རིག་འཛིན།
ལྷ་གཅིག་གངས་རིའི་ལྷ་སྐལ།།
སྲིད་གསུམ་ཕྱག་ན་པད་མོ།།
དགུང་གྲངས་དོན་དྲུག་ཕེབས་པར།།
འཁྲུངས་སྐར་གླུ་དབྱངས་འབུལ་ལོ།།
འཕགས་མཆོག་འཇིག་རྟེན་མགོན་པོ།།
གངས་ཅན་བོད་ཀྱི་དབུ་འཁྲིད།།
མཛད་འཕྲིན་དབྱར་མཚོ་རྒྱས་པར།།
གཏམ་བཟང་གླུ་དབྱང་ལེན་ཤོག།།
འཛམ་གླིང་ཞི་བདེ་དེད་དཔོན།།
འགྲོ་བ་ཡོངས་ཀྱི་བཙུགས་ནོར།།
ཞི་བདེའི་མཛད་བཟང་སྐྱོང་བར།།
དགའ་བའི་ཞབས་གཞས་སྐྱོན་རོགས།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས།།
གངས་ཕྲུག་བོད་མིའི་སྙིང་ནོར།།
སྐུ་ཚེ་བསྐལ་བརྒྱར་རྟེན་པའི།།
སྨོན་འདུན་གླུང་དབྱངས་འབུལ་ལོ།།
བྱམས་དང་སྙིང་རྗེ་བདག་ཉིད།།
རྒྱལ་བ་ཐམས་ཅད་མཁྱེན་པའི།།
བཀའ་དགོངས་ཚུལ་བཞིན་བསྒྲུབ་པའི།།
དམ་བཅའ་སྒོར་གཞས་ཁྲོབ་ཤོག།།
བསིལ་ལྡན་གངས་རིའི་ལྗོངས་ཀྱི།།
རྒྱལ་བ་ཡབ་སྲས་རྣམས་གཉིས།།
ཞལ་འཛོམས་མྱུར་དུ་གནང་ནས།།
བོད་མིའི་བསམ་དོན་འགྲུབ་ཤོག།།
མདོ་སྨད་ཤར་རིའི་རྩེ་ནས།
གསེར་གྱི་ཉི་མ་ཤར་སོང་།
ཉི་མའི་གཟི་འབྱིན་འོད་ཀྱིས།
འཛམ་གླིང་མུན་པ་བསངས་སོང་།
ཕ་གཅིག་གྲུ་འཛིན་མགོན་པོ།
ཁ་བའི་ལྗོངས་ཀྱི་རྒྱན་རེད།
གངས་ལྗོངས་་ས་ཡ་དྲུག་གི།
འདི་ཕྱིའི་ལམ་སྟོན་ཁྱེད་ཡིན།
འདུལ་དཀའི་ཁ་བའི་ལྗོངས་འདི།
སངས་རྒྱས་གཞན་གྱིས་སྤང་དུས།
མགོན་ཁྱོད་ཐུགས་སྟོབས་བཙན་པོས།
སྐྱོང་བ་བདག་གིར་བཞེས་སོང་།
འཕགས་མཆོག་ཕྱག་ན་པདྨོ།
མི་ཡིས་གཟུགས་སུ་ཤར་པ།
༧སྐྱབས་མགོན་ཆེན་པོའི་སྐུ་ཚེ།
འོད་མཚན་མགོན་པོར་བརྟན་ཤོག
ཡངས་པའི་འཛམ་གླིང་འདི་ན།
འཚེ་བའི་ལས་ངན་མང་བས།
འགྲོ་རྣམས་ཡིད་ཐང་ཆད་དེ།
ཅི་བྱ་གཏོལ་མེད་གྱར་དུས།
བདེ་བའི་དབུ་འབྱིན་གསོ་བྱེད།
༧སྐྱབས་མགོན་ཁྱོད་ལས་སུ་མཆིས།
འཛམ་གླི་ཆེ་དགུ་ཀུན་གྱིས།
གཙུག་གི་ནོར་བུར་བཀུར་དུས།
མི་སྲུན་རྒྱ་དམར་ཀླ་ཀློ།
མི་བཟོད་རྐན་དགྲ་སྒྲོགས་སོ།
དེང་རབས་ཚན་རྩལ་མཁན་པོས།
ཁེངས་པའི་སྤོབ་པ་དོར་ཏེ།
མགོན་ཁྱོད་མཁྱེན་པའི་ཀློང་གི།
ནོར་བུ་རྐུ་ལ་འབད་ཀྱི།
ལག་ཟུང་ཐལ་མོ་སྦྱར་ཏེ།
ལྷ་ལ་གསོལ་བ་བཏབས་ཡོད།
མགོན་པོ་སྙིང་རྗེའི་གཏེར་ཁྱོད།
སྐུ་ཚེ་ཡུན་དུ་བརྟན་ཤོག
ཤེས་རབ་ཀྱི་བང་མཛོད། བྱམས་བརྩེ་ཡི་བདག་པོ། དྲང་བདེན་གྱི་རྒྱལ་པོ། ཚུལ་ཁྲིམས་ཀྱི་སྟོན་པ། འཇིག་རྟེན་གྱི་མ་མ། མཁའ་ཁྱབ་ཀྱི་ཉི་མ། སྲོག་ལྡན་གྱི་མགོན་སྐྱབས་ལགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་བཅས།
དྲ་གྲོགས་རྣམས་གཉིས་ཕེབས་པར་འཚམས་འདྲི་ཞུ།
༧ མགོན་པོ་གང་གི་སྐུའི་འཁྲུངས་སྐར་ལ་སྨོན་འདུན་གླུ་དབྱངས་ལེན་པར་ཐུགས་རྗེ་ཆེ།
དགའ་ལ་སྟོན་བརྒྱ་མཐོང་ཤོག
སྐྱིད་ལ་ལོ་བརྒྱ་ཐུབ་ཤོག
དགའ་སྐྱིད་འཛོམས་པའི་ཉི་མ།
གྲུ་འཛིན་ཀློང་ནས་འཆར་ཤོག
སྤོ་མཐོན་གསེར་གྱི་སྐུ་ལ།
མཁྱེན་བརྩེའི་སྤྲིན་སྤུང་འཁྲིགས་སོང
དྲུག་ཅུའི་གསུང་གི་སྒྲ་རྒྱལ།
ཡངས་པའི་རྒྱལ་ཁམས་བཀང་སོང།
སྐུ་ཡི་བ་སྤུ་རེ་ནས།
མཁྱེན་བརྩེའི་འོད་ཟེར་སྤྲོས་བྱུང།
འགྲོ་བློའི་སྨག་གི་མུན་པ།
སེལ་མཛད་ས་གསུམ་མགོན་པོ།
མི་བཤིག་གཡུང་དྲུང་ཁམས་སུ།
བརྟན་པའི་སྨོན་ལམ་བཏབ་ཡོད།
ཨེ་མ་ཧོ་དགེའོ་དགེའོ་རབ་ཏུ་དགེ།
འཇིག་རྟེན་གསུམ་གྱི་མགོན་པོ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཁྱེད་ཀྱི་གསང་གསུམ་གྱི་མི་མཐུན་མཚན་མའི་བགེགས་རྣམས་མིང་མེད་དུ་ཞི་ནས་བདག་ཅག་བུ་སློབ་ཡོངས་ཀྱི་བསོད་སྐལ་དུ་ནམ་ཡང་ནུབ་པ་མེད་པར་སྐུ་ཚེ་བརྒྱ་ཕྲག་ནས་བརྒྱ་ཕྲག་ཏུ་བཞུགས་པའི་སྨོན་ལམ་ཙི་ཏའི་གུར་ཁང་གི་ཀློང་ནས་གཡོ་མེད་དད་པས་ཕུལ་བ་ལགས་ན་སྨོན་པ་ཅི་བཞིན་འགྲུབ་པའི་གསོལ་འདེབས་ཕུལ་བར་མཆོག་གསུམ་དམ་ཅན་རྒྱ་མཚོས་ནམ་ཡང་གཡེལ་བ་མེད་པར་སྲུང་ཤིག་ཀྱེ།
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
བོད་མིའི་བལྟ་བའི་མིག་དང་ ཁོག་པའི་སྙིང་གི་དབུ་འཁྲིད་ ༧ གོང་ས་ཡིད་བཞིན་ནོར་བུ་མཆོག་གི་སྐུའི་འཁྲུངས་སྐར་ལ་བརྟེན་འབྲེལ་གྱི་བཀྲིས་བདེ་ལེགས་ཞུ་ལེ་དང་འབྲེལ་ ༧ གོང་ས་མཆོག་སྐུ་ཁམས་བདེ་ཞིང་ སྐུ་ཚེ་བརྟན་པའི་ངང་ ཐུགས་ཀྱི་དགོངས་དོན་ཐ་དག་འགྲུབ་པའི་སྨོན་ལམ་ཞུ་།།