གསེར་རྟ་ཚུལ་ཁྲིམས་འོད་ཟེར།
༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག །
རྒྱལ་ཀུན་བརྩེ་ཆེན་སྤྱན་རས་གཟིགས་དབང་ཡོངས་རྫོགས་བསྟན་འགྲོའི་མགོན་སྐྱབས་སུ། །
གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་རྒྱ་མཚོ་ལྟར་ཟབ་མཛད་འཕྲིན་གྱིས། །
སྲིད་གསུམ་ཞི་བདེའི་དཔལ་དུ་དབང་བསྒྱུར་ཀུན་ཕན་མཁྱེན་བརྩེ་ནུས་པའི་གཏེར། །
མཚུངས་མེད་གཏན་གྱི་སྐྱབས་གཅིག་དཔལ་ལྡན་རྩ་བའི་བླ་མའི་སྡེ་དེར་འདུད། །
འཇིག་རྟེན་ཞེས་བྱའི་གོ་ལའི་ཁྱོན་ན་སྐྱེས་སྦྱང་ལྷག་བསམ་ཉིན་བྱེད་བརྒྱའི། །
གཟི་བྱིན་ཉིན་ལྟར་བླ་ན་འབར་བའི་སྤྱན་རས་གཟིགས་དབང་བཅུ་བཞི་བ། །
བསྐལ་མང་བསགས་པའི་སྤྱི་མཐུན་དགེ་བས་ཁྱོད་སྐུ་འགྱུར་མེད་རྟག་བརྟན་ཞིང་། །
ཀུན་ཕན་རླབས་ཆེན་བཞེད་དོན་གེགས་མེད་ལྷུན་གྱིས་འགྲུབ་པར་སྨོན་ལམ་འདེབས། །
འཆད་རྩོད་རྩོམ་པའི་ཆུ་འཛིན་ཀློང་ན་ཁྱེད་ལས་ལེགས་བཤད་འདོད་རྒུར་འཇོ། །
ཐོས་བསམ་སྒོམ་པའི་མཛད་བཟང་ཁྲོད་ནས་ཁྱེད་ལས་གྲུབ་པའི་མཚན་མ་མང་། །
གངས་ལྗོངས་ལུགས་གཉིས་དབུ་ཁྲིད་གནང་བཞིན་སྤྱི་ཚོགས་བདེ་དོན་འབའ་ཞིག་ལས། །
རང་ཉིད་སྒེར་གྱི་ཁེ་འདོད་སྤུ་ཙམ་ཁྱེད་ལ་མེད་འདི་ངོ་མཚར་ཕུལ། །
འོན་ཀྱང་བསམ་ཞིང་བསམ་ན་ས་འདིར་དྲི་བྲལ་ཐུབ་བསྟན་མདོ་སྔགས་ཟུང་། །
འཛིན་ཞིང་སྐྱོང་བའི་མངའ་བདག་ཁྱེད་གཞན་རི་རྭའི་སྤུན་ཟླར་གྱུར་བས་ན། །
རང་དོན་དོར་ནས་གཞན་དོན་ལྷུར་ལེན་ཤཱཀྱའི་རང་ལུགས་དྲི་མེད་ཕྱིར། །
ཀླུ་སྒྲུབ་འཕགས་པ་ལྷ་ལྟར་དེ་ནི་བསྟན་འཛིན་ཆེན་པོའི་ལུགས་སུ་སེམས།