རྔ་བ་ཆོས་བྷེ།
འགད་འཕྱི་བའི་མེ་ཏོག
སྐྱེ་འཆིའི་རྣམ་གཞག་མང་པོ་ཞིག་བརྒྱུད་དེ་ཟླུམ་ཞིང་ནར་མོ་ཡིན་པའི་རྫ་བུམ་ནང་ཁྱེད་ཉིད་ད་ལྟ་མཚར་སྡུག་རྣམ་པར་བཀྲ་བའི་མདངས་ཀྱིས་འཚར་ཡོད། ཟླ་ཞག་གི་རྩུབ་སྤྱོད་བར་ནས་ན་ཞིང་འཆི་བྲོད་ཀྱི་སྡུག་ཡུས་རིམ་པར་བཟེད་དེ་རྩ་བ་རུལ་ཞིང་རྩེ་མོ་རྒུད་ནའང་། བྲོ་འཚལ་གྱི་སྡུག་སྐད་དང་སྲན་ཚུགས་ཀྱི་མིག་ཆུ་ནི་ཁྱེད་ཀྱིས་ནམ་ཡང་བསྐྱིལ་མ་མྱོང་། སྔོ་ལྗང་དུ་གྱུར་བའི་ལོ་འདབ་རེ་རེ་གཡུར་དུ་ཟ་བའི་ན་ཚོད་ཀྱིས་རྒྱགས་ཚེ། ད་གཟོད་ཁྱེད་ཀྱི་ཉམ་ཆུང་མངོན་ཆུང་གིས་ཕྲན་ལ་ཅི་ཞིག་བརྗོད་བཞིན་པ་ལྟར་ངས་ཀྱང་ཁྱེད་ཀྱི་ཨམ་ཚུགས་དང་སྐྱེད་འབྲས་ལ་ཡིད་སྨོན་ཤོར་ཏེ་ཆུ་ཐིགས་རེ་འགའ་བྲན་མྱོང་། གདོན་མ་ནས་ཁྱེད་ནི་མཚར་སྡུག་གི་ལང་ཚོ་ཡོངས་སུ་རྫོགས་ཤིང་ཡིད་དུ་འཐད་པའི་འདབ་མ་དག་ལྷུག་པོར་གྲོལ་པའི་མེ་ཏོག་ཅིག་སྟེ། ལེ་ལོ་དང་སྒྱིད་ལུག་གིས་འཚོ་བའི་ངའི་བསམ་པའི་ཞིང་སར་ཁྱེད་ཀྱིས་འདབ་ལོ་བསྐྱངས་ཏེ་སྐུལ་ལྕགས་ཀྱི་ཀྱོ་བ་འཇུངས་སེམས་མེད་པར་བསྲིངས་མྱོང་། དེ་བས་ཁྱེད་དང་ང་ཡི་དབར་དུ་མཛའ་གཅུགས་ཀྱི་དགེ་ལེགས་འོད་དུ་འཁྱིལ་ཡོད། ཡིན་ཡང་། ཕྱི་ཐག་ཐུང་དྲགས་པའི་ཕྲན་གྱིས་ཁྱེད་ཀྱི་སྐྱེ་འཕེལ་ལ་མནོ་བསམ་གྱི་ཉེར་བསྡོགས་མ་བསྒྲུབས་པས་ད་ལྟ་འཁང་ར་དང་བཅས་འདམ་མ་སྤྲུགས་སྤྲུགས་བྱེད་པར་ཁག་ལར་ནས་མེད་དོ། ད་ལྟ་ངས་ཁྱེས་ཉིད་ཀྱི་རྩ་བར་རྒྱུན་ཆད་མེད་པར་ཆུ་འབྲན་གྱིན་ཉི་མར་ལྡེ་བ་དང་གྲང་ངད་ལས་བསྐྱབས་ཤིང་ཚ་གདུངས་ལས་གཡོལ་བར་བགྱིས་ཏེ། ཁྱེད་ཁོ་ན་ལ་ངས་འཇུངས་པ་མེད་པར་དུས་ཚོད་དང་དཀའ་བ་ལྷུར་ལེན་བཞིན་ཡོད། ཕྲན་ཚགས་ཀྱི་དོན་ཆུང་འདི་འདྲ་ཞིག་ཁྱེད་ལ་སྙན་སྒྲོན་ཞུ་བར་ངོ་གནོང་ནའང་འདི་ཁྱེད་ལ་བཟོད་གསོལ་ཙམ་ཞིག་གི་དོད་དུ་བསྐངས་པ་ལགས། སྔོན་ཆད་ཁྱེད་ཉིད་ཀྱི་མེ་ཏོག་དམར་ཤེས་ཆེ་བ་དག་ཉིན་ཞག་གི་འགྱུར་བག་ཁྲོད་ནས་རེ་རེ་བཞིན་ས་ལ་ལྷུང་། ཡིད་ཀར་འོང་བའི་འདབ་མ་རྣམས་ཀྱང་ཁྱེད་ཀྱི་ལང་ཚོ་དར་བ་ནས་རྒུད་པའི་ཕྱོགས་སུ་ཉེ་བར་བཅར་སྐབས་སེར་ཐིགས་ཀྱིས་སྦགས། འགྱུར་སྐྱེན་པའི་ངང་ཚུལ་སྡུག་པོ་དེ་དག་མཐོང་བས་ཡིད་ཆད་དང་སྐྱི་གདུངས་གཙེས་ཀྱང་རང་བཞིན་རྣམས་སྦ་ཐབས་བྱས། སུས་ཀྱང་རྒུད་པ་ནི་མིག་ལ་མི་ཐོགས་ཤིང་རྣ་བ་མི་གཡོར་བས། ངུ་འབོད་ཀྱི་འཁུན་བུ་བར་མེད་དུ་བགྲངས་ཀྱང་སྐྱོ་ཟད་སྔོ་གཏུགས་ཀྱི་རྣམ་རྒྱུ་འབྲས་ལ་རྒྱལ་ཁ་འཐོབ་མི་སྲིད། ཡིན་ཡང་། རྒུད་པ་ནས་རྒུད་པའི་ལྷུམས་སུ་ཞུགས་ཏེ་ཟླ་ཞག་གི་མངལ་དུ་སྦྲུམ་མོད། དེང་འདིར་ཁྱེད་ཉིད་མཛེས་ཉམས་སྐྱེ་སྟོབས་ཀྱི་ཁོ་ལག་ཡར་ལྡན་དུ་རྫོགས་ཏེ་ངང་ཐག་ཐུང་བའི་ང་པ་དང་ངའི་རྫ་བུམ་ནང་ལ་ཉམ་ཆུང་གིས་བལྟམས་ཡོད་དོ།།
འགྱུར་ལྡོག་གི་སེམས་ཁྲལ།
དེ་རིང་གནམ་གཤིས་ཀྱིས་དྲོད་བསྐྱིལ་ཏེ་ཚ་ལམ་ལམ་གྱི་རེག་བྱ་ཁོ་ནས་དགུན་དུས་ཆོས་ཉིད་དེ་རིམ་གྱིས་ཡལ་བཞིན་པ་ཚོར། དེ་བས་ཕྱི་རོལ་གྱི་མཐོ་དམའ་མི་མཉམ་པའི་རི་བོ་དག་གི་ངོས་ཀྱི་ལྗོན་པ་རྣམས་ཀྱིས་ཀྱང་སེར་ཞིང་མི་སྡུག་པའི་གཉེར་རིས་རྣམས་དོར་ཏེ་ལྗང་ཐང་ངེ་བ་ཞིག་ཏུ་གྱུར་འདུག དྲང་བོར་བརྗོད་ན་དྲོད་ཀྱི་སྦྱིལ་བུར་དྲངས་པའི་བཞིན་མདངས་རེ་རེས་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བའི་ཕུང་བོ་ཁུར་དུ་བཏེགས་ཏེ་སྤྲོ་བ་བརྟས་པའི་བདེ་སྐྱིད་ཀྱི་ཀླས་སུ་ཁྲིད་ཅིང་། བསམ་གཞིག་གིས་གླགས་བཙལ་བའི་སྐབས་སུ་སྟོང་སང་སང་གི་ཚོར་བའི་མུ་ཁྱུད་ལ་ཅེར་ཏེ་ཅི་ཡང་འཐོབ་པར་བསྐལ་བའི་འཇིག་རྟེན་ཆེན་པོ་ཞིག་ཏུ་འཁྱམ་ཉུལ་ཐེངས་ཤིག་བགྱིད། འདས་ཤིང་རྒྱང་རིང་དུ་གྱུར་བའི་སྤྱི་མཐུན་གྱི་ལས་དབང་ལ་སེམས་པ་ན་ང་ཚོ་མི་ཞེས་སྲོག་ཆགས་འདི་ས་གཞི་རིལ་མོ་འདིའི་པང་དུ་བདོག་པའི་སྲོག་ཆགས་ཀུན་ལས་ཆེས་སྦྱང་ཞིང་གྲོང་བོ་ཡིན་པར་ཀུན་གྱིས་བཤད། རིགས་རུས་ཆོ་འབྲང་གི་རྣམ་གཞག་མང་པོ་ཞིག་ཀྱང་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོར་ཡོད། དེ་ལྟར་རྩོད་ལྡོག་གི་གཡུལ་བཀྱེས་ཤིང་ཤེས་རིག་གི་མྱུ་གུ་འབུས་སུ་བརྩམས་ཏེ། འགལ་འདུ་ཆེ་བའི་སྤྱི་ཚོགས་ཀྱི་ཐེམ་པ་རེ་རེ་གྲངས་ལ་བསྟར་ཏེ་ས་གཞི་རིལ་མོ་འདི་མཚོན་ཆའི་རྣོ་དབལ་ལ་དྲངས་པའི་གོས་ཡུག་ལྟར་ཚལ་བ་ཚལ་བ་བྱས་ཤིང་ཐོབ་རྩོད་ཆེན་པོའི་ལས་སུ་ཞུགས། དུས་དེ་ཙ་ན་ཚེ་སྲོག་གི་རིན་ཐང་གཙིགས་སུ་འཛིན་པའི་འདུ་ཤེས་ཀྱི་རྩ་བ་མ་རྒྱས་པས་བྲན་འཁོལ་དབུལ་ཕྱུག་གི་ལམ་ལུགས་སྣ་ཚོགས་ཀྱིས་འཇིག་རྟེན་འདིའི་ངོ་གདོང་ཉམས་དམས་སུ་བཏང་། ཕྱིས་སུ་རིག་གནས་གསར་བའི་སྒོ་མོ་ཧར་གྱིས་ཕྱེས་ཏེ་སྣོད་བཅུད་གཉིས་ཀའི་རྣམ་པར་འགྱུར་ལྡོག་བླ་ལྷག་ཏུ་ཐེབས། དེ་བས་མིག་གིས་མ་མཐོང་བའི་འཇིག་རྟེན་ཁམས་ཀྱི་གསང་བ་མང་པོ་ཞིག་ཚན་རིག་གིས་སྣ་དྲངས་ཏེ་མི་རེ་རེ་མིག་མདུན་དུ་བཤམས་ཚེ། ཡ་མཚན་གྱི་ཅ་ཅོ་སྒྲོག་གིན་གསང་བ་དེའི་ཕ་རོལ་དུ་ད་དུང་ཅི་ཞིག་སྦས་སམ་གྱི་སྒྲོ་འདོགས་གཅོད་ལ་བྲེལ།
དཀོར་ཟས།
རྒྱུ་འབྲས་ཀྱི་ཆོས་ཉིད་སྟོན་རླུང་གིས་སྤུར་བའི་ལོ་མ་སེར་པོ་ལྟར་བར་མཚམས་མེད་པར་ངའི་བར་སྣང་ལ་ཐོར། དཀར་ཁྱུག་ཁྱུག་གི་འཇིག་རྟེན་འདིར་རྒྱུ་འབྲས་ཀྱིས་བཏེགས་པའི་ལས་དབང་གི་ཁ་དར་རྒོད་པས་བསམ་གཞིག་གི་མགོ་འཕང་ནི་སྨད་ཅིང་ལྕི་བར་བཏང་། བཞད་གད་ཀྱིས་རྨི་ལམ་གཤགས་ཤིང་འཁུན་བུ་ཡི་བྲོ་ནད་སྟེར་བའི་དུས་ཚུགས་ཀྱི་ཉེར་བསྡོགས་སུ། རྒྱུ་འབྲས་ཀྱི་ས་བོན་གང་ཞིག་གིས་རྒྱང་ཐག་རིང་བའི་བགྲོད་ལམ་གཙིགས་ཆེན་གྱིས་བཏབ་ཅིང་། མཐུག་དྲགས་པའི་མུན་ནག་གི་ཁ་ཆེམས་དུར་ལ་སྦས། བསམ་གཞིག་དང་ལུས་སེམས་ལ་ངལ་དུབ་མེད་པར་བདེ་སྐྱིད་ཅེས་པའི་འགྲུལ་བཞུད་དེའི་སྐོབས་སུ་ཆུད་ཀྱང་དེའི་ཕག་ཏུ་ད་དུང་སྡུག་བསྔལ་གྱི་རྟིང་མ་ཡོད་པ་ནི་སུ་ཡིས་ཚོར། ཕ་མའི་གཟིགས་སྐྱོང་དང་གཞན་གྱི་གནང་སྦྱིན་མེད་ན་དེ་རིང་གི་དགོད་སྒྲ་ལྷུག་པོ་འདི་ཇི་ལྟར་འབྱུང་ཨང་། ངོ་མ་བརྩེ་ཞེན་གྱི་སྤྲིན་རིམ་དང་གནང་སྦྱིན་གྱི་མཁའ་མཐར་ཉི་ཟླའི་འོད་མདངས་ཚེས་ཕྱིར་ད་གཟོད་སུ་ཞིག་ལ་ཁེངས་འགྲོས་བདོག་ཅིང་སུ་ཞིག་ལ་གད་རྒྱངས་ཀྱི་འཇིག་རྟེན་ཡོད། རྔུལ་ཆུས་ན་རག་གི་རྒྱ་མཚོ་བསྐྱིལ་མི་དགོས་པར་གཞན་གྱི་གཡུར་དུ་ཟ་བའི་བསགས་འབྲས་ལོངས་ལ་སྤྱོད་སྐབས་གཏོང་ཕོད་ཀྱི་ཕྱག་ཟུང་ལ་འཇམ་མཉེན་མེ་ཏོག་གིས་ལན་གླན་པར་སུ་ཡང་དཔའ། ངའི་ཕུན་ཚོགས་ཀྱི་རྗང་བ་ཡོངས་སུ་གཏམ་པའི་འཁོར་འདས་ཀྱི་འཇུག་ལྡོག་ལ་རྒྱུ་འབྲས་རྣམ་གཞག་གི་འོད་ཟེར་སྦྲན་མ་ནུས། འོན་ཀྱང་དེ་རིང་གི་བདེ་སྐྱིད་ནི་དངོས་གནས་ཁོ་བོ་ཅག་གིས་སྦྱིན་པའི་བགྲོད་ལམ་འབྱམས་ཀླས་པ་ཞིག་སྟེ། ང་ད་དུང་དེའི་ཕང་བར་གྲིལ་བའི་ཤོག་སྐྱ་ལྟར་གང་འདོད་འདོད་ཀྱི་རྩེད་འཇོ་ལ་རོལ་བཞིན་ཡོད། རྒྱུ་འབྲས་ཀྱི་ཆོས་ཉིད་འདི། ད་ལྟ་ཕྱིའི་མུན་པ་མ་རིག་པའི་ཁམས་འདིར་ངེས་འབྱུང་གི་རྩ་བ་འཁྲུངས་པ་ལྟར་མྱུར་བ་མྱུར་བར་ས་ཁད་རིང་ཞིག་ཏུ་བཞུད་ཀྱིན་འདུག སྐྱ་རེངས་ཀྱི་ཁ་ལོ་བྱས་པའི་ཉི་མའི་འགྲོན་པོ་ཡང་ཕེབས་གྲབ་འདུག གཙག་འབུ་དག་གིས་དལ་བ་དལ་བུར་ངའི་ཁྲག་འཇུབ་པར་བྲེལ་ཡང་ང་ཡང་གཙག་འབུ་ལྟར་གཞན་གྱི་རྔུལ་ཁྲག་ལ་ལོངས་སུ་སྤྱོད་བཞིན་ཡོད། འབྱོན་གྲབས་ཡོད་པའི་ཉི་མའི་ཁ་དོག་གིས་ཚ་ཟེར་དང་འོད་སྣང་མཉམ་དུ་ཁྱེར་ཏེ་འཁྱག་རོམ་བཞུ་ཞིང་མུན་པ་སེལ་བར་བྱེད། ངའི་ལུས་སེམས་གཉིས་ཀར་བདེ་སྐྱིད་ཀྱི་ས་བོན་བཏབ་བོ་ཅོག་གི་སེམས་ཀྱི་འཁྱམ་རོམ་དང་སྡུག་བསྔལ་གྱི་མུན་པ་སེལ་ཞིང་བདེ་སྐྱིད་ཀྱི་འོད་སྣང་རེ་ཅིས་ཀྱང་སྩོལ་རོགས་ཞུའོ།།
ཁ་བ་ལྷ་ཡུལ་གྱི་མེ་ཏོག
ཁ་བ་ལྷ་ཡུལ་གྱི་མེ་ཏོག ཁྱོད་ལ་མ་བསྒོས་ལྷུན་འགྲུབ་ཀྱི་མཛེས་སྡུག་ལྡན་ནའང་། སྔོ་དྭངས་དྭངས་ཀྱི་ནམ་མཁའི་འཁོབས་སུ་ཡུན་རིང་ཞིག་ལ་ལང་ཚོའི་འདབ་མ་སྦྲུམ་སྟེ་དེ་རིང་གྲང་ངད་ཁྱུ་གཅིག་གི་རྗེས་ནས་སོས་དལ་གྱིས་སླེབས་བྱུང་། ཁྱེད་ནི་ཡུན་རིང་བོ་ཞིག་ལ་བསམ་གཏན་གྱི་སྙོམ་པར་བཞུགས་པས་འཇིག་རྟེན་གྱི་ཆོས་ཉིད་མང་པོ་ཞིག་མ་རྟོགས་ཤིང་མ་གཟིགས་པས་ཁེར་རྐྱང་དུ་ཡོང་བ་ནི་དོགས་མི་བདེ་བ་ཞིག་ལོས་ཡིན། འོན་ཀྱང་རྒྱན་གྱིས་མ་སྤུད་པའི་རི་ཞོལ་ནི་སྔར་བཞིན་རྩིང་ཞིག་ནོག་པའི་ངང་ཚུལ་ལས་ཏིལ་ཙམ་ཡང་གཡོ་མ་ནུས་པར་ཁ་ཆག་སྣ་རལ་དུ་གྱུར་བའི་གྱང་གོག་དང་ཁང་བརྩེགས་དེ་དག་ཀྱང་སྐྱོ་ཡུས་ཀྱིས་ངུ་ཤུམ་བྱེད་ཀྱིན་འདུག ཁྱེད་ལ་ཉེ་རིང་ཟེར་བའི་ཆགས་སྡང་གི་མཚོན་རྣོན་ལར་ནས་མེད་ཀྱང་། ཁ་བ་ལེབ་མོ་ལེབ་མོར་བབས་པའི་དེ་རིང་རི་ཚོགས་དང་གངས་རིར་དར་དཀར་ལྟ་བའི་ཁ་དོག་གི་མཛེས་ཆས་སྦྲན་ཏེ་མཐའ་ཡས་པའི་རི་ཞོལ་གྱི་འཇིག་རྟེན་ཆུང་ངུ་ལ་ངོམས་སོའི་འཕྱར་འཕྱར་བྱེད་པའི་སྟངས་ཀ་དེ་རེ་ཞིག་མིག་བརྗིད། ཁ་བ་ཐེངས་ཤིག་བབས་རྗེས། རི་ཞོལ་ལ་ཐོབ་པ་ནི་ཁང་མ་ཆར་ཏེ་དེ་ཙམ་ཞིག་བདག་ཏུ་ཐོབ་པས་ཀྱང་རྩེད་འཇོའི་དཔལ་དུ་སིམ་སྟེ་གླུ་གར་གྱི་རྫོངས་པ་ངོམས་ཆེ་བ་ཞིག་མངོན་ཆུང་གིས་ཁྱེད་ལ་སྦྲིངས་ཡོད། ཁྱེད་ལ་འཇའ་ཚོན་ལྟ་བའི་སྣ་འཛོམས་ཀྱི་ཁ་དོག་མེད་ལ་མཚམས་སྤྲིན་ཇི་བཞིན་ཉི་མའི་ཁ་ལོ་བྱེད་པའི་ནུས་པའང་མེད། འོན་ཀྱང་། ཆར་རྒྱུན་གྱིས་འདག་པར་མི་ནུས་པའི་སེམས་ཀྱི་དྲི་མ་མང་པོ་ཞིག་ཁ་བ་འབབ་ཐེངས་གཅིག་གི་རྗེས་སུ་རིམ་གྱིས་ཡལ་འགྲོ་བ་ནི་ཁྱེད་ཁོ་ན་ལ་ཡོད་པའི་ལྐོག་གྱུར་གྱི་ཡོན་ཏན་ཞིག་ཏུ་མཆི། དངོས་གནས་ཁྱེད་ནི་ལྷད་མེད་ཀྱི་སྣམ་བུ། དྭངས་གཙང་གི་ཆུ་བོའོ།། ཁྱེད་ཀྱིས་སྙོམས་སེམས་དང་རེ་ལྟོས་ནི་ཧ་ཅང་འབྱམས་ཀླས་སྟེ་ཐ་ན་ཁྱེད་སླེབས་པའང་ཁུ་སིམ་ཞིང་བཞུད་འགྲོ་བའི་ལྟས་དང་མཚན་མ་ནི་ཅི་ཡང་མེད། འཇིག་རྟེན་འདིར་འཐོབ་བརྩོད་ཀྱི་ལས་སུ་ཞུགས་སྟེ་རང་ཉིད་ཀྱི་ཞེ་འདོད་ཟོམ་ལྟར་སྒྲུག་དགོས་པ་མང་ལ། ལ་རྒྱ་དང་རང་ཚུགས་དོར་དགོས་པའི་དུས་ཀྱང་ཉུང་ཉུང་ཞིག་ག་ལ་ཡིན། དེ་བས་ཁེ་སྤོགས་དང་ལྟག་རྒྱབ་ཀྱི་རི་མོ་འཁྲུད་པའི་རྟོགས་བརྗོད་ནི་སྤུ་རིས་འཛིངས་པ་ལྟར་ཡིན། ཁ་བ་ལྷ་ཡུལ་གྱི་མེ་ཏོག ཚེ་སྲོག་གི་དབྱར་ཁ་ལ་སད་སེར་གྱི་གོད་ཆགས་འབྱུང་དུ་སྲིད་ཀྱང་དགུན་དུས་ཀྱི་ཆོས་ཉིད་ལ་བསམ་ཚེ་ཕངས་སེམས་མེད་པར་གཏོང་དགོས་པ་མང་ཞིང་། ཕན་ཐོག་མེད་ཀྱང་བཏུ་དགོས་པའང་བགྲང་གིས་མི་ལང་།