱུང་། མདོར་ན་ཀླད་སྐྱོན་ཡོད་ཟེར་ནས་ལས་ཀ་སྒྲུབ་མ་འཇུག་པ་རེད། ཡིན་ཡང་ལོ་ངོ་༢༦རིང་ལ་སྒོར་༢༠༠༠གི་ཟླ་ཕོགས་སྤྲད་ཀྱི་ཡོད་རེད།
དེར་བརྟེན། ང་རང་ཀླད་སྐྱོན་ཚན་ཁག་ཏུ་ཐེངས་གཉིས་ལ་བསྐྱལ་བ་རེད། ཐེངས་དང་པོར་ཁྱིམ་མིས་ཀླད་སྐྱོན་གྱི་ནད་གཞི་འདུག་སྙམ་ནས་ཟླ་བ་གསུམ་ལ་སྨན་ཁང་ལ་འདུག་ཏུ་བཅུག་པ་རེད། ཐེངས་གཉིས་པ་སྲང་ལམ་དོ་དམ་པས་བསྐྱལ་བ་རེད། ངས་བསམས་ན་སྐབས་དེའི་སྨྱོ་ནད་གསལ་འབྱེད་བྱེད་པ་ནི་ཕྱོགས་གཅིག་གི་བཤད་ཕྱོགས་ཙམ་རེད། ངས་གད་སྙིགས་བསྡུ་སྒྲུག་བྱེད་པ་འཚོ་བ་མ་འཁྱོལ་བས་མིན་པར་རང་ཉིད་ལས་ཀ་དེ་ལ་མོས་མཐུན་ཡོད་པས་ཡིན། ངའི་རེ་བར་ཁྱིམ་མི་དང་ལས་ཁུངས་སོགས་ཀྱིས་ང་རང་མཐའ་གཅིག་ཏུ་ཀླད་སྐྱོན་ཅན་ཞིག་ཏུ་ངོས་འཛིན་མ་བྱེད་ན་སྙམ།
གཞན་ད་རུང་གསལ་པོར་ཞུ་དགོས་རྒྱུ་ཞིག་ནི། ཁོང་ཚོས་ཀླད་སྐྱོན་ཅན་ཞིག་ཏུ་གཏན་འཁེལ་བྱས་ནས་ནད་དགོངས་གླ་ཆ་ཙམ་སྤྲད་པ་ལས་ངལ་རྩོལ་བྱས་པའི་གླ་དངུལ་སྤྲད་པ་གཏན་ནས་མིན། གལ་སྲིད་རྒྱུན་ལྡན་གྱི་མི་ཞིག་ཡིན་ན། གླ་ཆ་དེ་འདྲ་ཞིག་ལེན་རྒྱུར་མོས་མཐུན་ཡོད་དམ། འདི་ནི་ང་ལ་དམིགས་བསལ་གྱི་གཟིགས་སྐྱོང་བྱེད་སྟངས་་ཤིག་རྩ་བ་ནས་མིན། ངས་ཀྱང་རང་ཉིད་ལས་མེད་གླ་ཆ་ལེན་མཁན་ཞིག་མིན་ན་དྲན་གྱི་ཡོད།
ངས་བྱ་བ་ཅི་འདྲའི་ཕྲན་ཚེགས་ཤིག་ཡིན་ཡང་འབད་པ་ཆེན་པོས་ཡག་པོ་ཞིག་ཨེ་ཡོང་བསམ་གྱི་ཡོད། གད་སྙིགས་ཞེས་པ་ནི་མིང་འདོགས་སྟངས་ཤིག་རེད། དོན་དུ་དངོས་པོ་དེ་བཞག་ས་ནོར་སོང་བ་ཙམ་རེད། ངས་དང་པོར་གད་སྙིགས་ཉར་ཚགས་(ཁུག་ཉར།)བྱས་པ་ཡིན། དེ་ནི་རིགས་མི་འདྲ་བའི་གད་སྙིགས་མང་པོ་འགྱིག་ཁུག་གཅིག་གི་ནང་དུ་བླུགས་རྗེས་ཕན་ཚུན་རིགས་ཚན་དགར་ནས་བེད་སྤྱོད་གཏོང་གི་ཡོད། དཔེར་ན། བཟའ་ཆས་རིགས་ནི་བདག་མེད་ཀྱི་ཞི་མི་དང་ཁྱི་སོགས་ལ་སྤྲད་རྒྱུ་དང་། ཆུ་འཐུང་འཕྲོ་དག་དམ་བུ་གཅིག་གི་ནང་དུ་བླུགས་ནས་མེ་ཏོག་དང་ཤིང་སྡོང་དག་ལ་གཏོར་བ་ཡིན། ད་རུང་ཤོག་བུ་སོགས་སྤྱོད་སྒོ་གཏོང་ས་མང་པོ་ཡོད་འདུག གང་འདོད་འདོད་གད་སྙིགས་སུ་བསམས་ནས་གང་སར་འདོར་མི་འོས་པ་ཞིག་རེད། ངའི་གྱོན་གོས་དང་ལྷམ། འཚོ་བའི་ཉེར་མཁོ་ཡོད་ཚད་གད་སྙིགས་ལས་བྱུང་བ་ཤ་སྟག་ཡིན།
དོན་དངོས་ང་རང་གད་སྙིགས་བསྡུ་སྒྲུག་བྱེད་རྒྱུར་དགའ་མོས་མེད། ངས་ལམ་འགྲམ་སོགས་སུ་གད་སྙིགས་གཅིག་ཀྱང་མེད་ན་བསམ། ངས་འདི་ལྟར་བྱས་པ་ནི་ཆུད་ཟོས་གཏོང་མི་འདོད་པའི་བྱ་སྤྱོད་ཙམ་ཡིན།
སྤྱིར་ན། ངས་ནད་ཡོད་ལག་ཁྱེར་དེ་ཕྱིར་སློག་པའི་རེ་འདུན་ཞུས་ཏེ། སྔར་བཞིན་རྨོ་མོ་དང་ལྷན་དུ་འཚོ་བ་མཉམ་སྐྱེལ་བྱས་ནས། སྐབས་རེར་རོལ་དབྱངས་ལ་ཉན་པ་དང་། ལན་རེར་ཟློས་གར་ལ་ལྟ་བ། མཚམས་རེར་དཔེ་མཛོད་ཁང་དུ་དཔེ་ཀློག་བྱ་རྒྱུ་དེ་ཡིན་མོད། རེད་དེ། སྤྱི་ལོ ༡༩༩༣ ་ལོར་ང་རང་རྩིས་བཤེར་ལས་ཁུངས་ནས་ཁ་བྲལ་བའི་ཉིན་དེར། མཉམ་སྒྲོག་རོལ་དབྱངས་ཤིག་ཉན་སར་འགྲོ་བསམ་མོད། ཧ་ཅང་ཨ་ཐང་ཆད་པས་ཕྱིར་ལོགས་ཏེ་དྲོད་ཁོལ་གྱི་གཞིས་ཁྱིམ་འཚོལ་བསམས་པ་ཡིན། འོན་ཀྱང་། ཕྱིར་ཁྱིམ་དུ་ལོགས་དུས་ཁྱིམ་མི་དང་རྨོ་མོ་ཡི་སྐྱོན་བརྗོད་དང་འཁང་ར་ལ་གདོང་ལེན་སྤྲད་དགོས་བྱུང་། ཁོང་ཚོས་ང་རང་ཀླད་སྐྱོན་ཅན་ཞིག་ཏུ་ངོས་འཛིན་བྱས་སོང་། ངས་དངོས་གནས་བཤད་ཤེས་མ་བྱུང་། ཅིའི་ཕྱིར། ལས་ཁུངས་ཀྱིས་ཀྱང་གླ་དངུལ་གྲོན་ཆུང་གི་ཆེད་དུ་ང་རང་ཀླད་སྐྱོན་ཅན་ཞིག་ཡིན་རབས་བཤད་པ་སོགས་དང་ཁྱིམ་མིའི་རྒྱུས་ལོན་མེད་པའི་སྐྱོ་གར་སྣ་ཚོགས་ཀྱིས་ངས་ད་ལྟའི་ཁེར་རྐྱང་གི་འཚོ་བ་འདི་འདེམས་དགོས་ཐུག་པ་ཡིན།
ཁང་རྙིང་བཤིག་སྤོར་བྱས་པའི་ལོ་གཉིས་པ་སྟེ། ༢༠༠༢ ལོར་ང་ལ་ཁང་རྙིང་བཤིག་སྤོར་གྱི་བཀོད་སྒྲིག་གི་འདོན་སྤྲོད་ཅི་ཡང་མེད་པས། ཁྱིམ་མིའི་ཕུའུ་ཏུང་ཁང་རྙིང་ནང་གནས་སྡོད་བྱས་པ་ཡིན། ང་ནི་སྔར་བཞིན་གད་སྙིགས་བསྡུ་སྒྲུག་ལ་འཐད་མོས་ཡོད་པས་དུས་རྒྱུན་གཞན་གྱིས་ཉེན་རྟོག་པར་གཏུགས་བཤེར་བྱས་པ་ཐེངས་བརྒྱད་དང་། ཐེངས་གཉིས་ལ་ཡུལ་དེ་ནས་བདའ་མྱོང་། དེབ་མང་བོ་ཞིག་ཀྱང་སྐབས་དེ་དུས་བོར་བརླག་ཤོར་སོང་།
དེར་བརྟེན་སྤྱི་ལོ ༢༠༠༩ ནས་ངའི་འཁྱམ་ཉུལ་གྱི་འཚོ་བ་འགོ་ཚུགས་པ་རེད། ཟླ་ཕོགས་ཉིས་སྟོང་ལས་གཞན་ད་དུང་ཨ་ཕས་བཞག་པའི་སྒོར་ཁྲི་བཅུ་ལྷག་གི་རྒྱུ་རྫས་ཡོད། ཉིན་མོ་གད་སྙིགས་བསྡུ་སྒྲུག་བྱས་པ་ལས་གཞན་ས་འོག་མེ་འཁོར་དུ་འཚོ་སྡོད་བྱས་པ་ཡིན། དགོང་མོ་ས་འོག་མེ་འཁོར་སྒོ་རྒྱག་གི་ཡོད་པས་མེ་འཁོར་འབབ་ཚུགས་ཀྱི་སྒོ་གླེགས་འོག་ཉལ་གྱི་ཡོད། ཉེ་འཁོར་གྱི་མེ་ཏོག་ར་བ་ལས་གཞན་ངས་ཀྱང་ཁང་པ་དང་འདུག་གནས་ཐེངས་འགའ་བཙལ་མོད། ཀུན་གྱིས་སྒོར་ཕུད་དེ་འདུག་ཏུ་མི་འཇུག
འཁྱམ་ཉུལ་འགོ་བཙུགས་པ་ནས་བཟུང་གླ་ཕོགས་ཉིས་སྟོང་ལས་གཞན། བེད་མེད་ཀྱི་དངོས་རྫས་ཙག་ཙིག་ཕྱིར་འཚོང་བྱས་པ་ཡིན། འདི་ནས་གསལ་བཤད་ཞུ་འདོད་པ་ཞིག་ལ། ངས་ནམ་ཡང་དབུལ་སྐྱོར་གྱི་དངོས་རྫས་ལེན་མྱོང་མེད། ངས་གད་སྙིགས་འཐུ་བའི་གོ་རིམ་ཁྲོད་དུ་སྐབས་རེར། མི་གཞན་གྱིས་ང་ལ་ཟ་མ་རེ་སྟེར་མྱོང་ཡོད། ཧ་ཅང་བཟང་པོ་རེད་བསམ་གྱི་ཡོད། ངས་ངལ་རྩོལ་བྱེད་ཀྱི་ཡོད་པས་ང་ལ་དབུལ་སྐྱོར་དགོས་དོན་མེད། ངའི་གླ་ཕོགས་དང་ཐོབ་དངུལ་ཡོད་ཚད་དེབ་དང་ཁང་གླའི་ཕྱོགས་སུ་བཏང་པ་ཡིན། གལ་ཏེ་ངས་ནུབ་ལྭ་དང་ཀོ་ལྷམ་གྱོན་ནས་གད་སྙིགས་འཐུས་ན་གཞན་གྱི་སྣང་ངོར་ལྷག་ཏུ་ཀླད་སྐྱོན་ཅན་ཞིག་ཏུ་སྣང་རྒྱུ་རེད། གཅིག་བྱས་ན་འདི་འདྲའི་བཙོག་སྣང་གི་བྱད་བརྙན་དང་གཤིས་ཀ་འདི་ཧ་ཅང་འཁྱམ་ཉུལ་པའི་ཐོབ་ཐང་དང་མཐུན་པོ་ཡིན་རྒྱུ་རེད་སྙམ། ལོ་འདི་འདྲིའི་རིང་ལ་རྩིས་བཤེར་ལས་ཁུངས་ཀྱི་འགོ་ཁྲིད་དག་གིས་རྩ་བ་ནས་ང་ལ་འབྲེལ་གཏུག་བྱེད་མྱོང་མེད་ལ། སྲང་ལམ་དུ་འཁྱམས་ནས་ལོ་ངོ་དེ་དག་གི་རིང་ལ་སུ་ཡིས་ཀྱང་ང་ལ་རོགས་སྐྱོར་བྱེད་རོགས་བཤད་མྱོང་མེད། གལ་ཏེ་རྩིས་བཤེར་ལས་ཁུངས་ཀྱིས་ཕྱིར་ལས་ཁུངས་སུ་ཡོང་ཆོག་པ་དང་ཀླད་སྐྱོན་གྱི་ནད་མེད་པར་ངོ་སྤྲོད་བྱས་ནའང་། ང་ཕྱིར་འགྲོ་མི་འགྲོ་དེ་ད་དུང་འདང་རྒྱག་དགོས། ངའི་ཡོང་འབབ་ཡོད་ཚད་ཀྱིས་དཔེ་དེབ་ཉོས་པ་ཡིན། ཉོས་པའི་དེབ་མང་ལ་བོར་བརླག་ཏུ་སོང་བ་དེ་བཞིན་ཧ་ཅང་མང་།
ང་ནི་གནའ་བོའི་རྩོམ་རིག་གཞུང་ལུགས་ལ་བལྟ་རྒྱུ་ཧ་ཅང་དགའ། དཔེར་ན་《战国策》《论语》《朱子家训》ལྟ་བུ་དང་། སྐབས་ལན་རེར་བག་ཕེབས་དང་ཞི་འཇམ་གྱི་དཔེ་ཆ་བཀླག་རྒྱུར་དགའ། 《比如梅兰芳的书》《舞台生活十年 》ཡང་སྐབས་ལན་རེར་ཆེད་སྦྱོང་དཔེ་དེབ་ཀྱི་རིགས་ཀློག་གི་ཡོད། རྒྱུ་མཚན་ཆེད་སྦྱོང་གི་དཔེ་དེབ་ཁྲོད་ན་ཐ་སྙད་སྐོར་ཧ་ཅང་མང་བས་དུས་ཡུན་མང་པོ་ཞིག་བཀོལ་དགོས་ཀྱི་འདུག ལོ་ངོ་འདི་དག་ལ་དེབ་ཁ་ཤས་ཆ་ཚང་བཀླགས་ཀི་ཡོད། ཁ་ཤས་ཐེངས་མ་འགའ་རེ་བཀླགས་པ་ཡིན། ཕལ་ཆེར་དཔེ་དེབ་སྟོང་ཕྲག་ཙམ་བཀླགས་ཟིན་པ་འདྲ། ང་ནི་དཔེ་ཆ་བཀླག་རྒྱུར་རྒྱུ་དགའ། མ་འོངས་པར་མུ་མཐུད་དུ་དཔེ་ཆ་བཀླག་རྒྱུ་ཡིན།
མ་འོངས་པར་བྱ་བཞག་གང་ཞིག་བསྒྲུབ་དགོས་མིན་ཡང་ཤེས་ཀྱི་མེད། ཅིག་བྱས་ན་མུ་མཐུད་དུ་དཔེ་ཀློག་བྱ་རྒྱུ་དང་གད་སྙིགས་འཐུ་རྒྱུ། ད་དུང་སྡོད་ཁང་གྲངས་མེད་ཅིག་འཚོལ་ནས་འདུག་རྒྱུ་བཅས་ཡིན་རྒྱུ་རེད། དོན་ངོ་མ་ངས་ཀྱང་དྲོད་ཁོལ་གྱི་ཁྱིམ་གཞིས་ཤིག་ལ་ཡིད་འཕྲེང་ནས་ཡོད། གཏན་འཇགས་ཀྱི་སྡོད་གནས་དང་གཞི་རྒྱ་ཆེ་བའི་ཁང་པ། རང་གར་དབང་བའི་དཔེ་ཆ་དང་དཔེ་སྒྲོམ། ད་དུང་གང་འདོད་དུ་རི་མོ་འབྲི་བ། བརྙན་འཕྲིན་ཆེན་མོ་ཞིག་ལས་འཇིག་རྟེན་དུ་སྐད་གྲགས་ཆོད་པའི་འཁྲབ་གཞུང་སོགས་ལ་རོལ་མྱོང་བྱེད་པ། གཞི་རྒྱ་ཆེ་བའི་ར་སྐོར་ཞིག་ཏུ་བདག་མེད་གྱི་སེམས་ཅན་མང་པོ་གཉོར་སྐྱོང་བྱེད་པ་སོགས་མང་པོ་ཅིག་ལ་ཡིད་འཁོར་ནས་ཡོད། ད་ལན་གློ་བུར་དུ་སྐད་གྲགས་བྱུང་བར་ང་རང་ཧ་ཅང་ཡ་མཚན་སྐྱེ་བཞིན་ཡོད། ཁོ་ཚོས་ཅིའི་ཕྱིར་ང་ལ་གནའ་བོའི་སློབ་དཔོན་ཞེས་བོས་པ་ཡིན་ནམ། ངས་ཧ་གོ་མ་སོང་། དཔེ་དེབ་ཁ་ཤས་བཀླགས་ཏེ་རིག་གནས་གང་འཚམས་ཤིག་ཐོབ་པ་ལས་ཅི་ཡང་མིན། ད་སྐབས་ང་ཕྱི་རོལ་དུ་འགྲོ་མི་ཕོད་ལ་གཉིད་ཀྱང་མི་ཕོད། ཆུ་ཚོད་ཉེ་བཞིའི་རིང་ལ་མི་ཚང་མས་ངར་བལྟས་བལྟས་བསྡད་འདུག གནས་སྐབས་རྒྱན་བཟོ་མ་བྱས་པའི་སྒོ་འགྲམ་གྱི་ཁང་མིག་ཅིག་ཏུ་གནས་སྡོད་བྱས་ཡོད་ཀྱང་ང་ལ་མཁོ་བའི་འཚོ་བ་དངོས་དེ་འདི་མིན།།
ཁོ་ནི་ལས་བཟང་ཞིག་རེད། རྒྱ་ཡིག་གི་དཔེ་ཆ་རྫོགས་མཐའ་མེད་པ་ཟིག་ཀློག་རྒྱུ་ཡོད། བོད་སྤྲང་ཚོར་མཚོན་ན་ནམ་རྒྱུན་དཔེ་གསར མེད་པའི་སྡུག་བསྔལ་ནི་དམྱལ་བའི་སྡུག་བསྔལ་ལས་ཀྱང་བཟོད་པར་དཀའ།
རྒྱ་རྒན་པ་མགོ་འདིས་དོན་ཆེན་གཉིས་ལྷང་ལ་ཕུད་པ་ནས་སྐད་གྲགས་ཆགས་པ་རེད། དེ་བཞིན་ཁོང་ལ་ཨེ་རླུང་ཁང་གིས་དྲི་བ་དྲིས་ལན་བྱས་པ་རེད། བོད་དོན་ལ་ཡང་ཡག་པོ་བཤད་ཡོད།
འ་ཛི། ཁོ་ནི་སྤྲུལ་སྐུ་ཞིག་ཡིན་པ་འདྲ། མའོའི་ཡང་སྲིད་ཡིན་ནམ། ཡང་ན། ཏིང་ཞ་པོའི་ཡང་སྲིད་དུ་ངོས་འཛིན་ན། ཏག་ཏག་རེད་ཤག ཧ་ཧ། ངའི་འདི་ཡང་། བཅོས་སྒྲུང་ངོ་།།
ཆོ་དེ་ཙམ་མི་འདུག། ཁ་སྟོང་པ་མིན་ཙམ་གྱི་སྐད་ཆ་རེད་འདུག།
Sorry to say.
མི་རེ་ལ་མི་ཚེའི་ལོ་རྒྱུས་རེ་ཡོད་པ་ནས་མི་ཚེའི་དཀའ་སྡུག་གི་
ཀྱག་ཀྱོག་གི་རི་མོ་ཕྱི་ལ་སྟོན་མཁན་ནི་ཕལ་ཆེར་ཉུང་ཉུང་ཉིན་
སྐར་ཙམ་མིན་འགྲོ་ཧཧཧ
མི་ཁྱོད། བུ་དེ་ལ་གདའ། འཁྱམས་ཉུལ་གྱི་མི་ཚེའི་ནང་དུ་དཔེ་དེབ་སྟོང་ཙམ་བཀླག་ཟིན་འདུག