ཨ་འདུས་པས།
བསླུ་མེད་ལུང་གིས་ཟིན་པའི་བྱིས་པ་ཞིག །
མདོ་སྨད་ས་ཡི་བཅུད་དུ་འཁྲུངས་པ་ན། །
གངས་རིའི་ལྷ་མི་དགའ་བའི་དགོད་སྒྲ་ཡིས། །
རི་བོ་ཧི་མ་ལ་ཡ་འདར་བར་བྱས། །
པོ་ཏ་ལ་རུ་འཕགས་པ་སྤྱན་མི་འཛུམ། །
གངས་རིའི་ལྗོངས་སུ་བསྟན་འཛིན་རྒྱ་མཚོ་སྟེ། །
ཤར་ནུབ་འགྲོ་བའི་ཡིད་ཆེས་ཁང་བཟང་དུ། །
ཞི་བདེའི་རྒྱལ་སྲས་ཁྱེད་རང་རྟག་ཏུ་འཛུམ། །
སྙིང་རྗེའི་སྤྱན་གྱིས་རིས་མེད་འགྲོ་ལ་གཟིགས། །
བརྩེ་བའི་ཕྱག་གིས་སྐྱེ་རྒུ་བུ་བཞིན་བསྐྱངས། །
ཁྱེད་ཀྱི་ཐུགས་རྗེའི་ནམ་མཁའ་ཡངས་མོ་དེ། །
གོ་ལ་ཧྲིལ་པོའི་ངལ་གསོའི་གཞི་མར་གྱུར། །
རྟེན་འབྱུང་ལྟ་བའི་གངས་རི་བརྒྱ་ཕྲག་ལས། །
ལུང་རིགས་སྤྱོད་པའི་གཙང་ཆེན་ཕྱོགས་བཞིར་འབབ། །
འཚེ་མེད་རླབས་ཀྱི་ཟློས་གར་རེ་རེ་ཡིས། །
ཁྱེད་ཀྱི་ཞབས་ཤུལ་གོ་ལའི་ཏོག་ཏུ་གྱུར། །
རང་འདོད་བསམ་ནས་བྱ་བྲལ་འགྲིམས་མ་མྱོང་། །
གཞན་དོན་བོར་ནས་སྐུ་ངལ་གསོ་མ་སྤོབས། །
དབུགས་ཀྱི་རྒྱུ་བའང་གཞན་ལ་སྩལ་ཟིན་པའི། །
བསྟན་འཛིན་རྒྱ་མཚོ་ཁྱེད་ལས་མཚར་དེ་སུ། །
ལ་ལ་མདོ་ལ་མཁས་ཀྱང་སྔགས་ཀྱིས་ཕོངས། །
འགའ་རེ་རིག་པས་ཕྱུག་ཀྱང་གདམས་པས་དབེན། །
ཐུབ་བསྟན་ཡོངས་རྫོགས་ལམ་དུ་འཁྱེར་མཁས་ཁྱེད། །
དེང་འདིར་ཐུབ་པའི་རྒྱལ་ཚབ་ཐོག་མར་གྱུར། །
འགའ་རེ་ཉམས་རྟོགས་མཐོ་ཡང་འཆད་མི་ཤེས། །
རེ་འགའ་འཆད་ལ་མཁས་ཀྱང་སྤྱོད་པས་ཕོངས། །
མཁས་བཙུན་ཟུང་གིས་རྒྱལ་བསྟན་འཛིན་པ་ཁྱེད། །
ཀླུ་སྒྲུབ་གཉིས་པ་མིན་ཞེས་སུ་ཞིག་སྨྲ། །
ཤར་ནུབ་མཁས་བརྒྱའི་ཅོད་པཎ་ཁྱེད་ཉིད་ཡིན། །
གྲུབ་ཐོབ་བརྒྱ་ཡི་མེས་པོ་ཁྱེད་རང་ཡིན། །
བཟང་པོ་འབུམ་གྱི་སྤྱི་ནོར་ཁྱེད་རང་ཡིན། །
ཁྱེད་སྐུ་བརྟན་པས་ང་ཚོ་ལྷག་ཏུ་སྐྱིད། །
དགུང་ན་གྱ་ལྔའི་ཉག་མ་བརྒལ་ཉིན་མོར། །
ཁྱེད་ཀྱི་ངོ་མཚར་མཛད་རྣམ་ལྷག་ཏུ་དྲན། །
དྲན་གྱིན་དྲན་གྱིན་ཁྱེད་སྐུ་ཉི་ཟླའི་འོད། །
ལྷ་ལྡན་ཞིང་དུ་རིང་བར་འཕོས་ན་བསམས། །
ཅེས་པའང་སྙིགས་དུས་ཐུབ་པའི་རྒྱལ་ཚབ་གཅིག་པུ་སྙིང་རྗེའི་ལྷ་གཅིག་གངས་རིའི་མགོན་པོ་མཆོག་སྐུའི་བགྲང་བྱའི་ཉག་མ་གྱ་ལྔར་ཕེབས་པའི་འཁྲུངས་སྟོན་ཉིན་ས་སྐྱ་མཐོ་སློབ་ཀྱི་རང་ཤག་ཏུ་རང་གི་བསོད་ནམས་ཀྱི་ཕུང་པོ་སྤེལ་ཕྱིར་ཨ་འདུས་པས་ཤར་མར་བྲིས་སོ། །