ཨེ་མ་ཧོ།
༧རྒྱལ་དབང་༧ཞེ་ཆེན་པ་རབ་འབྱམས་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བའི་རྟེན་འབྲེལ་དཔག་བསམ་ལྗོན་བཟང་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་རཏྣ་ཏྲ་ཡ་ཡ།
དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད།།
རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་པདྨ་འབྱུང་།།
སྐུ་གསུམ་བསྟན་པའི་བདག་པོ་ཆོས་ཀྱི་རྗེ།།
རིགས་གསུམ་ཀུན་འདུས་ཡིད་བཞིན་ནོར་བུ་རྒྱལ།།
ཀ་མ་ལ་ལྟར་ཐུགས་བསྐྱེད་རྨད་བྱུང་བས། །
ཁ་བའི་ལྗོངས་ཀྱི་ཞྭ་ལྷམ་རབ་འབྱམས་པ། །
ག་ས་གང་དུ་མཛད་ཕྲིན་མཚུངས་མེད་པའི། །
ང་ཚོའི་སྐྱབས་གནས་དམ་པ་རྟག་ཏུ་རྒྱལ། །
ཅ་དག་མཚན་དཔེས་རྒྱན་པའི་རྒྱལ་བའི་སྲས། །
ཆ་ཤས་ཡོན་ཏན་དཔལ་ལྡན་སྤྲུལ་པའི་སྐུ། །
ཇ་ཆང་ལོངས་སྤྱོད་ལྷུན་གྲུབ་གཡང་དྲུང་དཔལ། །
ཉ་གང་ཟླ་བཞིན་འཁོར་འདས་ཀུན་རྫོགས་རྒྱལ། །
ཏ་ཐྰ་ག་ཏའི་རྒྱལ་ཚབ་རིན་པོ་ཆེ། །
ཐ་དག་འགྲོ་ལ་ཕན་བདེའི་ཕྱག་རྒྱ་ཅན། །
ད་འདས་མ་འོངས་བསླུ་མེད་དགེ་འདུན་མཆོག །
ན་མོ་སྐྱབས་གནས་དམ་པ་དུས་ཀུན་རྒྱལ། །
པ་ར་མི་ཏའི་བྱང་ཆུབ་སྤྱོད་པར་འཇུག །
ཕ་མེས་རིག་གཞུང་འཛིན་པའི་ལམ་སྟོན་རྗེ། །
བ་ཀུ་ལ་ལྟར་གནས་བརྟན་རབ་འབྱམས་པ། །
མ་ལུས་འགྲོ་བའི་མགོན་པོ་བརྟན་དུ་རྒྱལ། །
ཙྭ་རི་གནས་ཡུལ་འགྲིམས་པའི་རྣལ་འབྱོར་པ། །
ཚ་གྲང་དཀའ་སྤྱོད་གནང་བའི་མཁས་གྲུབ་རྗེ། །
ཛ་ཡའི་ཕྲིན་ལས་སྒྲུབ་པའི་རིག་པ་འཛིན་། །
ཝ་ལེར་ཡིད་ལ་འཆར་ཚེ་དད་གུས་རྒྱལ། །
ཞྭ་ལྷམ་རབ་འབྱམས་རྒྱལ་བའི་ཡང་སྲིད་མཆོག །
ཟ་ཧོར་རྒྱལ་པོའི་ཡང་སྤྲུལ་རྒྱལ་དབང་ཆེ། །
འ་ཅག་འདྲེན་པའི་དེད་དཔོན་རྡོ་རྗེ་འཆང་། །
ཡ་མཚན་ཀུན་བཟང་བླ་མ་རྣམ་ཀུན་རྒྱལ། །
ར་ལྟར་གྱོང་བའི་སྙིགས་ལྔའི་སེམས་ཅན་ལ། །
ལ་རྒྱའི་དམ་ཆོས་སྟོན་པའི་བཀའ་གཏེར་བདག །
ཤ་ཚ་རྗེས་འགྲོ་ཁམས་འདུལ་མཛད་མཁན། །
ས་ཐོབ་སེམས་དཔའ་ཆེན་པོ་གཙུག་ན་རྒྱལ། །
ཧ་ཅང་གྲགས་པའི་ཡེ་ཤུའི་སྐྱེ་སྐར་དང་། །
ཨ་ལེགས་ཞེ་ཆེན་འཁྲུངས་པའི་དུས་བཟང་ལ། །
ཨི་ལྡན་དབྱངས་གསལ་རྒྱན་པའི་མཆོད་པ་འདི། །
ཨུ་ཚུགས་མིན་པར་མགྲིན་པའི་ལམ་ནས་ཐལ། །
ཨེ་མ་ལུང་རྟོགས་བཤད་སྒྲུབ་སྤེལ་བ་ལ། །
ཨོ་རྒྱན་པདྨའི་རྒྱལ་ཚབ་མཁྱེན་བརྩེའི་གར། །
ཕན་བདེའི་འོད་སྣང་འཇོ་བའི་རིན་པོ་ཆེ། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་མགོ་ཟླའི་ཚེས་བཟང་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་རྒྱལ་དབང་ཞེ་ཆེན་པའི་སྐུ་འཁྲུངས་སྐར་ལ་སྔ་འགྱུར་བསྟན་པའི་ཆོས་སྨྲ་བ་ཤྲྰིཿ་ཨེ་མ་ཧོས་གང་དྲན་རྟེན་འབྲེལ་འཚམས་རྟགས་སུ་དབྱིན་ཡུལ་ཨེ་ཝྃ་སྨན་ཁང་ནས་ཕུལ་བར་དགེའོ། དགེའོ། དགེའོ།།
བཀྲ་ཤིས་བདེ་ལེགས
སྐྱབས་རྗེ་༧ ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ་་་་
བོད་ལ་མིང་དོན་མཚུངས་པའི་རྒྱལ་བ་ཅིག་མ་ཏོག་མེད།
སྔ་འགྱུར་བ་ཡོངས་ལ་ཕུལ་བའི་གཏམ་གལ་ཆེན་ཞིག ‘
སྤྲུལ་སྐུ་ཨོ་རྒྱན་ཉི་མས
སྔ་འགྱུར་རྙིང་མ་པའི་དབུ་འཛིན་གྱི་ཐད་ལ་བསམ་བློ་ཅུང་ཟད་མ་བཏང་རང་གཏོང་རེད། ང་རང་ཉིད་རྙིང་མའི་གྲལ་མཐར་དུ་ལུས་པའི་སེམས་ཅན་ཞིག་ཡིན། དེ་ཕྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་དུ་རྙིང་བསྟན་འདི་ལ་གོད་ཆག་འབྱུང་ན་སེམས་པ་སྐྱིད་པོ་མི་འདུག བོད་ཀྱི་སྔ་འགྱུར་བའི་བསྟན་པ་ལ་སེམས་ཁྲལ་མེད། ང་སེམས་ཁྲལ་ཆེ་ཤོས་དེ་བཙན་བྱོལ་ནང་ལ་ཡིན། འགའ་ཞིག་གིས་དྲན་ན་རྙིང་མ་ཚོར་དཔལ་འབྱོར་ནི་འདུག མི་ནི་མང་པོ་འདུག དགོན་པ་ནི་ཆེན་པོ་འདུག ད་རྙོག་དྲ་བཤད་བསྡད་པ་དེ་ཁོ་རང་གིས་མ་འཇོན་པ་དང་། མ་ཤེས་པ་ལ་བརྟེན་ནས་ཕྲག་དོག་དང་། འགྲན་སེམས་ཀྱིས་ལོས་ཡིན་དྲན་སྲིད་པ་རེད། ངོ་མ་རེད་དགོན་པ་དང་། མི་ཚོགས་མང་པོ་ཡོད་པ་དེ་ཡང་ངོས་ལེན་ཡོད། རེད་དེ་འདུ་ཁང་ཆེན་པོ་དང་། མི་མང་པོ་བསྟན་པ་མ་རེད། བསྟན་པ་ལུང་རྟོགས་གཉིས་རེད། དེ་ཙམ་དུ་མ་ཟད་སྔ་འགྱུར་བའི་བླ་བརྒྱུད་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་ བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ལ་ བསམ་བློ་བཏང་བ་ཡིན་ན། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ་རྐྱང་རྐྱང་ཡིན། སྔ་འགྱུར་བའི་བསྟན་པ་འཛིན་མཁན་གྱི་དམ་པ་གོང་མ་དག་ནི་མི་གཞན་ཞིག་གིས་བསྐོས་ པ་མ་ཡིན་པར། རང་འགུལ་གྱིས་མཁས་གྲུབ་གཉིས་ལྡན་གྱི་ཡོན་ཏན་ཚང་བའི་དགེ་བའི་བཤེས་གཉེན་ཤ་ སྟག་ཡིན། བཙན་བྱོལ་ནང་དུ་ཆོས་སྡེ་སྤྱི་དང་། གོང་ས་མཆོག་གིས་ཆོས་བརྒྱུད་ཀྱི་དབུ་ཁྲིད་བསྐོས་པའི་སྲོལ་ཞིག་བྱུང་བ་རེད། ༧བདུད་འཇོམས་རིན་པོ་ཆེ་ནས། ད་ལྟའི་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བར་བླ་མ་ཚད་ལྡན་ཁོ་ན་ལས། འདི་དམན་པ་ཡིན་བསམ་པ་གཅིག་ཀྱང་མེད།
ད་འདི་ནས་མན་ལྟ་དུས་དབུ་ཁྲིད་མ་བསྐོས་པར་རང་ངོས་ནས་དམ་པའི་སྐྱེས་བུ་ཞིག་རང་སྟོབས་ཀྱིས་བསྟན་པ་འཛིན་སོང་ན་དགའ་འོས་པ་ཞིག་རེད། དེ་མིན་སྐྱེས་བུ་ཚད་ལྡན་ཞིག་དང་། བསྟན་པ་ལ་ལྷག་བསམ་ཡོད་མཁན་ཞིག་གི་ཕྱག་ཏུ་མི་འགྲོ་བར་ཁྲམ་པ་ཕུང་གསུམ་པ་ཞིག་གི་ལག་ཏུ་འགྲོ་ཉེན་ཆེན་པོ་འདུག དེ་ཕྱིར་ངས་ཕུང་གསུམ་པའི་སྐོར་བཤད་ནས་ལོ་གཉིས་ལྷག་འགྲོ་སོང་། གྲུབ་འབྲས་རྒྱ་ཆེན་པོ་ཟེར་ན་དེ་རེད་དེ་མི་དམན་པ་ཐོབ་ཡོད། སྔ་འགྱུར་བའི་དབུ་འཛིན་དེ་བཙན་བྱོལ་ནང་རང་ནས་བསྐོས་དགོས་ན། རྗེས་མ་༧བྱ་བྲལ་རིན་པོ་ཆེ། ༧རྡོ་གྲུབ་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ། མཁན་ཆེན་རྣམ་གྲོལ། གཡང་ཐང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ། ནམ་མཁའ་སྙིང་པོ། མཁོ་ཁྱིམ་རིན་པོ་ཆེ། རི་འགོ་སྤྲུལ་སྐུ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ། དགོན་བྱང་རིན་པོ་ཆེ་སོགས་ངས་མ་ཤེས་པ་འགའ་ཞིག་ཡོད་སྲིད་པ་རེད། དེ་ལས་གཞན་༼བལ་ཡུལ༽ཞེ་ཆེན་རབ་འབྱམས་དང་། ༼རྒྱ་གར༽སྨིན་གླིང་མཁན་ཆེན། ༼རྒྱ་གར༽དཔལ་ཡུལ་གྱང་ཁང་གསུམ་ལ་ངོས་ལེན་གཏན་ནས་མེད། ཀ་ཐོག་༼བལ་ཡུལ༽དགེ་རྩེ་ལ་ངས་རེ་བ་གསེར་འདྲ་བོ་ཞིག་བཅས་ཏེ། བླ་རྒན་སྐུ་བསྒྲེས་རྣམ་པ་མ་བཞུགས་རུང་ཁོས་འཇོན་ས་རེད་དྲན་ནས་རེ་བ་ཆེན་པོ་ རྒྱག་ཡོད། ན་ནིང་ངའི་༼ཆོག་ཤེས་༽ཀྱི་དེབ་ནང་དགེ་རྩེ་ལ་བསྟོད་པ་བྱས་པར་ངོ་བརྒོལ་བྱེད་ མཁན་ཁ་པར་དང་། ཡི་གེ་གཉིས་ཀྱི་ལམ་ནས་མང་པོ་བསླེབ་སོང་མོད། ངས་ད་དུང་ཡིད་ཆེས་ཆ་ཚང་བྱས་མེད། ཁོ་རང་ལ་གཏུག་བཤེརབྱེད་དགོས་དྲན་ནས་བསྡད་ཡོད། གལ་སྲིད་ཁོ་ཚོས་བཤད་པ་ལྟར་བདེན་ན་ཁྱོད་ཀྱི་སྙིང་ཁྲག་མ་གཟའ་དམ་གསུམ་གྱིས་ མཆོད་ཅིག དེ་དང་འདྲ་བ་ཚོ་དབུ་འཛིན་ལ་ངོས་ལེན་གཏན་ནས་མེད། ༧བདུད་འཇོམས་དང་། ༧མཁྱེན་བརྩེ་ཡང་སྲིད་གཉིས་ད་ལྟ་སྐུ་ན་ཕྲ་བས། སློབ་གཉེར་གནང་བའི་དུས་ཚོད་རེད། ངས་བདུད་འཇོམས་ཡང་སྲིད་བྱིས་པ་ཡིན་དུས་མ་གཏོགས་མཇལ་མ་མྱོང་མོད། མཁྱེན་བརྩེ་ཡང་སྲིད་ལ་དགེ་འདུན་སྡེ་གཉིས་གང་རུང་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད།
ངས་ཕུང་གསུམ་པ་ཞེས་མང་པོ་བཤད་འདུག་པ་ལ་ རྒྱུ་མཚན་མང་པོ་ཡོད། བོད་མི་རིགས་དང་། ཆོས་བརྒྱུད། འཛམ་གླིང་མི་རིགས་སྤྱི་ལ་ཕན་གནོད་ཆེན་པོ་འགྲོ་བཞིན་པ་ལ་བརྟེན་ནས་བཤད་བཞིན་ ཡོད། ཕུང་གསུམ་པ་དེ་ཚོ་ཁོ་རང་ཕུང་གསུམ་པ་ཡིན་པར་མ་ཟད། ཞབས་འདྲིང་ཕུང་གསུམ་པ། གྲོགས་པོ་ཕུང་གསུམ་པ། འཁོར་ཕུང་གསུམ་པ། བསྟོད་ཡུལ་ཕུང་གསུམ་པ། ཚང་མ་ཕུང་གསུམ་པ་བསྒྱུར་བཞིན་པ་རེད། དེ་ཕྱིར་ཕུང་གསུམ་པ་གཏེ་བོ་ཚོ་རྩ་མེད་མ་གཏོང་ན་ཆོས་བརྒྱུད་ཅིག་རྩ་མེད་དུ་ གཏོང་ངེས་རེད། ང་ལ་འགའ་ཞིག་གིས་ཁོ་ཚོར་སྡོམ་པ་མེད་ན་ཡང་ཆོས་གོས་གོན་བསྡད་ན་ཡག་པོ་རེད། ཆོས་བརྒྱུད་གཞན་པ་ཚོའི་ངོར་ཡག་པོ་ཡོད་རེད་ཟེར། ངོ་མ་གཟན་ཤམ་གོན་པ་ཙམ་ལས་ཆོས་ལ་ལྷག་བསམ་རྩ་བ་ནས་མེད་པའི་སྐད་ཆ་རེད། དེ་དག་རང་རང་གི་དགོན་པས་ངོས་ལེན་བྱེད་མིན་དང་། ཁྲི་ཐོག་ལ་བཞག་མིན་སོ་སོའི་འདོད་པ་རེད། དོན་ངོ་མ་བསམ་ན་རྡོར་གདན་སྨོན་ལམ་ཁྲི་རྩ་ནས་རྐང་པ་གཅོག་དགོས་ས་རེད་བསམ་པ་ ཡང་ཐེངས་མང་དྲན་སོང་། གང་ཡིན་ཞེ་ན་སྔ་འགྱུར་རྙིང་མའི་ཁྲི་ལ་དགེ་འདུན་སྡེ་གཉིས་གང་རུང་ངེས་པ་ལས། ཕུང་གསུམ་པ་སྔར་འབྱུང་མ་མྱོང་བ་རེད། རྡ་ས་ནས་སྤྲུལ་སྐུ་ཞིག་གིས་ངས་བྲིས་པའི་དེབ་ལ་ཡི་རང་གིས་བསྔགས་བརྗོད་དང་ འབྲེལ། ང་ཚོ་རྙིང་མ་པ་ལ་ཁྱད་ཆོས་མང་པོ་རེད། དེའི་ནང་ནས་གཅིག་དེ་རྙིང་མའི་གྲྭ་བླ་སྤྲུལ་སྐུ་རྣམས་ལ་ལོག་རྒྱུ་ཡོད་རེད། རེད་དེ་དེང་སང་རྙིང་མ་པ་ཡང་ལོག་རྒྱུ་མེད་པ་ཆགས་འདུག་ཟེར། བདེན་པ་མི་འདུག་པས། གང་ལྟར་ཡང་མི་འོས་པ་དེ་ཚོ་དབུ་འཛིན་གྲལ་དུ་འཚང་ཁ་རྒྱག་མ་ཡོང་མ་གཏོགས། ང་དང་། ངའི་གྲོགས་པོ་ཚོས་ལྷ་ལུང་དཔལ་རྡོར་གྱི་ཕྱག་བཞེས་ལག་ལ་ལེན་དུས་ཚང་མ་ལ་ཡག་པོ་ ཞིག་མི་ཡོང་ཁོ་ཐག་ཡིན།
ང་རང་ཉིད་ལ་མཚོན་ན་བོད་ཀྱི་རིག་གཞུང་དང་། ཆོས་བརྒྱུད་ཆེན་པོ་བཞི། ཁྱད་པར་དུ་སྔ་འགྱུར་བའི་ཕ་ཆོས་དྲི་མ་མེད་པ་འདི་དག་ལས་གཅེས་ཤིག་ས་སྟེང་འདི་ ལ་མེད། དེ་ཕྱིར་ཚང་མས་ཐུགས་ལ་ཞོགས། ངས་མི་རིགས་དང་། རང་བཙན་གྱི་ཆེད་དུ་གང་ཡང་སྒྲུབ་མི་ཕོད་ལ། སྒྲུབ་འདོད་ཀྱང་མེད། ཤཱཀྱའི་རྒྱལ་པོའི་གསུང་རབ་བཀའ་དང་། དེའི་རྗེས་སུ་འཇུག་པའི་མཁས་པའི་བསྟན་བཅོས་དང་། དེ་དག་ཉམས་བཞེས་ཚུལ་བཞིན་གནང་བའི་མཁས་གྲུབ་གཉིས་ལྡན་དག་ནི། ཁོ་བོའི་སྐྱབས་གནས་ཉག་གཅིག་ཡིན། དེ་དག་ཞབས་ཕྱི་སྒྲུབ་མ་ཐུབ་རུང་། ཞབས་འདྲེན་མི་ཞུས་ཁོ་ཐག་ཡིན་ནོ།། །།སྐད་ཆ་འདི་ད་ལྟ་ནས་མ་བཤད་ན་ཕུང་གསུམ་པ་ཚོ་ལ་ངོ་ཚ་མེད། མིང་ཞིག་དང་། སྒོར་མོ་ཞིག་རག་སོང་ན་ཆོས་བརྒྱུད་དང་། སྐྱེ་འགྲོའི་བདེ་སྡུག་ལ་མི་ལྟ་ཁོ་ཐག་ཡིན། ང་ལ་རྒྱུས་ཡོད། དེ་ཕྱིར་འདིར་བཀོད་པ་ཡིན་ནོ།། ཨོ་རྒྱན་ཉི་མས་དབྱིན་ཡུལ་ནས་ཕུལ།