བོད་ཀྱི་རེ་བ་བོད་ཀྱིས་སྐོངས།།
རྒྱ་ཡི་དོགས་པ་རྒྱ་ཡིས་སོལ།།
བོད་རྒྱའི་བར་ཆད་གཉིས་ཀས་སོལ།།
གཉིས་ཀ་ཚིམ་པའི་དབུ་ལམ་ནས།།
༸སྐྱབས་མགོན་བོད་དུ་བྱོན་གྱུར་ཅིག།
བོད་མི་བོད་ཀྱི་ཡུལ་དུ་སྐྱིད།།
རྒྱ་མི་རྒྱ་ཡི་ཡུལ་དུ་སྐྱིད།།
གཉིས་ཀ་བདེ་དང་ལྡན་ན་སྐྱིད།།
རང་ས་གནས་པར་བྱིན་གྱིས་རློབས།།
༸བླ་མ་བོད་དུ་ཕེབས་གྱུར་ཅིག།།
གངས་ཀྱི་རི་རབ་བཙན་གྱིས་འཕྲོག།
གངས་ཀྱི་བདག་པོ་ཤེད་ཀྱིས་བརྡུང་།།
གངས་ཅན་མུན་པའི་གླིང་དུ་བསྒྱུར།།
སྡུག་རྩུབ་ཆེ་བའི་བཙན་འཛུལ་བ།།
༸བླ་མའི་བྱིན་གྱིས་མཐར་བསྐྲོད་ཤོག།
འདོད་རྔམ་ཆེ་བའི་རྒྱ་འཁྱམ་ཚོས།།
བོད་པའི་གནས་དང་རང་བྱུང་གི།
རི་བོ་ཆུ་མོའི་གཏེར་རྫས་རྣམས།།
ཕུ་དཀྲོགས་མེད་པར་རང་སར་འཇོག།
༸བླ་མའི་དགོངས་པ་མ་དཀྲོགས་ཅིག།
གླིང་འདི་བསིལ་བའི་ནགས་ཀྱི་གོན།།
གངས་རི་མཛེས་པའི་སྨད་གཡོག་ཅན།།
རང་འགར་གཅོད་བྲེགས་མ་བཏང་ནས།།
རང་བྱུང་གདོད་མའི་ནགས་ཚལ་ཀྱིས།།
༸བླ་མའི་ཐུགས་ཀ་བསིལ་གྱུར་ཅིག།
ཁ་བའི་འདབ་མ་རེ་རེ་བཞིན།།
རིམ་གྱིས་བརྩེགས་ནས་གྲུབ་པ་ཡི།།
གདོད་མའི་འཁྱམ་རམ་ཤེལ་གྱི་རི།།
འཛམ་གླིང་མཛེས་པའི་གཙུག་གི་རྒྱན།།
༸བླ་མའི་གཟི་འོད་འཕྲོ་གྱུར་ཅིག།
འདོད་རྔམ་དྲེགས་པས་རང་སེམས་སྲེད།།
ཁོར་ཡུག་གཏོར་པས་གླིང་འདི་སྲེག།
གཉིས་ཀ་མཐའ་ཐུག་འཕོང་བའི་རྒྱུ།།
རྒྱུ་འབྲས་རྟེན་འབྲེལ་རྟོགས་པ་ལ།།
༸བླ་མའི་ཤེས་རབ་བསྩོལ་གྱུར་ཅིག།
གལ་ཏེ་ཤར་ཕྱོགས་རྒྱ་རིགས་རྣམས།།
ཧམ་སེམས་དྲེགས་པས་བཟི་གྱུར་ན།།
སྨྱོན་སྤྱོད་དང་བའི་བདུད་རྩི་ཡི།།
གསུངས་དབྱངས་ཆུ་རྒྱུན་དལ་བབ་ནས།།
༸བླ་མས་ལམ་སྟོན་བསྩོལ་གྱུར་ཅིག།
འཛམ་གླིང་སྤྱི་དང་བོད་དོན་དུ།།
ནམ་ཡང་གཞན་དོན་བསྒྲུབ་མཛད་པ།།
མགོན་པོ་གང་གི་གཟི་བརྗིད་རྣམས།།
སྔར་བས་རྒྱས་པའི་རྟེན་འབྲེལ་ཞུ།།
རིགས་རུས་གཅིག་པའི་གངས་ཅན་པའི།།
ཡིད་གདུང་སེལ་པའི་འདོད་རྒུའི་ཆར།།
༸བླ་མའི་མཛད་འཕྲིན་གངས་རིའི་འདབ།།
སིལ་སིལ་སྦྲང་ཆར་འབབ་བཞིན་དུ།།
༸རྒྱལ་མཆོག་བོད་དུ་ཕེབས་གྱུར་ཅིག།
ཚེ་རིང་ནད་མེད་བདེ་ལྡན་ཞིང་།།
ཡུན་རིང་དུས་ཀྱིས་མི་འགྱངས་བར།།
༸མགོན་པོ་གང་གི་ཞབས་པད་ཟུང་།།
གངས་རིའི་ལྗོངས་སུ་བཀྱགས་གྱུར་ནས།།
གངས་རིའི་སྐྱོ་གདུང་སེལ་གྱུར་ཅིག།
ཡིད་གཉིས་སྤངས་ནས་༸བླ་མ་ལ།།
གདུང་དབྱངས་གླུ་རུ་ལེན་པའི་ཞོར།།
རང་ས་བཟུང་ནས་རང་འགན་རྣམས།།
བོད་མི་ཡོངས་ཀྱིས་བསྒྲུབ་གྱུར་ཅིག།
༸བླ་མས་རྟག་ཏུ་རྗེས་འཛིན་ཤོག།
དགུང་ལོ་དོན་བཞི་རེད། ད་དུང་སྐུ་ངལ་གསོ་མི་བྱེད།
ལོ་ངོ་དོན་བཞི་ཏག་ཏག་འདས་པའི་ཉིན་གྱི་དེ་རིང་སྐུ་ཉིད་བོད་ཀྱི་མདོ་སྨད་དུ་སྐུ་འཁྲུངས་པའི་ཉིན་མོ་དེར། སྐུ་ཉིད་ཀྱིས་མ་ཡུམ་ལགས་ཀྱིས་སྐུ་ཉིད་ལ་མི་བུ་སྤྱིར་བཏང་བཞིན་རང་ཉིད་ལ་བུ་ཞིག་སྐྱེས་པ་དེར་ཚོར་སྣང་རྒྱུན་ལྡན་ཞིག་ལས་གང་ཡང་མེད་རབས་རེད། དེ་དང་འབྲེལ་ནས་འཇིག་རྟེན་བོད་པ་ཚང་གི་སྤྱི་སྲོལ་ལྟར་སྐུ་ཉིད་ཀྱི་མཚན་ལ་ལྷ་མོ་དོན་འགྲུབ་ཟེར་ནས་མཚན་ཞིག་ལས་གང་ཡང་མེད་ན་ཡང་། སྐུ་ཉིན་འཁྲུངས་ནས་ལོ་ངོ་གཉིས་གསུམ་འདས་པའི་ཉིན་མོ་ཞིག་ལ་འགྲུལ་བ་མང་བོ་ཞིག་སྐུ་ཉིད་ཀྱི་ཁྱིམ་ཚང་གི་ནང་དུ་འབྱོར། སྐབས་དེར་སྐུ་ཉིད་ཀྱིས་དམིགས་བསལ་གྱིས་བྱིས་པ་གཞན་དང་མ་འདྲ་བའི་ངང་ཚུལ་ཞིག་བསྟན་གནང་བ་དེ་ནས་བཟུང་། སྐུ་ཉིད་ནི་འཇིག་རྟེན་གྱི་བྱིས་པ་གཞན་དག་དང་མི་འདྲ་བའི་མཚན་གནས་ཤིག་གནང་བ་དེས་བོད་པ་ཚང་གི་སྐྱེ་འགྲོ་ཡོངས་ཀྱིས་ཡིད་ཀྱི་གསོས་སྨན་ཏུ་གྱུར་བ་རེད།
ལོ་ན་ཆུང་བའི་སྐུ་ཉིད་ལ་གར་འགྲོ་གར་འདུག་གི་རང་དབང་མེད་པར་བོད་པ་ཚང་གི་སྤྱི་ནོར་ཆགས་པའི་གཉེར་ལེན་གྱིས་པོ་ཏ་ལའི་རྩེ་དང་ནོར་གླིང་སྐྱེད་ཚང་གཉིས་ནི་སྐུ་ཉིད་ཀྱི་རང་དབང་གི་འགྲོ་བསྡོད་བྱེད་ས་ཁོ་ན་ཞིག་ཆགས་པ་ལས་ས་གནས་གཞན་ལ་གར་འགྲོ་གར་འདུག་གི་བདམས་ཀ་སྐུ་ཉིད་ཀྱིས་གནང་ཐུབ་མེད་པར་མི་ལོ་མང་བོ་གར་སོང་མེད་པར་ཤེས་རིག་ཁོ་ནའི་ལོང་སྤྱོད་བྱེད་ཞོར་ཏུ་འཇིག་རྟེན་ན་ཉོག་འཛིང་ཆེ་བའི་ན་ཟུག་ཞིག་གིས་བོད་པ་ཚང་གི་གནའ་ཤུལ་ལ་གཏོར་བཤིག་གཏོང་བཞིན་པས་ངང་ཚུལ་སྐྱུར་མོ་དེ་ཉིད་མི་འདོད་ཀྱང་ལྡོག་ཏུ་མེད་པར་སྤྱན་གྱིས་མདུན་ཏུ་བསྟར། མེ་རི་གཉིས་ཀྱིས་བར་ཏུ་གནས་པ་ལྟ་བའི་སྐབས་དེར། སྐུ་ཉིད་ཀྱིས་རང་ངོ་མ་ལོན་ཞིང་གཞན་ངོ་ལོན་པའི་ཐབས་ཤེས་ཉེག་གཅིག་རྙེད་པ་ནི་སྐྱབས་བཅོལ་གྱི་ལམ་བུ་ཁོ་ན་ཆགས་ཡོད་པ་གཟིགས་ནས་རང་གི་མི་རིགས་འདིའི་བདེ་སྡུག་ཡོད་ཚད་སེམས་ཁོང་དུ་གཉར་ནས་ཧི་མ་ལའི་རི་རྒྱུད་བརྒལ།
ཧི་མ་ལའི་རི་བོ་ཚུར་རོལ་ཏུ། གནས་ཚང་གསར་བ་ཞིག་གི་མགོ་འཛུགས་ཁྲོད། སྐུ་ཉིད་ལ་རྒྱུས་མངའ་ཡོད་མཁན་གྱི་མགོ་སེར་དང་སྙན་གྲགས་ཅན་གྱི་མི་སྣ་སོགས་གང་གིས་རོགས་རམ་མེད་ཀྱང་། ཐུགས་ལ་ཞིམ་པ་མེད་པར་ཉིན་མཚན་ཁྲི་ཕྲག་མང་བོ་རང་རིགས་ཀྱི་རྒན་བྱིས་དར་གསུམ་ཡོངས་སུ་རྫོགས་པ་འཛུལ་སའི་ཚང་དང་བསྡོད་སའི་གནས། ཟ་རྒྱའི་ཟས། གོན་རྒྱའི་གོས། བྱེད་རྒྱའི་ལས་ཀ་སོགས་ཐོབ་ཆེད་དུ་རྒྱ་གར་བ་ཚང་གི་སྐུ་ངོ་རྒན་གཞོན་བགྲེས་གསུམ་གང་ཡོད་ཀྱི་དྲུང་དུ་ཕྱག་ཟུང་ཐལ་མོ་སྤྱར་ནས་བོད་ཀྱི་བདེ་སྡུག་གི་བཀའ་གསུང་ཚོགས་ཁང་དང་སློབ་ཁང་། མགྲོན་ཁང་དང་ཐང་སོགས་གང་ནས་གོ་སྐབས་རེག་པ་དེ་དག་ལ་འཐུས་ཤོར་གཏན་ནས་མ་བཏང་བར་བོད་བཙན་བྱོལ་བ་ཟེར་བས་མིང་དེ་འཛམ་གླིང་གི་ས་ནས་ཁོར་ཡུག་མི་ཉུང་བ་ཞིག་ལ་བསྐྱལ།
ཞི་བདེའི་སེམས་དང་ཞི་བདེའི་ལམ་སྟོན། ཞི་བདེའི་སྐུ་ཚེའི་མཛད་པ་དེ་དག་གིས་ཁྲོད་དུ་དགོང་ལོའི་གནས་བབ་ཀྱང་ཇེ་མཐོ་ནས་ཇེ་མཐོར་བྱིན་ནས། འགྲུལ་བཞུད་ཀྱི་ཉིན་མོ་ཡང་ཇེ་མང་ཇེ་མང་དང་། མཚན་སྙན་གྱི་གཟེངས་རྟགས་ཀྱང་འཛམ་གླིང་ན་དཀོན་པ་ཆེས་མང་བོ་ཞིག་ལོ་ནས་ལོ་མཐུད་དེ་བཞེས་པ་དང་ལྷན་ཏུ་སྐུ་ཉིད་བོད་མི་རིགས་ཀྱི་འགྲིན་ཚབ་པ་ཞིག་ཡིན་པར་རྟག་ཏུ་མཐོ་དམན་བར་གསུམ་ཀུན་ལ་བསྒྲགས་པ་མ་ཟད། སྐུ་ཚེ་འདིའི་རིང་དུ་བོད་ལ་རང་དབང་ཞིག་མ་ཐོབ་ན་ང་རང་ཤི་ན་དབུགས་འགྲོ་ས་མ་རེད་སོགས་ཀྱིས་ཆེས་རླབས་ཆེན་དང་ཐུགས་བསྐྱེད་ཀྱི་དགོངས་པ་དེ་དག་བོད་པ་ཡོངས་ཀྱི་རྣ་བར་བུ་རམ་བཞིན་ཏུ་མངར་བར་མཛད། ཡིན་ཡང་། སྐུ་ཉིད་ཀྱིས་ད་དུང་འཛམ་གླིང་ཞི་བདེའི་ཐུགས་འགན་བཞེས་པ་དང་ཆོས་ལུགས་འཆམ་མཐུན་གྱི་བཀའ་སློབ་ཟབ་མོ་གནང་བས་མ་ཚད། འགྲོ་བ་མིའི་རིགས་ཚང་མ་འདྲ་མཉམ་ཡིན་པས་བསྐོར་གྱི་གནས་ལུགས་དང་རྒྱུ་མཚན་ཆེས་མང་བོ་ཞིག་མིའི་རིགས་ཀྱི་གོ་ལ་འདིས་སྟེང་གི་མཐོ་དམན་སྐྱེ་འགྲོ་ཀུན་གྱིས་རྣ་བར་བསྒྲགས།
དམིགས་བསལ་གྱིས་ལོ་རེ་བཞིན་རྒས་པའི་གཉེར་མ་ཇེ་མང་དུ་སོང་བར་གཟིགས་ཞོར་ཏུ་བོད་མི་མང་ལ་ནམ་ཡང་འདོར་ཏུ་མེད་པའི་ཐུགས་བརྩེ་བའི་དྲི་མེད་ཀྱི་དགོངས་པ་ཆེ་ཆེར་གནང་ནས་སྐུ་ཚེ་བཀང་བོར་མཛད་པའི་བྱ་བཞག་ཐམས་ཀྱང་བོད་མི་མང་གིས་སྙིང་སྟོབས་དང་སེམས་ཤུགས་ལས་བྱུང་བ་མ་གཏོགས་སྐུ་ཉིད་ནི་བོད་མི་མང་གི་འགྲིན་ཚབ་པ་ཞིག་ལས་གང་ཡང་མིན་པར་གསུང་ནས་ད་དུང་འཁང་ཆུང་མཛད།
ལོ་ངོ་དོན་བཞི་ལ་སོན་པའི་འཛམ་གླིང་སྟེང་གི་ཆེས་རླབས་ཆེན་གྱི་ཐུགས་འགན་བཞེས་མཁན་ནི་སྐུ་ཉིད་གཅིག་བུས་ལས་མེད་པར་བཤད་ཆོག་ན་ཡང་། ལས་ངན་བོད་པ་ཚང་གིས་ད་དུང་སྐུ་ཉིད་ལ་ངལ་གསོ་ཐུན་གཅིག་གི་གོ་སྐབས་ཀྱང་སྤྲོད་ཐུབ་ཀྱི་མེད་པ་འདི་ལ་བསམ་ཞོར་ཏུ། སྐུ་ཉིད་ཀྱིས་ལོ་ངོ་དོན་བཞི་སོན་པའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ་ཆེད་དུ། རང་གི་སེམས་ནང་གི་ཤེས་པ་ཟབ་མོའི་ལྟ་སྟངས་འདི་ཡིས་དེ་རིང་དགོང་ལོ་དོན་བཞི་ལ་སོན་པའི་བོད་གངས་ཅན་གྱི་བླ་མ། འཛམ་གླིང་ཞི་བདེའི་དེད་དཔོན། འགྲོ་དྲུག་སེམས་ཅན་ཡོངས་ཀྱི་བྱམས་བརྩེའི་བདག་ཉིད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཉིད་ཀྱིས་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་མཐའ་དག་འགྲུབ་ནས་རང་གི་འཁྲུངས་ཡུལ་བོད་དུ་མྱུར་མོང་ཕེབས་ཐུབ་པར་སྨོན་ལམ་གྲངས་མེད་འདེབས།
སྤྱན་རས་གཟིགས། ང་དང་ངའི་མི་མང་གི་སྙིང་གི་ནོར་བུ། བོད་ཕྱི་ནང་གང་སར་གནས་པའི་བོད་པ་ཚང་གི་སེམས་ཀྱི་བརྟེན་ས་དང་མིག་གི་ལྟ་ས་གཅིག་བུ། བསྐལ་བ་ཇི་སྲིད་བར་ཏུ་སྐུ་ཚེ་བརྟན་པར་སྨོན། ཇི་སྲིད་གནམ་ཁ་གནས་པ་དེ་སྲིད་དུ། དེ་སྲིད་བོད་པ་གནས་པ་དེ་སྲིད་དུ། སྐུ་ཉིད་བོད་ཀྱི་མགོན་ལ་བཞུགས་པར་མཛོད།
སྐུ་ཚེ་ཡུན་དུ་བརྟན་ངའི་སེམས་པ་བསྟན་འཛིན་རྒྱ་མཚོ་ལགས།
༄༅། །རྒྱལ་མཆོགཐམས་ཅད་མཁྱེན་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པར་
ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་དབྱངས་སྙན་
ཞེས་བྱ་བ་བཞུགས་སོ། །
ཨོྃ་སྭ་སྟི།
རྒྱལ་བ་ཀུན་གྱི་བརྩེ་ཆེན་ཡེ་ཤེས་སྐུ། །
གཅིག་ཏུ་བསྡུས་པ་གངས་རི་ལྟར་དཀར་བ། །
འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྤྲུལ་བའི་སྐུ། །
ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་གྱུར་ཅིག །
སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ། །
ཨུ་དུམ་ཝ་ར་ལྟར་འཕགས་ཐམས་ཅད་མཁྱེན། །
འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ། །
རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་གསོལ། །
གདོད་ནས་མངོན་སངས་རྒྱས་ཀྱང་རྩོད་པའི་དུས། །
འགྲོ་རྣམས་ཕྱག་གི་ཡལ་གས་ཉེར་འཛིན་པའི། །
ཐུགས་བསྐྱེད་དམ་བཅའ་རྡོ་རྗེ་ལྟ་བུར་བརྟན། །
ས་བཅུའི་དབང་ཕྱུག་ཆེན་པོ་ཞབས་བརྟན་གསོལ། །
བྱང་ཆུབ་ལམ་གྱི་རིམ་པའི་མངོན་རྟོགས་ཀུན། །
གསང་བ་གསུམ་དང་དབྱེར་མེད་འདྲེས་པ་ལས། །
མཁྱེན་དང་བརྩེ་བའི་ཡོན་ཏན་བསམ་མི་ཁྱབ། །
བྱང་ཕྱོགས་ཐུབ་དབང་གཉིས་པར་ཞབས་བརྟན་གསོལ། །
འཆད་རྩོད་རྩོམ་ལ་ཆགས་ཐོགས་མི་མངའ་ཞིང་། །
སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ། །
སོ་སོ་ཡང་དག་རིག་པས་ཆོས་སྟོན་པ། །
ཕྱོགས་ལས་རྣམ་རྒྱལ་ཆེན་པོར་ཞབས་བརྟན་གསོལ། །
བློ་བཟང་རྒྱལ་བའི་བསྟན་པ་རིན་པོ་ཆེ། །
བཤད་སྒྲུབ་ལས་ཀྱི་འཁོར་ལོས་ཕྱོགས་བརྒྱར་སྤེལ། །
རྒོལ་ངན་བདུད་ཀྱི་གླང་པོའི་ཀླད་པ་འགེམས། །
འཇིགས་བྲལ་སྨྲ་བའི་སེངྒེར་ཞབས་བརྟན་གསོལ། །
སྣང་གསུམ་རྒྱུད་གསུམ་གསང་སྔགས་ལམ་གྱི་རིམ། །
དབང་བཞིའི་རྣལ་འབྱོར་ཟབ་མོ་འགྲོས་བཞི་ཐིམ། །
སྐུ་བཞིའི་ཡེ་ཤེས་མངོན་སུམ་བརྙེས་མཛད་པ། །
ཁྱབ་བདག་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ། །
དངོས་པོ་ཀུན་གྱི་གནས་ལུགས་ཕྱག་རྒྱ་ཆེ། །
ཟབ་གསལ་གཉིས་སུ་མེད་པའི་ལྷན་སྐྱེས་ཀྱི་། །
ཡེ་ཤེས་ཉི་མས་སྲིད་ཞིའི་མུན་སེལ་བ། །
རྣལ་འབྱོར་དབང་ཕྱུག་ཆེན་པོར་ཞབས་བརྟན་ཤོག །
རྒྱུད་སྡེ་རྒྱ་མཚོའི་གསང་བ་ཀུན་གྱི་མཛོད། །
སྨིན་གྲོལ་ཁ་འབབ་རྣམ་བཞིའི་རྒྱུན་བཟང་པོ། །
སྐལ་བཟང་གདུལ་བྱའི་ཞིང་སར་འདྲེན་མཛད་པ། །
གསང་བ་འཛིན་པའི་བདག་པོར་ཞབས་བརྟན་གསོལ། །
འཁོར་འདས་ཆོས་ཀུན་རྟེན་འབྲེལ་རོལ་པར་ཤར། །
ཤར་ཡང་གདོད་ནས་སྐྱེ་མེད་རབ་ཞི་བ། །
སྤྲོས་པ་ཀུན་བྲལ་ཟབ་མོ་དབུ་མའི་ལམ། །
སྟོན་མཁས་ཀླུ་ཡི་དབང་པོར་ཞབས་བརྟན་གསོལ། །
ཕྱི་ནང་གཞན་གསུམ་དབྱེར་མེད་དུས་འཁོར་ལོ། །
ལེགས་པར་འདོམས་མཁས་རིགས་ལྡན་པདྨ་དཀར། །
བྷོ་ཊའི་ལྗོངས་སུ་དགེ་བའི་བཤེས་སུ་སྟོན། །
དང་པོའི་སངས་རྒྱས་ངོ་བོར་ཞབས་བརྟན་གསོལ། །
འཁོར་འདས་ཆོས་ཀུན་འོད་གསལ་ཐིག་ལེའི་ཀློང་། །
བྲི་གང་མེད་པ་ལྷུན་གྱིས་རྫོགས་པ་ཆེ། །
བྱར་མེད་རང་གྲོལ་འབྲས་བུའི་རྒྱལ་ས་སྙོགས། །
ཀུན་བཟང་གདོད་མའི་མགོན་པོར་ཞབས་བརྟན་གསོལ། །
མདོར་ན་ཐུབ་བསྟན་ཡོངས་རྗོགས་ཤིང་རྟ་ཆེ། །
མ་འདྲེས་ཕྱག་གིས་འདྲེན་ལ་བསྙེངས་པ་བྲལ། །
བསྟན་དང་འགྲོ་བ་ཀུན་གྱིས་སྐྱབས་གཅིག་པུ། །
བསྟན་འཛིན་རྒྱ་མཚོའི་དབང་པོར་ཞབས་བརྟན་གསོལ། །
སྲིད་པ་གསུམ་གྱི་ཆེ་རྒུའི་གཙུག་ནོར་གྱིས། །
གང་གི་ཞབས་པད་བཀྲ་ཤིས་འཁོར་ལོ་ལ། །
གུས་ཤིང་འདར་བཅས་ལན་བརྒྱར་བཏུད་པ་ཡིས། །
ཆོས་ཀྱི་རྒྱལ་པོ་ཆེན་པོར་ཞབས་བརྟན་གསོལ། །
ལྷ་མིན་བདུད་སྡེ་ཚར་གཅོད་ལྷ་ཡི་དབང་། །
མཐུ་སྟོབས་ནུས་པའི་རྡོ་རྗེ་རྩེ་བརྒྱ་པས། །
ལྟ་ངན་ལོག་ལྟའི་བྲག་རི་འཇོམས་མཛད་པ། །
འཇིགས་མཛད་ཧེ་རུ་ཀ་དཔལ་ཞབས་བརྟན་གསོལ། །
ས་དང་ལྷུན་པོ་ཉི་ཟླ་གནས་ཀྱི་བར། །
གསང་གསུམ་གཞན་དུ་འགྱུར་བ་མེད་པ་ཡི། །
གྲུ་འཛིན་འཕགས་མཆོག་དགྱེས་པའི་གཞལ་མེད་ཁང་། །
རྡོ་རྗེའི་ཁྲི་ལ་གཞོམ་བྲལ་བརྟན་བཞུགས་གསོལ། །
འཆི་མེད་ལྷ་མཆོག་གསུམ་གྱི་བྱིན་རླབས་དང་། །
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི། །
བདེན་པའི་སྟོབས་ཀྱིས་ཇི་ལྟར་གསོལ་བའི་དོན། །
གེགས་མེད་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ། །
ཞེས་སྒོ་གསུམ་དངོས་པོ་ཀུན་གྱིས་བཏུད་དེ་ཤར་མདོ་ཁམས་ཀྱི་ལྗོངས་སུ་གནས་པ་འཇམ་ དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པ་ ཆེན་པོས་དབུས་འགྱུར་འཆང་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཆོས་འཁོར་ཆེན་པོའི་ལྷོ་ ཕྱོགས་བསམ་འགྲུབ་ཕོ་བྲང་གི་གཟིམ་ཤག་ཏུ་གསོལ་བ་བཏབ་བཞིན་བྲིས་ཏེ་ཐམས་ཅད་ མཁྱེན་གཟིགས་ཆེན་པོའི་སྤྱན་སྔར་ཕུལ་བ་
༧ཞབས་པད་བསྐལ་པ་རྒྱ་མཚོར་བཞུགས་པའི་རྒྱུར་གྱུར་ཅིག། །།
སརྦ་དྰ་ཀ་ལྱ་ཎཾ་སུ་ཤྲེ་ཡོ་བྷ་བ་ཏུ། །
འདི་བརྩམས་ནས་ལོ་༦༦་ལོན་པའི་རྟེན་འབྲེལ་དུ་ཤྲྰིས་གུས་ཕུལ།
ཨེ་མ་ཧོཿ
སྣང་སྟོང་ཟུང་འཇུག་ཆོས་དབྱིངས་ནམ་མཁའ་ནས། །
བདེ་སྟོང་ཟུང་འཇུག་མཁྱེན་རབ་ཉི་མ་གསལ། །
རིག་སྟོང་ཟུང་འཇུག་གསུང་རབ་ཟླ་བ་ཚེས། །
ཆོས་སྲིད་ཟུང་འཇུག་དགའ་རབ་སྐར་ཚོགས་བཞད། །
དགའ་བདེ་ཟུང་འཇུག་གཞིས་བྱེས་བོད་རིགས་ཀུན། །
ཀུན་འདུས་སྨོན་ལམ་ཟབ་རྒྱས་བཏབ་པ་ཀུན། །
ཀུན་བཟང་རྟེན་འབྲེལ་ཟབ་མོས་བདེན་མཐུ་ཀུན། །
ཀུན་མཁྱེན་རྒྱལ་བ་དགྱེས་པའི་དཔལ་དུ་གྱུར། །
མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་དཔལ་དམ་པ། །
རྒྱལ་བསྟན་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
སྤྱན་རས་གཟིགས་དངོས་བསྟན་འཛིན་རྒྱ་མཚོ་མཆོག །
བཞེད་དོན་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག །
ཅེས་ཡང་སྐྱར་དུ་༢༠༠༩ ༧ ༧ ཅི་དྲན་དུ་མགོན་པོ་གང་གི་འཁྲུངས་སྐར་དུས་ཆེན་
རྗེས་དྲན་དུ་ཤྲྰིས་སྙིང་ནས་སྨོན་པའོ། ། དངོས་གནས་དུས་ཚོད་དེ་རིང་རེད། །
ཨེ་མ་ཧཱོ། བོད་ཀྱི་བདག་པོ་བོད་མིས་བྱེད་དགོས་ན།། རང་གི་བུ་ལ་བོད་ཀྱི་སྐད་ཡིག་སློབ།། རང་གི་ལྟོ་རྒྱབ་ཁོ་ན་མི་བསམ་པར།། ནང་རེ་དགོང་རེ་བོད་ཀྱི་དོན་ལ་འབུངས།། ཞིང་མཆོག་ཨ་རིའི་ཡུལ་ལ་སླེབས་དགོས་ཀྱང་།། བོད་པའི་སྤྱི་འབངས་ཞིག་གི་འོས་འགན་འཁུར།། དབྱིན་ཇིའི་མོ་རྡོ་རེ་ལ་ཞོན་དགོས་ཀྱང་།། རང་གི་རིགས་རྒྱུད་གཙང་མ་རང་གིས་སྤེལ།། པ་སེའི་ཆེད་དུ་ཆང་ས་རྒྱག་དགོས་ཀྱང་།། བརྩེ་དུང་ཐག་པ་བོད་མོའི་སྐེ་ལ་བསྐོན།། འབྲས་དང་རྡ་ལའི་བྲོ་བ་མི་ཞིམ་ན།། ཤ་མར་ཐུལ་གསུམ་བོད་ཀྱི་ཡུལ་ན་ཡོད།། རྒྱ་གར་ཡུལ་གྱི་ཚ་བས་མི་བཟོད་ན།། བསིལ་ལྡན་སྨན་ལྗོངས་རང་གི་ཕ་ས་ཡིན།། གཞིས་ལུས་སྤུན་ཟླ་དམྱལ་བའི་ཁམས་ན་ཡོད།། རྒྱལ་ཞེན་དཔའ་བོ་གཤིན་རྗེའི་ཕྲང་ན་ཡོད།། ལྷ་མིའི་རྣམ་འདྲེན་སྤྱན་རས་གཟིགས་དབང་གིས།། མྱུར་མཛད་མགོན་པོའི་མཐུ་མཆོག་ངར་སྩོལ་དང་།། རྒྱ་དམར་ཀླ་ཀློ་མི་ཡི་གཤེད་མ་དག། བཱི་ན་ཡ་ག་ཇི་བཞིན་བདག་གིས་བསོད།། གྲི་གུག་དགྲ་སྟ་མདུང་རྩེ་གསུམ་གྱི་ཚབ།། རྡུལ་ཕྲན་མཚོན་དང་མེ་ཤུགས་འཕུར་མདའ་སོགས།། དེང་རབས་མཚོན་གྱིས་བདག་ལ་རྫོངས་བ་མཛོད།། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དཔུང་ལ་ཐོངས།། གཙང་རིས་དཔལ་མགོན་བདུན་ཅུ་མགོན་ལ་མངོགས།། ཨོ་ས་མ་བྷེན་ལྟ་བའི་ཐབས་ཞིག་གནོངས།། ས་ཏམ་ཧྭོའུ་སན་ལྟ་བའི་སྙིང་ཞིག་སྩོལ།། རྗོར་རྗི་བྷོ་ཤུས་ལྟ་བའི་སྟོབས་ཅིག་བྱིན།། ཟི་ལིང་མཁར་ནས་དར་རྩེ་མདོ་ཡི་བར།། རྒྱ་བོད་ས་མཚམས་ཐམས་ཅད་བདག་གིས་སྲུང་།།
ཨེ་ཕ་ཧོ།
ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཟུར་ལ།།
ཚོགས་བསགས་སྨིན་པའི་པདྨའི་གདན་སྟེང་ན།།
དཀར་ནག་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་བའི།།
བདེ་ཆེན་གླིང་འདིར་ཟུང་འཇུག་སྤྲོ་བ་འདུག།
དྲ་གྲོགས་དགེ་རབ་ནས་དོ་སྣང་དེ་ཙམ་མ་བྱུང་བར་”འཁྲུངས་སྐར་སྙན་རྩོམ་ཞིག”ཅེས་པའི་རྩོམ་ཡིག་འདི་དཀར་ཆག་ནང་གི་གླུ་གཞས་ཡང་ན་འཕྲིན་ཡིག་ད་དུང་རྩོམ་ཡིག་མ་ཚད་སྙན་ངག་སོགས་ཀྱི་སྡེ་ཚན་དུ་བཀོད་ན་ཆོག་རུང་མཚར་གཏམ་གྱི་སྡེ་ཚན་རང་གདམ་དོན་གང་ཡིན་ན་་་་་་་་ ཕལ་ཆེར་དྲ་དཔོན་ཡང་དོ་སྣང་དེ་ཙམ་བྱུང་མེད་པ་འདྲ་་་་་་ མཚར་གཏམ་ཟེར་ན་དགོད་དྲོའི་གཏམ་རེད་པ་འོ་ན་ཁྱོད་ཀྱི་འདི་དགོད་དྲོའི་གཏམ་རེད་པས་? འོན་ཀྱང་ལས་རྒྱུ་མང་བས་དྲ་དཔོན་ལ་ཁ་མཆུ་མེད་་་་་་་་་ ཨ་ཙེ་ཀུ་རེ་ཡིན་སུ་ལའང་ཁ་མཆུ་མེད་་་་་་་་ གང་ཟག་དང་དེའི་ཀུན་སློང་གི་ཆ་ནས་བཤད་ན་སྤྱིར་བཏང་དཔོག་དཀའ་བ་ཞིག་ཡིན་མོད་་་་་་་ བྱ་བ་རང་གི་ངོ་ཐོག་ནས་བཤད་ན་ང་ཚོ་བོད་པར་ཡོད་པའི་རེ་བ་ཆེ་བ་དང་ཞིབ་ཚགས་ཆུང་བའི་གཤིས་ཀ་སྤོང་དཀའ་བ་དེ་ཡིན་མདོག་ཁ་པོ་རེད་ ་་་་་་་་་་་་་་་་་་་་་ ད་ལན་དེ་ཙམ ་་་་་་་་་་་་་་
དགོངས་དག མཚར་གཏམ་གྱིས་གྲས་སུ་འགོད་ནོར་ཐེབས་འདུག འཕྲལ་དུ་བཅོས་ཡོད། རྗེས་ཕྱོགས་སུའང་ནོར་འཁྲུལ་ལ་ནོར་འཁྲུལ་དུ་གསུངས་རོགས། ཐུགས་རྗེ་ཆེ།
བསམ་ཚུལ་དང་ལེན་བྱེད་པར་ཐུགས་རྗེ་ཆེ་་་་་་་་་་ རྗེས་སུ་མཇལ་ཡོང་་་་་་་་་་་་