སྤྲུལ་འཁོར་སྐལ་བཟང་དོན་ལྡན།
དཀའ་ལས་བྱས་པ་ཅན་གྱི།།
ཨ་མའི་༸ ཡིད་བཞིན་ནོར་བུ།།
ཁ་ལ་ཉན་པའི་བླ་མ།།
བོད་དུ་འཁྲུངས་བ་ཡག་བྱུང་།།
དགའ་དགའ་སྤྲོ་སྤྲོའི་ངང་ནས།།
གསེར་ཁྲི་མངལ་གསོལ་ཡག་བྱུང་།
ངེད་ཅག་བོད་འབངས་ཡོངས་ཀྱི།།
གཙུག་གི་ནོར་བུ་ཡག་བྱུང་།།
ཅ་ཅོའི་འདུ་རྫི་བསྐྱུར་ཏེ།།
བསླབ་གཉེར་ཐོས་བསམ་ཡག་བྱུང་།།
ཆོས་ཀྱིས་རྒྱལ་སྲིད་སྐྱོང་བའི།།
༸ཡིད་བཞིན་ནོར་བུ་ཡག་བྱུང་།།
ཇ་ཆང་ལོངས་སྤྱོད་བསྟེར་བའི།།
གངས་ཅན་སྐྱབས་གཅིག་ཡག་བྱུང་།།
ཉ་ཆུ་ལྟ་བུའི་བརྩེ་ལྡན།།
བྱམས་བརྩེའི་མགོན་ཉིད་ཡག་བྱུང་།།
ཏྰ་ལ་ལ་མོའི་རྩེ་ནས།།
གཟི་བྱིན་འཕྲོ་བ་ཡག་བྱུང་།།
ཐ་མལ་བོད་འབངས་ཡོངས་ཀྱི།།
སྐྱབས་མགོན་མཛད་པ་ཡག་བྱུང་།།
ན་གཞོན་དུང་གི་ཟླ་ལྟར།།
སྐུ་མདངས་རྒྱས་པ་ཡག་བྱུང་།།
པ་སངས་ལྗོན་པའི་ཤིང་གི།
བསིལ་བྱིན་ལོ་འདབས་ཡག་བྱུང་།།
བར་ལམ་རྐྱེན་ངན་ཐབས་རྡུགས།།
བྱང་ཆུབ་ལམ་བསྒྱུར་ཡག་བྱུང་།།
མ་ཡུམ་འཛམ་གླིང་ཡོངས་སུ།།
གསང་གསུམ་མཛད་འཕྲིན་ཡག་བྱུང་།།
ཙ་རིའི་གནས་ལས་ལྷག་པའི།།
རྡ་སར་བཞུགས་པ་ཡག་བྱུང་།།
ཚ་གྲང་དམག་འཁྲུགས་འཇིགས་པ།།
ཞི་མཛད་དེད་དཔོན་ཡག་བྱུང་།།
ཝ་ལེར་ཏྰ་ལའི་བླ་མ།།
སྐུ་ཚེ་རིང་བ་ཡག་བྱུང་།།
ཞལ་རས་བྱམས་བརྩེའི་འཛུམས་མདངས།།
པདྨ་བཞད་ལྟར་ཡག་བྱུང་།།
གཟའ་སྐར་འཕྲོད་སྦྱོར་ཉིན་མོར།།
སྐུ་བལྟམས་འཛད་འཕྲིན་ཡག་བྱུང་།།
འོ་སྐོལ་བོད་འབངས་རྣམས་ལ།།
ཐུགས་རྗེའི་གཟིགས་པ་ཡག་བྱུང་།།
ཡ་རབས་༸ཏྰ་ལའི་བླ་མའི།།
མཛད་འཕྲིན་རྒྱས་པ་ཡག་བྱུང་།།
རྭ་ལྟར་མཁྲེགས་པའི་གཤིས་སྤྱོད།།
གདུལ་བར་མཛད་པ་ཡག་བྱུང་།།
ལ་ལུང་གང་སར་ཕེབས་ཀྱང་།།
ཀུན་གྱིས་བཀུར་འོས་ཡག་བྱུང་།།
ཤ་ཚའི་དམ་ཆོས་བདུད་རྩིའི།།
གྲུ་ཆར་དབབ་པ་ཡག་བྱུང་།།
ས་སྟེང་རྒྱལ་བསྟན་ཡོངས་རྫོགས།།
མངའ་དབང་ཛད་པ་ཡག་བྱུང་།།
ཧ་ཅང་དྲང་ཞིང་བརྩེ་བའི།།
སྤྱན་རས་གཟིགས་ཁྱོད་ཡག་བྱུང་།།
ཨ་ཙི་ཏྰ་ལའི་བླ་མས།།
སྐུ་ལས་བསྐྱོན་པ་ཡག་བྱུང་།།
ཨེ་མ་གངས་ལྗོངས་སྤུན་ཟླས།།
རྟག་ཏུ་ཡིད་ལ་བསྒོམས་ཏེ།།
རྡོག་རྩ་གཅིག་ཏུ་བསྒྲིལ་ནས།།
ཅི་གསུང་བཀའ་བཞིན་སྒྲུབས་ཤོག།
ཀ་ནས་ཨ་བར་བྲིས་པའི།།
ཀ་བཤད་སྙན་པོ་མེད་ཀྱང་།།
ཁ་ཙམ་མིན་པའི་དད་པས།།
ཡིད་ལ་གང་དྲན་ཐལ་སོང་།།
སྐུ་ཁམས་སྤྱན་རས་གཟིགས་དབང་ལྟར།།
མི་གཤིས་རྡོ་རྗེར་བརྟན་པར་ཤོག།
གསུང་དབྱངས་རྗེ་བཙུན་འཇམ་དབྱངས་ལྟར།།
ཆོས་འཁོར་དམ་པ་བསྐོར་དུ་གསོལ།།
ཐུགས་སྟོབས་ཕྱག་ན་རྡོ་རྗེ་ལྟར།།
མཐའ་ཡས་འགྲོ་བ་འདྲེན་པར་ཤོག།
བོད་མིའི་བླ་ན་མེད་པའི།།
༸ སྐྱབས་མགོན་ཡིད་བཞིན་ནོར་བུ།།
སྐྱེ་དང་ཚེ་རབས་འཕྲེང་བར།།
མི་བྲལ་ཡིད་ལ་བསྒོམས་ཏེ།།
ཅི་གསུང་བཀའ་བཞིན་བསྒྲུབས་པའི།།
མཆོད་སྤྲིངས་རྒྱ་མཚོས་མཆོད་དེ།།
དྲིན་ཅན་རྩ་བའི་བླ་མའི།།
བྱིན་རླབས་སེམས་སུ་སྨིན་ཤོ།། །།
ཅེས་བོད་མིའི་བླ་ན་མེད་པའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་ཉག་གཅིག་༸གོང་ས་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་ཉིན་མོར་གུས་འབངས་ཐ་མ་སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས་བཅོས་མིན་དད་གུས་ཆེན་པོས་བཀྲ་ཤིས་པའི་སྨོན་ལམ་དང་བཅས་མཚམས་སྦྱར་བའོ།། །།
མ་ཡུམ་ཆེན་མོས་ལུས་བསྐྱངས། །
ཡོངས་གླིང་ཆེན་པོས་སེམས་བསྐྱངས། །
ཁྱེད་ཀྱིས་བོད་རིགས་ཡོངས་བསྐྱངས། །
ད་དུང་སྐྱོང་ལ་ཡུན་བརྟན། །
བསྟན་འཛིན་རྒྱུ་སྐར་བྱེ་བའི་དབུས།
མངོན་པར་འཕགས་པ་ཟླ་རི་བཞིན།
ཁྱེད་ཀྱི་གསང་གསུམ་ཡིད་བཞིན་ནོར།
འགྱུར་མེད་གཡུང་དྲུང་ཁམས་སུ་བརྟན།
ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་ལ་མི་མཐུན་མཚན་མའི་ཚོགས་རྣམས་ཀྱིས་ནམ་ཡང་གཡོ་བ་མེད་པར་ཁ་བ་རི་པའི་མཁའ་ལ་སྐར་ཚོགས་དབུས་སུ་འོད་ཟེར་འབུམ་ཕྲག་འཕྲོ་བའི་ཟླ་བ་བཞིན་དུ་ནམ་ཡང་འདའ་བ་མེད་པར་འཆི་མེད་ཚེ་ལྷས་བསྲུང་ཞིང་ཐུགས་བསྐྱེད་བསྐལ་པ་མ་སྟོང་བར་དུ་མགོན་མེད་ལ་མགོན་དང་སྐྱབས་མེད་ལ་སྐྱབས་སུ་བསྐལ་བ་བརྒྱ་ཡི་བར་དུ་བརྟན་པའི་སྨོན་ལམ་ཡིད་སེམས་གཏིང་ནས་ཞུ་བཞིན་ལགས་ན་ནམ་ཡང་གཡེལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ་ལོ།
མུ་ཙུག་སྨར་རོ།