འབྲོག་རུ་ཆོས་གྲགས། དྷ་ས།
ལོ་དྲུག་གི་ཡར་སྔོན་སྟེ་ ༢༠༠༥ ལོའི་ཟླ་ ༦ པའི་ནང་ང་ཚོ་ཤར་གངས་པོ་བརྒྱུད་དེ་ལྟོགས་སྐོམ་དང་ཚ་སྡུག དངངས་འཚབ། སྐྱོ་སྡུག་སོགས་ཀྱིས་མནར་ནས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར། གནས་དེ་ནས་ཟླ་གཅིག་ལྷག་ཕྱིན་རྗེས་ང་ཚོ་ཆོལ་གསུམ་བོད་མི་བཅོ་ལྔ་ལྷག་གིས་དཔུང་བ་མཉམ་གཤིབ་དང་ནུས་པ་མཉམ་སྤུངས་ཀྱིས་<བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་>གསར་འཛུགས་བྱས་ཤིང་སྐབས་དེར་ང་ཚོར་ལས་ཁུངས་དང་དྲ་ཚིགས། དཔལ་འབྱོར་དང་མཐུན་རྐྱེན་སོགས་ཅི་ཡང་མེད་ཀྱང་ང་ཚོ་རང་མོས་ཀྱིས་ཡང་ཡང་འཛོམས་ཤིང་སྐད་ཡིག་སྲུང་སྐྱོབ་དང་དེའི་ཐབས་ལམ་སྐོར་ལ་ཡང་ཡང་བགྲོས། ཡང་དང་བསྐྱར་དུ་གླེང་བའི་འགན་འཁྲི་དེའི་ཆེད་དུ་ང་ཚོ་ལྷག་བསམ་རྣམ་དག་དང་སྤོབས་པ་འགྱུར་མེད་ཀྱིས་ལམ་བུ་དེར་དབུལ་ཕོངས་ཀྱིས་ཞུགས ་ཀྱང་སྙིང་སྟོབས་དང་སྤོབས་པ་ཆེན་པོའི་ངང་རང་འགན་རང་སྲུང་གིས་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ལམ་ཀ་འདིར་ཞུགས། ངོ་མ་བཤད་ན་སྐབས་དེར་ང་ཚོར་ཅི་ཡང་མེད། ང་ཚོའི་བྲང་ཁོག་ན་ལྷོག་ལྷོག་དུ་འདུ་བཞིན་པའི་ལྷག་བསམ་ཁོ་ན་དེ་ལས་ཅི་ཡང་མེད།
ལོ་དེའི་ཟླ་ ༨ པའི་ནང་ང་ཚོ་རྒྱ་གར་དུ་འབྱོར་ཞིང་རང་རང་གི་འདོད་མོས་ལྟར་ང་ཚོའི་ཚོགས་མི་ཚོ་ཡང་དགོན་པ་དང་སློབ་གྲྭ་ཁག་ཏུ་ཕྱིན། དེར་བརྟེན། རེ་ཞིག་ལ་ང་ཚོས་སྐད་ཡིག་སྲུང་སྐྱོབ་ཐད་ཅི་ཡང་སྒྲུབ་ཐུབ་མ་སོང་། ༢༠༠༧ ལོར་ང་རང་སློབ་གྲྭ་ནས་ཕྱི་ལ་བུད་དེ་ཚོགས་མི་འགའ་དང་མཉམ་དུ་གྲོས་བསྡུར་གྱིས་ད་ལྟ་འདོན་སྤེལ་བྱེད་ཀྱིན་པའི་<སྐད་ཡིག་ཚགས་པར་>འདི་ཟླ་གཉིས་རེ་མཚམས་སུ་འདོན་སྤེལ་བྱ་རྒྱུ་ཐག་གཅོད་བྱས། ཡིན་ནའང་། སྐབས་དེར་ང་ཚོར་ཚགས་པར་འདོན་བྱེད་ཀྱི་མ་དངུལ་གཅིག་ཀྱང་མེད་པས་དང་པོ་ང་ཚོ་སྐོར་ཞིག་གིས་མ་དངུལ་བསྡུ་རུབ་ཀྱིས་སྐད་ཡིག་ཚགས་པར་འདོན་ཐེངས་དང་པོ་འགྲེམས་ཐུབ་པ་བྱུང་། སྐབས་དེར་ང་ཚོའི་ཁང་གླ་དང་ཉིན་རེ་ཡི་འཚོ་བ་ལ་ཡང་དཀའ་ངལ་ཡོད་ལབ་ན་སུ་ཞིག་ཡིད་ཆེས་སམ། དེ་ནི་ངའི་ལས་རོགས་ཚོ་མ་གཏོགས་སུ་ཞིག་གིས་མི་ཤེས་ལ་ཤེས་དགོས་པ་ཡང་མི་འདུག
དེ་ལྟའི་དཀའ་ངལ་དང་ཀྱག་ཀྱོག་གི་ལམ་ཀ་ནས་ང་ཚོས་དང་བླངས་ངང་སྐད་ཡིག་སྲུང་སྐྱོབ་ཐད་ཀྱི་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་ནི་རང་རེའི་སྤྱི་ཚོགས་ཀྱི་མེ་ལོང་ངོས་ན་གསལ་བོར་ཡོད་པས་བརྗོད་དགོས་དོན་མི་འདུག རྔུལ་ཆུས་བརླན་པའི་ལམ་ཀ་དེ་ནས་ད་གཟོད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་འདི་ཇེ་རྒྱས་དང་ཇེ་བརྟན་ལ་སོང་ཞིང་། སྔོན་ཆད་དང་བསྡུར་ན་ད་ལྟ་བརྒྱ་འགྱུར་སྟོང་འགྱུར་གྱིས་འཕེལ་རྒྱས་ཕྱིན་ཡོད།
འདི་ནི་ཆིག་སྒྲིལ་གྱི་ནུས་པ་དང་ལྷག་བསམ་གྱི་རྩོལ་བ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཆིག་སྒྲིལ་དང་ལྷག་བསམ་ནི་ལས་ཀ་གང་ཞིག་ལས་ཀྱང་དེའི་རྨང་གཞིར་གྱུར་ཡོད་པ་ལས་ཀ་འདིའི་བརྒྱུད་རིམ་ནས་ང་ལ་ངེས་ཤེས་འདྲོངས་ཏུབཅུག་སོང་།
ཞིབ་དུ་བསམ་ན་ལྷག་བསམ་དེ་དང་ཆིག་སྒྲིལ་དེ་གཉིས་བསླངས་བྱེད་ཀྱི་རྩ་བའི་རྨང་གཞི་ནི་འགན་འཁྲི་ཞིག་རེད། འགན་འཁྲིས་བསླངས་པའི་དཔྱོད་ཤེས་ཀྱི་རིག་པ་དེ་ཅི་ལྟར་རྒྱུན་རིང་ན་དེ་ལྟར་ནུས་པ་འཕེལ་བའི་གནས་ལུགས་ཀྱི་བརྒྱུད་རིམ་ནས་ང་ཚོ་འགན་འཁྲི་ལ་ཕྱོགས་ཤིང་འགན་འཁྲིས་ང་ཚོ་འགྱེལ་ས་ནས་བསླངས་བ་ཡིན་པས་འགན་འཁྲི་འཁུར་རྒྱུ་ནི་ཆེས་གལ་གནད་རང་བཞིན་ཅན་གྱི་ལས་སུ་བྱ་བ་ཞིག་རེད།
མདོ་དོན་ཡང་སྙིང་། ཕན་སེམས་ཀྱི་འགན་འཁྲིས་དབུལ་བའི་སྤྱི་ཚོགས་དང་མི་སྡེ་ནི་ཡོད་ཚོད་ཀྱིས་དབུལ་བའི་མི་སྡེ་ཡིན་ལ་ཕན་སེམས་ཀྱི་འགན་འཁྲིས་ཕྱུག་པའི་སྤྱི་ཚོགས་དང་མི་སྡེ་ནི་སྔོན་ཐོན་དང་འཕེལ་རྒྱས་ཀྱི་ལམ་ལ་བསྐྱོད་པའི་འགྲུལ་བཞུད་པ་ཡིན་པས་དེ་མ་ནོར་བར་གྱིས་ཤིག་ཅེས་པ་དེ་ཡིན།
ངས་ཁྱེད་ལ་དྲིབ་ཞིག་འདྲི་ན་འདོད། ཚུལ་ཁྲིམས་སངས་རྒྱས་ཚོགས་པ་དེ་ནས་ཐོན་དགོས་དོན་དང་།གཙང་སྐོར་འཕྲིན་ལས་ཚོགས་དེ་ནས་ཕུད་དགོས་དོན་སྐོར་ལན་ཁ་གསལ་ཞིག་གསུང་རོགས་གནང་།
རྒན་འབྲོག་རུ་ཆོས་གྲགས་ཀྱི་མྱོང་བའི་རྩོམ་ཐུང་དེ་ཤིན་ཏུ་སྙན་ལ་བརྗོད་བྱ་དོན་དང་ལྡན་ཞིང་
རྗོད་བྱེད་སྡེབ་སྦྱོར་སྙོམས་པ་ཞིག་རེད་ལ་དངོས་གནས་རྩོམ་དེ་ཉིད་ཀྱི་བསླབ་བྱ་ཡང་དེ་ལས་
བཟང་བ་ལྟ་བུ་རེད་རྗེས་སུ་ཡིད་རངས་ཡོད།
ཆོས་གྲགས་ལགས། སྙིང་ཐག་པ་ནས་དགའ་བསུ་ཡོད། ད་དུང་ནུས་པ་ཆེ་རུ་གཏོང་རོགས་དང་རྒྱབ་སྐྱོར་ཡོད། བརྒྱ་བཤད་སྟོང་བཤད་ག་ཚོད་བྱས་ཀྱང་མི་རིགས་ཀྱི་ཚེ་སྲོག་ཉག་མ་འདྲ་པོ་སྐད་ཡིག་རེད།
ལྷག་པར་དུ་བཙལ་བྱོལ་ནང་ར་མ་ལུག་གི་སྐད་བཤད་རྒྱུ་དབྱིངས་ཆེན་པོ་ཡོད་ལ་དེ་འགོག་ཐབས་སུ་ལས་འགུལ་ཡང་ནས་བསྐྱར་དུ་སྤེལ་རོགས་གནང་།
ཚོགས་མི་ཚང་མ་ལ་ཁ་སེམས་མཐུན་པའི་ཁ་བཏགས་ཤིག་ཕུལ་ལོ།།
འབྲོང་རུ་ཆོས་གྲགས་ལགས། ཁྱོད་ཀྱི་བཤད་པར་དངོས་གནས་ཡིད་ཆེ་དང་རྒྱབ་སྐྱོར་ཡོད། ལྷག་བསམ་འགྱུར་མེད་ཀྱི་སྟོབས་ཤུགས་དེས་གང་མགྱོག་ཉམ་ཆག་འགྲོ་བཞིན་པའི་མི་རིགས་འདི་སྐྱོབ་ཐུབ་པའི་རེ་བ་ཡོད།
གཞན་ཡང་གཞུང་སྒེར་སུ་ཡིན་རུང་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་མེད་པའི་ལས་འགུལ་འདྲ་མིན་ལས་སྐད་ཡིག་ཚོགས་པ་གསར་འཛུགས་སམ་ཡང་ན་ད་ཡོད་ཚོགས་པ་འདི་ལ་ཕྱོགས་གང་ཐད་ནས་རོགས་རམ་གནང་ན་བོད་མི་རིགས་ལ་ཁ་ཚ་དགོས་གཏུགས་རེད།
བཀྲ་ཤིས་བདེ་ལེགས། ད་དུང་སེམས་བསྐྱེད་སྒོམ་རོགས།
ཨོ། རྣམ་པ་ཚོས་སྐུ་ངལ་མང་པོ་བསྐྱོན་ཡོད་འདུག་པ་ལ་གུས་བརྩི་ཞུ་བ་ཡིན།
དེ་རིང་གི་རྩོམ་འདི་༼ཕན་སེམས་ཀྱི་འགན་འཁྲིས་དབུལ་བའི་སྤྱི་ཚོགས་དང་མི་སྡེ་ནི་ཡོད་ཚོད་ཀྱིས་དབུལ་ བའི་མི་སྡེ་ཡིན་ལ་ཕན་སེམས་ཀྱི་འགན་འཁྲིས་ཕྱུག་པའི་སྤྱི་ཚོགས་དང་མི་སྡེ་ནི་ སྔོན་ཐོན་དང་འཕེལ་རྒྱས་ཀྱི་ལམ་ལ་བསྐྱོད་པའི་འགྲུལ་བཞུད་པ་ཡིན་པས་དེ་མ་ནོར་བར་གྱིས་ཤིག༽ཅེས་པའི་སྐུལ་སློང་གི་ཆེད་ཡིན་པ་ཡང་ཧ་གོ་ཡོད། ང་ཚོས་འགན་འཁྲིས་ཕྱུག་པའི་སྤྱི་ཚོགས་དང་མི་སྡེ་ནི་སྔོན་ཐོན་དང་འཕེལ་རྒྱས་ཀྱི་ལམ་ལ་བསྐྱོད་པའི་འགྲུལ་བཞུད་པ་ཡིན་པ་དེ་མ་ནོར་བར་བགྱིས་ཆོག ཁྱེད་རང་རྣམ་པའི་ལས་དོན་མུ་མཐུད་ཡར་རྒྱས་ཡོང་བའི་ཡིད་ཆེས་ཀྱང་བྱེད།
འོན་ཀྱང་། དེ་རིང་གི་ཡི་གེ་འདིའི་ནང་ན་ཡིག་ནོར་ཨེན་ཙམ་འདུག་པ་གཤམ་གྱི་འདི་ཚོ་བཟོ་བཅོས་རེ་གནང་ན་ཡིད་ཆེས་འཕེལ་བར་ཕན་པར་ངེས། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་ཀའང་རེད།
སྐད་ཡིག་ཚགས་པར་དེ་གང་ནས་རག་གི་ཡོད་པ་རེད་དམ། དེ་ངོ་སྤྲོད་ཅིག་གནང་རོགས། ཚོགས་པ་ལ་དྲ་རྒྱ་ཞིག་ཀྱང་ཡོད་པ་གསལ་བས་དེའི་ཁ་བྱང་ཡང་དྲ་ངོས་འདིར་གསལ་འདོན་ཡོང་བའི་རེ་ལྟོས་བྱེད།
ལོ་དྲུག་གི་ཡར་སྔོན་༼སྟེ་༽
ལམ་༼ཀ་༽
ང་ཚོའི་བྲང་ཁོག་ན་ལྷོག་ལྷོག་༼དུ༽་༼འདུ༽་བཞིན་པའི་ལྷག་བསམ
འདི་ཟླ་གཉིས་༼རེ་༽མཚམས་སུ་འདོན་སྤེལ་
ང་༼ཚོའི་༽ཁང་གླ་དང་ཉིན་རེ་ཡི་འཚོ་བ་ལ་ཡང་དཀའ་ངལ་ཡོད་
དཀའ་ངལ་དང་ཀྱག་ཀྱོག་གི་ལམ་༼ཀ༽
རྔུལ་ཆུས་བརླན་པའི་ལམ་༼ཀ༽
ལས་ཀ་འདིའི་བརྒྱུད་རིམ་ནས་ང་ལ་ངེས་ཤེས་འདྲོངས་༼ཏུ༽བཅུག་སོང་།
ཞིབ་༼དུ་༽བསམ་ན་
དཀའ་སྡུག་ཁྲོད་ནས་བྱུང་བའི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་འབྲས་བུ་ལ་རྗེས་སུ་ཡི་རང་བསྔགས་བརྗོད་ཡོད། བཙན་བྱོལ་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་བྱུང་རིམ་ལ་ཕྱི་མིག་ཅིག་བལྟས་ན། དཀའ་སྡུག་ཁྲོད་ན་རྒྱུ་འབྱོར་གྱི་རྒྱབ་དཔུང་མེད་ཀྱང་ལྷག་བསམ་གྱི་བློ་རྩ་བརྟན་པས་ས་སྐམ་པོ་ནས་འབུས་ཏེ་ཡལ་འདབ་རྒྱས་པ་བཞིན་ཀུན་གྱིས་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་དངུལ་དངོས་མཐུན་རྐྱེན་འབེལ་ཏུ་འགྲོ་དུས་རིམ་བཞིན་རུལ་སུངས་སུ་གྱུར་ཏེ་མཐའ་མ་འཐོར་བ་འམ། སྤྱི་ཚོགས་ཀྱི་ཁ་རྡུང་གཏོང་ཡུལ་དང་དཔེ་འཇོག་བྱེད་ས་རུ་འགྱུར་བཞིན་ཡོད་སྟབས། སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་མི་དང་ལས་མི་རྣམས་ཀྱི་དེང་དུས་དང་མཐུན་པའི་སྒྲིག་གཞི་བརྟན་པོ་ཞིག་གི་འོག་ནས་མདུན་བསྐྱོད་བྱེད་པར་སྐུལ་འདེབས་བྱེད་དོ། །
རིན་ཆེན་ལགས།
སྐད་ཡིག་ཚགས་པར་དྷ་ས་དང་ལྷོ་ཕྱོགས་ལྡི་ལི་བལ་ཡུལ་བཅས་ནས་རག་གི་རེད། གཤམ་གྱི་ཨང་གྲངས་ཐོག་འབྲེལ་བ་བྱས་ཀྱང་ཆོག
༩༨༨༢༡༠༥༡༥༦
དྲ་ཚིགས་ཀྱི་ཁ་བྱང་། http://www.tlia.jimdo.com
རིན་ཆེན་ལགས།
སྐད་ཡིག་ཚགས་པར་དྷ་ས་དང་ལྷོ་ཕྱོགས་ལྡི་ལི་བལ་ཡུལ་བཅས་ནས་རག་གི་རེད། གཤམ་གྱི་ཨང་གྲངས་ཐོག་འབྲེལ་བ་བྱས་ཀྱང་ཆོག
༩༨༨༢༡༠༥༡༥༦
དྲ་ཚིགས་ཀྱི་ཁ་བྱང་། http://www.tlia.jimdo.com
རྣམ་པ་ཚོས་རྒྱབ་སྐྱོར་དང་སྐུལ་སློང་གནང་བར་ཐུགས་རྗེ་ཆེ།
ལོ་ཟླ་ཚེགས་ཀྱིས་བཞུད་པའི་འགག་འཕྲང་རིང་མོ།།
དུང་ཞེན་འོད་ཀྱིས་འཚེར་བའི་ཞབས་རྗེས་ཐར་ཐོར།།
རིགས་ཞེན་ལ་རྒྱའི་བཏེགས་པའི་དཔའ་མཛངས་འདི་ཡིས།།
རེ་བ་ལྷག་མ་ཞིག་གི་དྲོད་ཁོལ་སྦྱིན་བྱུང་།། ཁྱེད་རྣམ་པའི་ལྷག་བསམ་དང་སེམས་ཤུགས་ལ་རྗེས་སུ་ཡི་རང་གིས་རྒྱབ་སྐྱོར་ཞུའོ།
མ་ཡུམ་གྱི་འོ་སྤྲི་ལས་ཞིམ་པའི་བོད་སྐད་ཡིག་གི་ཚེ་སྲོག་རྒྱུན་བསྲིངས་ཆེད་ལས་དོན་རླབས་ཆེན་གནང་མཁན་གྱི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པར་སྙིང་ཐག་པ་རྟེན་འབྲེལ་ཞུ།
འབྲོག་རུ་ཆོས་གྲགས་ལགས།
ཐུགས་རྗེ་ཆེ། ཁྱེད་རང་གིས་དྲ་ཚིགས་ཁ་བྱང་ངོ་སྤྲོད་གནང་བ་བརྒྱུད། ། སྐད་ཡིག་ཚགས་པར་འདོན་ཐེངས་བཅུ་དགུ་པ་གློག་ཀླད་ནས་ཚར་གཅིག་བཀླགས་པ་ཡིན།
ཁྱེད་རང་ཚོས་དཀའ་ལས་མང་པོ་ཞིག་ལ་གདོང་ལེན་གནང་སྟེ། ད་ཆ་སྤྱིའི་འདོན་ཐེངས་བཅུ་དགུ་ལ་སླེབས་ཡོད་པ་འདྲ། དགའ་བསུ་ཞུ་བ་ཡིན།
ཡིན་ནའང་། སྐད་ཡིག་ཚགས་པར་བཀླགས་པའི་ཚོར་སྣང་ངམ་བསམ་ཚུལ་ཞིག་ཞུ་དགོས་ཆགས་སོང་།
འདོན་ཐེངས་བཅུ་དགུ་པ་འདིའི་མདུན་ཤོག་ན།
དུས་ཀྱི་ཕོ་ཉ་ཞུ་བ་ཞིག་གིས་༼གོ་བརྡ་མི་འཕྲོད་པའི་གསལ་བསྒྲགས་ཤིག༽ཅེས་པའི་ཁ་བྱང་ཅན་གྱི་རྩོམ་བྲིས་སྤེལ་འདུག་པ་དེའི་ནང་། དོན་ནོར་བ་དང་ཡི་གེ་ནོར་བ་གཉིས་ཀ་མང་ཙམ་སྤེལ་འདུག ཡིག་ནོར་གླེང་མཁན་གྱིས་ཡིག་ནོར་སྤེལ་བ་དང་། སྐད་ཡིག་གླེང་མཁན་གྱི་ཚགས་པར་གྱིས་ཡིག་ནོར་སྤེལ་བ་ནི། ཚགས་དེབ་གཞན་གྱི་ཡིག་ནོར་དང་ཅུང་མ་འདྲ་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡིག་ནོར་གླེང་མཁན་གྱིས་ཡིག་ནོར་སྤེལ་སྟངས་འདིས། སྐད་ཡིག་ཚགས་པར་གྱིས་མཚམས་ལན་རེར་སྐད་ཡིག་ཉམས་རྒུད་དུ་གཏོང་བའི་ཕྱོགས་ལའང་གོམ་པ་རྒྱག་གི་ཡོད་པའི་ཚོར་བ་སྤྲད་སོང་།
༼ཉིན་དེའི་ཞོགས་པར་ཁ་སང་གི་སློབ་ཚན་དག་ལ་བསྐྱར་སྦྱང་བྱས༽འདི་ནི་ཡིག་ནོར་གླེང་མཁན་གྱིས་སྤེལ་བའི་ཡིག་ཚོགས་དག་གི་ཐོག་མའི་མགོ་འཛུགས་ཀྱི་ཚིག་རེད། ༼དེ༽་སྒྲ་དང་༼འདི༽་སྒྲས་དོན་གྱི་གནད་སྟོན་པའི་ཁྱད་པར་གྱི་ཆ་ནས་ཞུས་ན། དུས་ཀྱི་ཆ་ནས། རིང་བ་ལ་དེ་སྒྲ་སྦྱོར་བ་དང་། ཉེ་བ་ལ་འདི་སྒྲ་སྦྱོར་བ་སོགས་ཀྱི་རྣམ་པར་གཞག་པའི་འགྲོས་དེས། ༼ཉིན་དེའི་ཞོགས་པར་ཁ་སང་གི་སློབ་ཚན་དག་ལ་བསྐྱར་སྦྱང་བྱས༽ཞེས་པ་འདིར་བལྟས་པ་ཡིན་ན། ཡིག་ནོར་གླེང་མཁན་འདིར། རང་ཉིད་སྲུང་སྐྱོབ་དང་རང་ཉིད་ཀྱི་ཁ་དང་ལག་པར་བདག་གཅེས་བྱེད་པའི་བརྡ་སྤྲོད་ཤེས་བྱ་འདང་ངེས་ཤིག་མེད་པའི་ཚོར་བ་སྤྲོད་པ་ཞིག་འདུག
༼གསལ་བསྒྲགས་དེ་དབུ་མེད་ཀྱིས་བྲིས་ཡོད་པའི་ཁར་ཡིག་ནོར་མང་དྲགས་པས་སུ་ཞིག་གིས་ཀྱང་གསལ་བསྒྲགས་དེས་ག་རེ་ལབ་ཀྱིན་ཡོད་མེད་ཧ་གོ་མ་སོང༽ཞེས་བྲིས་འདུག འདི་ནི་ཡིག་ནོར་གླེང་མཁན་གྱིས་ཚིག་དུམ་དང་པོའི་ནང་གང་རྩལ་དུ་བཏོན་པའི་གནད་རེད། ཁོང་གིས་གླེང་སྟངས་ལྟར་ན། གསལ་བསྒྲགས་འདིས་ག་རེ་ལབ་ཀྱིན་ཡོད་མེད་ཧ་མི་གོ་བར་གྱུར་པ་དེར་རྒྱུ་མཚན་གཉིས་བཤད་ཡོད། གཅིག་ནི་དབུ་མེད་ཀྱིས་བྲིས་པས་མི་གོ་བར་གྱུར་པར་བསྙད་པ་དེ་དང་། རྒྱུ་མཚན་ཅིག་ཤོས་ནི། ཡིག་ནོར་མང་དྲགས་པ་དེས་མི་གོ་བར་བྱས་པར་ངོས་འཛིན་བྱས་འདུག་སྟེ། འཚང་ཁའི་ཁྲོད་ཀྱི་མི་ཚོགས་ཀྱིས་གླེང་སྟངས་བཀོད་པ་དེ་ནི། ཏག་ཏག་གསལ་བསྒྲགས་དེས་ཀློག་མཁན་ལ་གོ་བརྡ་འཕྲོད་ཡོད་པའི་སྒྲུབ་བྱེད་ཆགས་འདུག་པ་ལས། གསལ་བསྒྲགས་དེ་དབུ་མེད་ཀྱིས་བྲིས་ཡོད་པ་དང་། ཡིག་ནོར་མང་དྲགས་པ་དེས་གོ་བ་ལེན་མཁན་ལ་གོ་བ་གང་ཡང་མི་སྟེར་བ་ཞིག་མིན་པའི་ཚད་དུ་བྱས་འདུག ཧང་སངས་དགོས་པ་ཞིག་ལ། ཡིག་ནོར་གླེང་མཁན་གྱིས་༼པང་གདན་གྱི་བཟོས་པའི་སྒོར་ཁུག༽ཅེས་བྲིས་ཡོང་སྟངས་ལ་བལྟས་པ་ཡིན་ན། བྱེད་འབྲེལ་ཕྲད་ཀྱི་སྦྱོར་སྟངས་ལྟ་བུའི་བརྡ་སྤྲོད་ཀྱི་གཞི་རིམ་ཤེས་བྱ་ལའང་རྨོངས་རྟགས་ཤིག་བསྟན་འདུག་པ་ནི། གསལ་བསྒྲགས་འདི་གླེང་མཁན་གྱི་ལག་པ་ཡིན་ནའང་འདྲ། སྐད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པའི་ལག་པ་ཡིན་ནའང་འདྲ། ༼ཉིན་དེའི་ཞོགས་པར་ཁ་སང་གི་སློབ་ཚན་དག་ལ་བསྐྱར་སྦྱང་བྱས༽ ༼པང་གདན་གྱི་བཟོས་པའི་སྒོར་ཁུག༽ ༼གསལ་བསྒྲགས་དེས་རྨོངས་པར་བཟོས༽ ༼གསལ་བསྒྲགས་འདིས་མི་རྣམས་ལྐུགས་པར་བཟོས༽ ༼རུས་སྤལ༽ ཞེས་སོགས་ལྟ་བུའི་བརྡ་ནོར་དོན་ནོར་འདྲ་འདྲེས་སུ་སྤེལ་སྟངས་འདི་ཡག་པོར་མཐོང་མ་སོང་། འདི་ནི་སྐད་ཡིག་ཚགས་པར་གྱི་རིན་ཐང་སོར་གང་གིས་ཉམས་ཆག་གཏོང་བའི་བྱེད་སྟངས་ཤིག་ཏུ་མཐོང་སོང་།
སྐད་ཡིག་ཚགས་པར་འདོན་མཁན་ཚོས། ཡིག་ནོར་ཙམ་ལས་བརྒལ་ཏེ། བརྡ་ནོར་དོན་ནོར་གཉིས་ཀ་དང་། དེ་ལས་ཚགས་ཚུད་པ་བྱ་ཐུབ་ཚེ། ཚིག་གི་སྦྱོར་བའི་ཐད་ནས་ཀྱང་གཞན་དང་མ་འདྲ་བའི་ཁྱད་ཆོས་དང་ལྡན་པའི་སྐད་ཡིག་ཚགས་པར་ཞིག་འདོན་སྤེལ་བྱེད་པའི་རེ་བ་ཆེན་པོ་ཡོད།
མ་གཞི་བྱས་ན། དུས་ཀྱི་ཕོ་ཉ་ཟེར་བས་ཡིག་ནོར་སྤེལ་བ་འདྲ་ཡང་། ད་ཆ་སྐད་ཡིག་ཚགས་པར་གྱི་ཡིག་ནོར་ཆགས་ཡོད་ཙང་། འདི་འདྲ་ཞིག་ཞུ་དགོས་ཆགས་སོང་།