དགའ་བ་མཇེ་ཕྲུག
ཡིད་བརྙན་ནི་གཙོ་བོ་སེམས་ཀྱི་འཆར་སྣང་ཞིག་ཡིན། ཡིད་བརྙན་གྱི་རོལ་མྱོང་ནི་རང་དབང་དང་ཆེས་གསང་བའི་རང་བཞིན་ཞིག་ཡིན་པས་སུས་ཀྱང་ཚད་འཛིན་དཀའ། སྒྱུ་རྩལ་གྱི་ཁམས་ལ་ཞུགས་མཁན་ཚོས་ཡིད་བརྙན་གྱི་ཁྲོད་ནས་སྙན་ངག་རྩོམ་པ་དང་རི་མོ་འབྲི་བ། རོལ་མོ་དཀྲོལ་བ་སོགས་སེམས་ཀྱི་མཁའ་དབྱིངས་མཚོན་པར་བྱས། འཇིག་རྟེན་འདིའི་མི་ཞིག་ཡིན་ཚེ། ཕོ་མོ་ཕན་ཚུན་ཡིད་བརྙན་ནང་ལ་འཆར་རེས་མ་མྱོང་བ་མེད་མོད། སྐྱེས་པ་ཞིག་གིས་ཡིད་འོང་བུད་མེད་ཀྱི་ལུས་དམར་རྗེན་མར་སྒོམ་ཞིང་ལུས་འབྲེལ་བྱུང་བའི་ཡིད་བརྙན་སྣ་ཚོགས་ཤིག་སེམས་ལ་བསྐྲུན་ཡོད་ངེས། དེ་བཞིན་བུད་མེད་ཚོས་ཀྱང་རང་རང་མོས་པའི་སྐྱེས་པ་དེའི་ལུས་ཀྱི་ཉམས་དང་འཁྲིག་བདེ་སྟེར་བའི་མནོ་བསམ་མང་པོའི་ཡིད་བརྙན་བཟོས་ཡོད། སྐྱེས་པ་ཕལ་ཆེས་བུད་མེད་ཚོའི་ཕྱིའི་ལུས་ཀྱི་མཛེས་སྡུག་དང་། མཐའ་ན་ནུ་འབུར་གྱི་ནང་ངོགས་སོགས་ཀྱང་རེ་རེ་ནས་བསམ་བློས་ཞིབ་འདང་རྒྱག བུད་མེད་མང་ཤེས་ཀྱིས་སྐྱེས་པའི་སེམས་ཁམས་ཀྱི་འཁོས་བབ་དང་ཉམས་འགྱུར་གྱི་རོལ་སྟོབས། འཁྲིག་སྤྱོད་ཀྱི་སྒྱུ་རྩལ་སོགས་ལ་ཞིབ་ལྟ་བྱས། གཙོ་བོ་སྐྱེས་པའི་ནང་གཤིས་ཀྱི་མཛེས་པའི་ཆ་ལ་ཤུགས་ཆེ་བ་བསམ་བློ་གཏོང་གི་ཡོད།
སྤྱིར་ཡིད་བརྙན་བསྐྲུན་རྒྱུ་ནི་ཆེས་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་རེད། ལྷག་པར་དུ་ཆགས་སྲེད་དང་འབྲེལ་བའི་ཡིད་བརྙན་བསྐྲུན་པ་ནི་མིའི་ལྷན་སྐྱེས་སུ་མཆིས་པའི་རྩོལ་བ་དྲག་པོ་ཞིག་ཡིན། སོ་སོའི་གནས་བབ་ཀྱིས་ཟིན་ཐབས་མེད་པའི་གནས་ཚུལ་མང་པོ་ཞིག་ཡིད་བརྙན་གྱི་ཁྲོད་ནས་རོལ་མྱོང་བྱེད་ཆོག སྐྱེས་པ་ཚོས་གློག་བརྙན་འཁྲབ་མཁན་དང་གཞས་མ། འདོད་བརྙན་འཁྲབ་མཁན་སོགས་སྐད་གྲགས་ཅན་གྱི་བུད་མེད་ཚོ་དང་ལྷན་དུ་ལུས་འབྲེལ་བྱུང་བ་དང་དགའ་རྩེར་རོལ་བའི་ཡིད་བརྙན་མང་པོ་བསྐྲུན་ཅིང་། བུད་མེད་ཚོས་ཀྱང་གློག་བརྙན་འཁྲབ་མཁན་དང་གཞས་པ། རྩེ་རིགས་མཁས་ཅན་དང་ཤོམ་སྟོན་པ་ལ་སོགས་པའི་སྐྱེས་པ་དག་སེམས་སུ་ཡང་སེ་སྒོམ་གྱིན་ཡོད། ཡིད་བརྙན་ནང་གི་མི་དེ་སྐད་གྲགས་ཡོད་མེད་ལ་མ་ལྟོས་པར། སེམས་སོང་བའི་མི་སུ་ཞིག་ཡིན་རུང་ཡིད་བརྙན་ཁྲོད་ནས་རང་མོས་ཀྱི་འཇིག་རྟེན་ཞིག་བསྐྲུན་སྟེ་འགྲོགས་ཐབས་བྱས་ཀྱི་ཡོད། ངས་རྣམ་ཀུན་ཉི་ཧོང་བའི་འདོད་བརྙན་མང་པོ་ཞིག་ལ་ཡི་རངས་བྱས་པ་ཡང་རྒྱུ་མཚན་འདི་དང་འབྲེལ། ཁོང་ཚོའི་འདོད་བརྙན་མང་པོ་ཞིག་ལ་མིའི་ནང་གཤིས་དང་འཚམས་པའི་འཁྲབ་རྩལ་ལྡན་པས་ལྟད་མོ་བའི་སེམས་སུ་སྣང་བརྙན་གསོན་པོ་ཞིག་བསྐྲུན་གྱིན། འདོད་བརྙན་གྱི་དུས་ཡུན་རིང་ཞིང་བརྙན་རིས་རེ་རེའི་ཁྲོད་ན་གསང་སྒྲུང་དང་བརྒྱུད་རིམ་ཞིག་ལྡན་པས་བྲོ་བ་དམིགས་བསལ་ཞིག་མཆིས། དཔེར་ན། སྐྱེས་པ་ལས་ཁུངས་ལ་ཕྱིན་རྗེས། ཆུང་མས་ཁྱོ་གའི་ཕ་དང་འགྲོགས་པ་དང་ཁྱིམ་མཚེས་སྐྱེས་པ་དང་ལྐོག་ནས་གཡབ་རེས་བྱས་པ། ཡང་ན་ཚགས་ཤོག་སྐྱེལ་མཁན་དང་ཁ་མཐུན་པ། གཞའ་རེས་ཡིབ་རེས་ཀྱི་ཁྲོད་ནས་གཡབ་རེས་བྱས་ཏེ་ང་ཚོ་ལྟད་མོ་བའི་སེམས་སུ་ཆེས་བཅོས་མིན་གྱི་ཚོར་བ་ཞིག་སྟེར་ནུས།
སྤྱིར་གློག་བརྙན་དག་ནི་བཅོས་མ་ཞིག་ཡིན་རུང་། གློག་བརྙན་འཁྲབ་རྩལ་ཉིད་མིའི་སྤྱི་ཚོགས་ཀྱི་ཁམས་དང་ཁ་ཐག་ཉེ་མ་ཉེའི་ཁྱད་པར་ཞིག་ལོས་ཡོད། ནུབ་ཕྱོགས་པ་དེ་ཚོས་འཁྲབ་པའི་འདོད་བརྙན་དག་ནི་ས་ཆ་ག་གེ་མོ་ཞིག་ལ་བྱུང་བ་དང་རྒྱུ་མཚན་གང་ཡང་མེད་པར་འར་སྒྲ་འུར་སྒྲ་བྱས་ཏེ་བརྙན་རིས་སུ་ཕབ་པས། འདོད་བརྙན་དེས་མའི་སེམས་ཁམས་ལ་སྒུལ་ཤུགས་དེ་ཙམ་སྟེར་མི་ནུས། ང་ཚོ་བུད་མེད་ཅིག་དུས་ཡུན་གང་ཙམ་གཤིབ་མྱོང་མཁན་གྱི་སྐྱེས་པ་ཉམས་མྱོང་ཅན་ཞིག་ཡིན་ཚེ། འཁྲིག་སྤྱོད་གཙིགས་སུ་འཛིན་པའི་འདོད་བརྙན་རིགས་ལྟ་རྒྱུར་དེ་ཙམ་གྱི་སྤྲོ་སྣང་མི་སྟེར་བར། འདོད་བརྙན་གང་ཞིག་བྱུང་བའི་བརྒྱུད་རིམ་དང་རྒྱབ་ལྗོངས་ཡོད་པའི་རིགས་ལ་ལྷག་ཏུ་སྤྲོ་བར་བྱས། དེ་ཡང་མིའི་བསམ་སྤྱོད་ཀྱི་འཕེལ་རིམ་འཕོ་འགྱུར་བྱུང་བས་ཡིན་པ་ར་སྤྲོད་བྱས་ཡོད། ནུབ་ཕྱོགས་པའི་འདོད་བརྙན་གྱིས་ལྟད་མོ་བར་སྣང་བརྙན་གསོན་པོ་ཞིག་འཇོག་མི་ནུས་པས། ལྟད་མོ་དེའི་རིགས་ལྟ་བར་སྤྲོ་སྣང་སྐྱེ་དཀའ་ཞིང་བརྗེད་ཀྱང་སླ་བ་ཡིན། འོན་ཀྱང་ཉི་ཧོང་བའི་འདོད་བརྙན་དེ་ཚོས་སྙན་ངག་པ་ཞིག་གི་སྙན་ངག་བཀླགས་པ་བཞིན། ལྟད་མོ་བའི་བློ་ལ་སྣང་བརྙན་གསལ་ལྷེམ་མེ་ཞིག་ཤུགས་ཀྱིས་འཇོག་ཡོང་། སྣང་བརྙན་དེ་དག་འཕྲལ་ཙམ་མིན་པར། དུས་རྒྱུན་ལམ་ལ་འགྲོ་ཞོར་དང་མལ་ལ་ཉལ་ཁད་ཀྱི་མཚམས་སུ་ཡང་བློ་ངོགས་སུ་འཆར་རྒྱུ་ཡོད་པའི་སྣང་བརྙན་གསོན་པོ་དག་དག་རེད།
ངས་འདི་ནས་ཉི་ཧོང་བའི་འདོད་བརྙན་བཤད་ཚེ། ཁོང་ཚོའི་འདོད་བརྙན་ཡོད་ཚད་ལ་གོ་ན་མི་ཡོང་སྟེ། ཁོང་ཚོའི་འདོད་བརྙན་ལའང་རིགས་མང་། རིགས་གཅིག་དེང་སང་ནུབ་ཕྱོགས་ཀྱི་རྣམ་པའི་སྒོ་ནས་འཁྲབ་པ་དང་ཅིག་ཤོས་ནི་ཉི་ཧོང་བའི་དམིགས་བསལ་ཁྱད་ཆོས་མཚོན་ཆེད་ཀྱི་ལྟད་མོའི་རིགས་གཅིག་རེད། མ་གཞི་ང་ཚོ་མི་སྒེར་གྱི་འདོད་མོས་ལོས་ཡིན། གང་ཞིག་ལ་སྤྲོ་ཞིང་སུ་ཞིག་ལ་སུན་པ་རང་ཉིད་ཀྱི་བདམས་ཁ་རེད། ངས་ཉི་ཧོང་བའི་བརྩེ་དུང་དང་མཛའ་འབྲེལ་རང་བཞིན་གྱི་འདོད་བརྙན་དག་ལ་ལྷག་པར་མོས་འདུན་ཆེ། འདོད་བརྙན་དེ་དག་ནི་སྣང་བརྙན་གྱིས་གཏམས་པའི་སྙན་ངག་ཅིག་རོལ་མྱོང་བྱེད་པ་དང་ཁྱད་པར་དེ་ཙམ་མ་མཆིས། འདོད་བརྙན་དེ་ཚོའི་མཛེས་པ་རོལ་མྱོང་བྱེད་རྒྱུ་ནི་སྐབས་རེ་བུད་མེད་ཅིག་དང་དངོས་སུ་འགྲོགས་པ་ལས་ཀྱང་སྐྱིད་སྣང་ཆེ་བ་ཚོར་ཆོག་པ་ཡིན།