སྐྱོ་བྲག་དགའ་དབང་།
སྟོན་པ་ཐུབ་པའི་དབང་པོ་སྐུ་འཁྲུངས་པའི་དུས་མཆོད་ཡོད་པར་བཤད་པས་ནང་པ་སངས་རྒྱས་པ་ལ་འཁྲུངས་སྐར་བརྩི་སྲུང་བྱ་བའི་ལམ་སྲོལ་སྔོན་མ་ནས་ཡོད་པ་ཞིག་ལས་གསར་དུ་བྱུང་བ་ཞིག་མིན་ཅིང་། འཁྲུངས་སྐར་བརྩི་སྲུང་བྱ་བ་ནི་སྐྱེ་བ་དོན་དང་ལྡན་པ་ཡིན་པའི་དགའ་སྤོབས་ཀྱིས་བྱེད་ཀྱིན་ཡོད་ལ། སྐྱེ་བ་དོན་དང་ལྡན་མིན་ནི་རང་གཞན་ལ་ཕན་པའི་བྱ་བ་སྒྲུབ་ཐུབ་མིན་ལ་རག་ལུས་ཡོད། རང་གཞན་ལ་ཕན་པའི་བྱ་བ་སྒྲུབ་པ་ལ་ཡོད་དགོས་པ་ནི་མཚན་སྙན་དང་བདེ་ཐང་ཡིན། དེས་ན་འཁྲུངས་སྐར་སྲུང་བརྩི་བྱ་བའི་སྐབས་སུ་མཛད་ཕྲིན་འཕེལ་བ་ལ་གང་ལེགས། མཚན་སྙན་རྒྱས་པ་ལ་ཅིས་ཕན། ཞབས་པད་བརྟན་པ་ལ་གང་བཟང་དམིགས་ཡུལ་དུ་བཟུང་དགོས་པ་ལས། འདི་དག་དང་ཕྱིན་ཅི་ལོག་ཏུ་སོང་བའི་ལས་རིགས་ནི་བསམ་སྤྱོད་འགལ་བ་ཡིན་པས་བྱ་མི་རུང་། བྱ་བ་ལེགས་ལམ་དུ་འགྱུར་བའི་ཆོ་ག་བསྟན་པ་རྒྱས་བྱེད་སོགས་དང་། མཚན་སྙན་འཕེལ་བྱེད་ཀྱི་ཆོ་ག་བསང་གསོལ་དར་ཅོག་སོགས་དང་། བདེ་ཐང་ལ་ཕན་བྱེད་ཚེ་སྒྲུབ་དང་རིམས་ནད་སེལ་བ་སོགས་བོད་ནང་པ་སངས་རྒྱས་པ་ལ་ཅི་བས་མང་བ་ཡོད།
མདོ་རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་གསུངས་པས། བསོད་ནམས་རླབས་ཆེན་གང་ཞིག་བསགས་པ་ཡང་འཁྲུངས་སྐར་བརྩི་སྲུང་བྱ་བའི་དགོས་དམིགས་དང་འཚམས་པ་ཡིན། འཁྲུངས་སྐར་བརྩི་སྲུང་ནི་སྤྱི་སྒེར་ཀུན་གྱིས་རྒྱུན་གཏན་བྱ་འདུག་པ་ཞིག་ཡིན་ཕྱིར། སྤྱིའི་གོ་བབ་ཤེས་པ་གལ་ཆེ་བར་མཐོང་ནས་སྤྱི་བཤད་ཙམ་དུ་བྲིས་སོ། །