(སློབ་ཕྲུག་ཚོས་འཁྲབ་པའི་འབའ་ཡུལ་གྱི་འཁྲབ་གཞས་ཤིག་ལ་བལྟས་པ།)
གཡུ་དྲུག་དཀར། རྡ་ས།
རྒྱང་བསྒྲགས་ལས་པི་ཝང་གི་འགུག་སྟངས་སྐྱོ་ལྷང་ངེ་བ་ཞིག་ཡུན་གྱིས་གྲགས་ཡོང་བ་དེས། བྲང་ཁོག་གི་སྒོ་ཆེན་ཞིག་དལ་གྱིས་ཕྱེས་སོང་། དབྱངས་འགྲོས་ཀྱི་ཁུག་པ་གཅིག་ལས་གཅིག་ལ་མཆེད་པ་དང་བསྟུན་ནས། རྐང་པ་སྟོབས་ཀྱིས་ཕར་ལ་གཡུག་ཅིང་། ལག་པ་ག་ལེར་ཚུར་ལ་འགུག་པའི་འཁྲབ་སྟངས་ཤིག་འགོ་རྩོམ་པ་དེས་ཀྱང་། འཚོ་བ་ཞིག་གི་གོམ་འགྲོས་ཧ་ཅང་ཉམ་ཆུང་ངང་སེམས་ལ་བཞག་སོང་།
སེམས་པ་དབྱངས་ཀྱི་འགུག་ལུགས་དང་ལུས་ཀྱི་སྟངས་སྟབས་དང་ལྷན་དུ་འགུལ་ནས་འཕར་ནས་འགྲོ་དུས། གར་སྟེགས་དེ་ཕ་ཡུལ་གྱི་གཞི་འཛིན་ཡིན་སོང་། དབྱངས་རྟ་དེ་ཕ་མེས་གྱི་སེམས་སྒྲ་རེད་སོང་། ཉམས་འགྱུར་དེ་ལོ་རྒྱུས་ཀྱི་ཚུགས་ཀ་རུ་ཞེན་པས། སྡུག་སྣང་ལྷང་ངེ་བ་ཞིག་སེམས་བསམ་པའི་གཏིང་ནས། ཤ་རུས་པའི་གསེང་ནས་ཁད་ཀྱིས་གཅུས་ལོག་བརྒྱབས་བྱུང་།
ཞེ་སྨྲེང་བས་མིག་ཟུང་ཁེངས་ནས་ཡོང་དུས། གློ་རྡེག་ཏུ་རྐང་པ་ས་ལ་རྡེབ་ཅིང་ལག་པ་གནམ་ལ་གཡུག་པ་དེའང་སྡུག་ཡུས་ལྕི་མོ་ཞིག་གི་རྣམ་འགྱུར་དུ་མཐོང་ལ། མགོ་གཡུག་གཡུག་དང་ཉྭ་གུག་གུག་གིས་གཡས་བསྐོར་ཞིང་། གོས་ལྭ་མདོག་ཅན་ཞིག་གི་ཕུ་ཐུང་ཤམ་ཤམ་དེ་གནམ་ལ་གཙུབ་ཀྱིན་གཡོན་སྐོར་རྒྱག་པ་ཐམས་ཅད། པི་ཝང་གི་སྒྲ་དབྱངས་སྦོམ་ས་ནས་ཕྲ་ས་རུ་ཐུར་དུ་ལྷུང་བ་དང་བསྟུན་ནས། ཇེ་མགྱོགས་ཇེ་མགྱོགས་རེད་མོད། འགུལ་སྟངས་དེའི་སྟངས་སྟབས་བར་ནས། མངོན་སྟངས་དེའི་ཁ་དོག་གི་ངོགས་ནས། འགུག་སྟངས་དེའི་འདེགས་འཇོག་ཁྲོད་ནས། གནའ་སྔ་མོའི་འཚོ་ཚིས་ཤིག་གི་ཁ་སྟབས་ཡིད་ལ་འཇོག་གི་ ད་སོ་མའི་སེམས་ཁམས་ཤིག་གི་བདེ་སྡུག་སྣང་ལ་ངེས་སོ།།
སེམས་སྐྱིད་པའི་གླུ་དང་ཡིད་དགའ་བའི་བྲོ། འཚོ་བའི་སྐྱོ་སྡུག་གི་ཤ་སྐྱིའི་བར་གྱི་དབྱངས་རྟ་ལ་འཐེན་བཞིན་འཁྲབ་བཞིན། ཕྱི་སྐོར་ཞིག་བརྒྱབས། ནང་སྐོར་ཞིག་བརྒྱབས། སྐོར་བ་ཇི་ལྟར་བརྒྱབས་རུང་། མདུན་ལ་གཅིག་ཡོང་། རྒྱབ་ལ་གཅིག་ནུར། གོམ་པ་གང་ལ་སྤོས་ཀྱང་། ཕྱི་ནང་དང་རྒྱབ་མདུན་ཀུན་པོ་རུ་སྨྲེང་སྐྱོའི་དར་ཐག་རླུང་གིས་འཁུར་འགྲོ། མིག་ཆུས་ནེམ་འགྲོ།
ད་དུང་བཀྲ་ལ་ཤིས་པ་གཅིག་གཉིས་གསུམ། གཡང་ལ་ཁུག་པ་བཞི་ལྔ་དྲུག་ཅེས་ངག་འདར་འདར་གྱིས་མཇུག་བསྡུ་སྟངས་དེའང་། སུ་ཞིག་གི་ཞེ་བསམ་པའི་གཏིང་གི་རེ་འདུན་རྣལ་མ་དང་ཁ་གཡང་དྲོན་མོ་ཡིན་ཨང་།
བདག་གི་ལོ་རྒྱུས་ལགས། དེ་རིང་ངས་འདི་ལྟར་ཁྱོད་ཀྱི་གོམ་འགྲོས་ཤིག་ལ་བལྟས་སོ།།
བདག་གི་ཕ་མེས་ལགས། དེ་རིང་ངས་འདི་ལྟར་ཁྱོད་ཀྱི་སེམས་སྒྲ་ཞིག་ལ་ཉན་ནོ།།
ངས་འདི་ལྟར་ལྟ་བཞིན་ཉན་བཞིན་རང་ཉིད་ཅི་ཞིག་ལས་ཐར་མེད་པའང་དྲན་སོས་བྱུང་། ཡུན་ནས་ཡུན་དུ།།