བཀའ་བསྟན་བོད་སྐད་དུ་བསྒྱུར་སྐབས་ཀྱི་མིང་ཚིག་བསྒྱུར་སྟངས་ལ་དགོངས་འཆར་གནང་རྒྱུ་ཡོད་དམ། དཔེར་ན་གཤམ་གསལ་གྱི་འགྱུར་བྱང་འདི་ལས་ཁྱེད་ལ་བསམ་འཆར་ཤོད་རྒྱུ་དེ་འདྲ་ཡོད་དམ།
བྱང་ཆུབ་སེམས་ཀྱི་འགྲེལ་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གུཎཨཱཀར་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་ཅིང་ཞུས། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀནཀཝརྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པའོ།།
བསྒྱུར་སྐབས་རེད་དམ། སྒྱུར་སྐབས་རེད། དེ་བཞིན་བསྒྱུར་སྟངས་ལ་དེ་ལྟར་འགྲེའོ།
ཆོ་མེད་པའི་དྲི་བ། སྔ་མོའི་བོད་ཀྱི་ལོ་ཙ་བ་ནང་བཞིན་དེང་སང་མི་གཅིག་ཀྱང་རག་གི་ཀྱི་མ་རེད། ད་བསམ་འཆར་ག་རེ་བཤད་ཡ་ཡོད་རེད།
གོང་གི་འགྱུར་བྱང་ལ་མཚོན་ན། ཀླུ་སྒྲུབ་ཅེས་སྐྱེས་བུའི་མིང་ཞིག་བོད་སྐད་ལ་བསྒྱུར་ཅིང་། རྒྱ་གར་གྱི་མཁན་པོ་གུཎཨཱཀར་ཞེས་བོད་སྐད་ལ་བསྒྱུར་མི་འདུག ལྷ་དང་མི་ཡི་མིང་འགའ་ཞིག་བོད་སྐད་ལ་བསྒྱུར་ཅིང་། གཞན་མ་བསྒྱུར་བ་དེ་ལ་རྒྱུ་མཚན་ཡོད་དམ་བསམས་པ་ཡིན།
རེད། སྔོན་གྱི་ལོ་ཙཱ་བ་འདི་ཚོས་མཚམས་ལན་རེར་བསྒྱུར་ཐུབ་པ་དེ་ཚོ་བསྒྱུར། བསྒྱུར་མི་ཐུབ་པ་དེ་ཚོ་མིང་གི་སྒྲ་རང་སོར་བཞག དེ་འདྲ་མང་པོ་བྱས་མི་འདུག་གམ ལྷག་པར་དུ། མིའི་མིང་དང་ས་ཆའི་མིང་། རྩི་ཤིང་གི་རིགས་སོགས།
དེ་ནས་ངའི་དོགས་འདྲི་གཅིག་ནི། བོད་མི་ཚོས་ཁ་ཡོངས་གྲགས་ལ་སྔོན་གྱི་ལོ་ཙཱ་བ་དེ་ཚོའི་བསྒྱུར་དག་པ་དང་མ་ནོར་བ་ལ་བརྩི་གི་འདུག དེས་ན། སྔོན་གྱི་ལོ་ཙཱ་བ་འདི་ཚོས་ལེགས་སྦྱར་ནས་ཚུར་བོད་ཡིག་ལ་བསྒྱུར་བ་རེད། འདི་ཚོས་ཕར་ལེགས་སྦྱར་སྐད་དུ་བྲིས་བ་དེ་འདྲ་ཡོད་དམ། འདི་ཚོའི་ལེགས་སྦྱར་གྱི་གནས་ཚད་ག་འདྲ་ཡིན་ནམ། འདི་ལ་ཏན་ཏན་དོགས་སློང་བྱེད་རྒྱུ་ཞིག་འདུག་དྲན།
བྱང་ཆུབ་སེམས་ཀྱི་འགྲེལ་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།
གཞུང་འདི་དང་ཡོངས་གྲགས་ཀྱི་དབུ་མ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་སོགས་བཞིན་དུ། དབུ་མའི་གཞུང་ལུགས་གསུང་འདུག་གམ། སེམས་ཙམ་པའི་གཞུང་ལུགས་བསྟན་འདུག ཅེས་དང་། ལོ་ཙཱ་བ་ཞེས་པ་དེ་རྒྱ་གར་གི་མིང་ཚིག་གམ་བོད་ཀྱི་ཚིག་གང་ཡིན་ནམ། ཡང་ན། འདྲེས་མ་ཡིན་ནམ། ཁུངས་འཐད་ལྡན་ཞིག་གསུང་གྲོགས་མཛོད། ཅེས་ཞུ་བ་ལགས་སོ།།
རྒན་ལ་དྭགས་པ་ཕེབས་པ་ལ་དྲིན་ཆེ་ཞུ་བ་ཡིན། ལོ་ཙཱ་བ་དེ་བོད་དང་རྒྱ་ཚིག་གང་ཡིན་མ་ངེས་མོད། སྐུ་ཉིད་ཀྱིས་འདི་སྐོར་གསུངས་ཟིན་པ་ཞིག་སེམས་ངོ་ན་འདུག དེ་ལ་སླར་ལྟ་ཆོག་པ་ཞུ། གཞུང་འདིའི་ནང་དོན་གང་ཡིན་ལྟ་རྒྱུ་མ་བྱུང་། བོད་ཨིན་ཤར་སྦྱར་མ་ཞིག་ཐོབ་པ་དེ་ལས་འགྱུར་བྱང་འདི་བཤུས་པ་ཡིན། དེ་སྔར་གྱི་ལོ་ཙཱ་བ་དེ་ཚོས་བསྒྱུར་སྐབས་ མིའི་མིང་ཚུན་བསྒྱུར་པ་འདི་འདྲ་སྐད་གཞན་དུ་མེད་པ་འདྲ། གཞོན་ནུ་དོན་གྲུབ་ཅེས་ཀྱང་མ་བསྒྱུར་པའི་སྟོན་པའི་མཚན་རང་འཇགས་བཞག་འདུག དེང་སང་བོད་ཡིག་གི་ཐོག་ནས་རྒྱ་གར་གྱི་མཁས་པ་དང་སྟོན་པ་གཙོ་འཁོར་སོགས་ཤེས་པ་དེས་ལེགས་སྦྱར་གྱི་སྟེང་ནས་སུ་སུ་ཡིན་མི་ཤེས་པའི་དཀའ་ངལ་ཅིག་ཡོང་བཞིན་གདའ། དེ་བས་འདི་ལ་དཔྱད་གླེང་ཞིག་གནང་རྒྱུ་མེད་དམ་དྲན་པ་ཡིན།
རྒན་འཇམ་དཔལ་མཆོག་ལ། གཤམ་དུ་དྲངས་པ་ནི་སྔོན་ང་ཚོས་གླེང་བ་ཁག་ཅིག་ཡིན་ལགས།
༨༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༠ སྐར་མ་ ༢༡
ལོ་ཙཱ་བ། ཞེས་པའི་སྒྲ་འདི་ལ་ཙ་ཡིག་ལ་འ་ཆུང་འོག་ཏུ་བཀོད་དེ། ཙཱ་ཡིག་རིང་པོར་བཟོ་བ་དང་། མིང་འདི་ཇི་ལྟར་བྱུང་བ་ལ་སྒྲ་བཤད་མཐུན་པར་གསུང་ཐུབ་མཁན་ཡོད་དམ། ཁོ་བོའི་འདོད་པ་ལན་ཁ་ཤས་བཀོད་པ་ཡིན། དེ་ལ་འགྲིག་མིན་ལན་ཞིག་སུས་ཀྱང་མ་བརྒྱབས་པར་ལུས་སོ།།
༩༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༠ སྐར་མ་ ༤༣
ལོ་ནི་ལོ་ཀ་སྟེ། འཇིག་རྟེན་དང་། ཙྰ་བ་མིག་སྟེ། འཇིག་རྟེན་མི་འབྱེད་ཅེས་སྒྲ་བཤད་པ་མིན་ནམ། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལེགས་ཀྱི་འདོད་ལུགས་གསུང་གྲོགས་གནོངས་དང་།
༡༠༽ སྣྲོན་ངག་ཁྲི་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༡ སྐར་མ་ ༠༢
ངེས་པ་དོན་གྱི་ཤཀྱའི་དགེ་བསྙེན་རཀ་ར་ བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་ནས་སངས་རྒྱས་ཀྱི་སྐུ་ཚེ་
ཞེས་པའི་ཕྱག་དེབ་རིན་པོ་གང་དེ་འཛམ་གླིང་སྤྱི་བསང་དང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག བདག་ཅག་ཐ་མལ་པའི་སྣང་ངོར་དགུང་གྲངས་དོན་བདུན་ལ་སོན་པའི་མཚམས་ཀྱི་སྔ་ནུབ་ཏུ། རྟེན་འབྲེལ་མ་
སྒྲིག་ལྷུན་འགྲུབ་ཀྱི་ཚུལ་དུ་ངོ་སྤྲོད་རགས་ཙམ་གནང་བར་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་བ་ལགས་སོ།
བཀའ་འདྲི་ཞུ་ཡས་ཞིག་ནི། རཀ་ར་བཀྲས་མཐོང་ཞེས་རའི་རྗེས་སུ་རྗེས་འཇུག་ག་མ་བྲིས་པར་ཀ་བྲིས་
གནང་བ་དེ་ལེགས་སྦྱར་གྱི་སྐད་དོད་ཡིན་ནམ་ཡང་ན་དགོས་པ་ཁྱད་པར་ཅན་ནམ་གོ་རྒྱུ་དམིགས་གསལ་
གང་ཞིག་ཡོད་དམ། ལགས། གསལ་བཤད་ཅིག་གནང་རོགས་གནང་ཞུ་ཞུ།
༡༡༽ མགོན་པོ་ཕྱག་གཉིས་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༡ སྐར་མ་ ༥༢
ལོ་ཀ་ནི་འཇིག་རྟེན། ཙྰཀྵུ་ནི་མིག ལོ་ཀ་ཙྰཀྵུ་ནི་འཇིག་རྟེན་མིག ལོ་ཙཱ།
ལོ་ཙྪ་བ། ལོ་ཙྰ་བ། ལོ་ཙ་བ་སོགས་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་མཆིས།
༡༢༽ རྨ་ཆུའི་སྐལ་བཟང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༣ སྐར་མ་ ༠༩
ཧ་ཅང་ཡག་པོ་འདུག་འདི་འདྲ་ཞིག་གློག་ཀྱི་མ་ཐོབ་པར་སྒུག་ནས་ཡོད་དེ་དང་མཉམ་དུ་བློ་སྐྱེད་ཡང་མང་པོ་རག་སོང་ཐུགས་རྗེ་ཆེ་དྲ་གྲོགས་དགེ་རབ་དང་ལྭ་དགས་པ་སོགས་ལ་མཉམ་དུ
༼སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་འབུམ་ཕྲག་དང་བཅས༽
༡༣༽ ཡར་ཁམས་ཁྲི་རྒྱལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༣ སྐར་མ་ ༡༩
སངས་རྒྱས་སྤྱོད་པ་མཛད་མཁན་སློབ་དཔོན་རྟ་དབྱངས་ནི་དུས་རབས་གཉིས་པའི་ནང་བྱོན། སྐྱེས་རབས་སོ་བཞི་པ་མཛད་མཁན་འཕགས་པ་དཔའ་བོ་ནི་དུས་རབས་བཞི་པར་བྱོན་པ་ཚོད་དཔགས་བྱེད།།
༡༤༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༢༡ སྐར་མ་ ༢༤
མགོན་པོ་ཕྱག་གཉིས་པས། གསུངས་པ་ལྟར། ལོ་ཀ་ཡི་མིང་ཡིག་དང་པོ། ལོ་དང་། ཙཀཥུས་མིང་ཡིག་དང་པོ། ཙ་བྱུང་སྟེ། ལོ་ཙ་ཞེས་ཆགས། དེ་ལྟར་ཡིན་པ་ལ། ཙ་ལ་འ་ཆུང་འོག་ཏུ་བཀོད་དེ། ཙ་ཡིག་རིང་པོར་བཟོ་དགོས་པའི་རྒྱུ་མཚན་དང་། བོད་ཀྱི་བདག་སྒྲ་སྦྱར་ན། པ་ཡིག་སྦྱར་དགོས་སམ། བ་ཡིག་སྦྱར་དགོས་ཞེས་དྲི་བ་དང་། བདག་གིས་འབྲི་ཚུལ་བཞི་པ་ཞིག་ཀྱང་མཐོང་སྟེ། དོན་ལ་འདི་ཉིད་ཁོ་ན་དག་པར་སེམས་སོ།།
༡༥༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༥ གི་ཆུ་ཚོད་ ༣ སྐར་མ་ ༠༡
དི་རིང་སྔ་དྲོ་བདག་སློབ་གྲྭའི་མཛད་སྒོ་ཞིག་ལ་འགྲོ་དགོས་བྱུང་། བོད་ཀྱི་རིག་གཞུང་ལ་མཁྱེན་འདོད་འགའ་རེས་ལོ་ཙ་པའི་ཚིག་འབྱུང་སྟངས་སྐོར་ལ་དྲི་བ་ལ་སྒུགས་ཀྱང་མཁྱེན་འདོད་མེད་པ་ཡིན་ནམ། དྲི་བ་ཅི་ཡང་བཀོད་མི་འདུག གང་ལྟར་ཡང་ཉེ་དུས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་ཞིག་གིས་ལོ་ངོ་བདུན་ཅུ་ཙམ་གོང་དུ་འདི་ལྟར་གསུངས་ཏེ།
མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།
མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙ་པ།
ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག
ད་ལྟ་མ་ག་དཧ་ན་མཆིས་སོ་སྐད།།
གོང་གསལ་མཁས་པ་མགོན་པོ་ཕྱག་གཉིས་པས་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་གསུངས་པ་ལས་འདི་ཉིད་བཞི་པ་ཡིན་ཞིང་། བོད་ཀྱི་བརྡ་སྤྲོད་ཀྱི་ཚུལ་ལུགས་ལྟར་ན། ལོ་ཙ་པ། ཞེས་པ་སྒྲ་རྨ་མེད་པ་ཞིག་ཏུ་ཁོ་བོས་འཛིན་ནོ།།
༡༦༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༥ གི་ཆུ་ཚོད་ ༤ སྐར་མ་ ༡༢
ལོ་ཙྪ་བ་དང་ལོ་ཙྰ་བ། །
ལོ་ཙ་བ་དང་ལོ་ཙ་པ། །
ཙྪ་ཙྰ་བ་པའི་ཁྱད་པར་བཞིའི། །
གཅོག་ཉིད་བཀས་བཅད་སུས་ཐུབ་བམ། །
འཇིགས་མེད་ནུབ་པའི་དོགས་འདྲི་འདི་ང་ལ་ལོ་བཅུའི་གོང་ལ་བསླེགས་བྱུང་། ངས་ཐབས་ཤེས་ཀྱིས་དཔྱད་བསྡུར་ཕྲན་བུ་བྱས་པ་ཡིན་པས། བོད་ཀྱི་ལོ་ཙ་བའི་སྤུས་ཚད་ལ་ཅུང་ཡི་རངས་བྱུང་། ངའི་ཐབས་ཤེས་འདི་ལྟར་ཡིན།
༡ ངས་ལེགས་སྦྱར་ནས་ཐད་ཀར་དབྱིན་བསྒྱུར་བྱས་པའི་ནང་པའི་གསུང་རབ་འགའ་ཤས་དབྱིན་ཡིག་ཐོག་བཀླགས། དེ་ནས་བོད་འགྱུར་དེ་ཚོ་ཀློག་སྐབས། ནང་དོན་ཐད་ལ་ཁྱད་པར་མེད་ལ་བོད་འགྱུར་དེ་ཁ་གསལ་བ་འདུག དཔེར་ན། དབྱིན་ཡུལ་ནས་ལེགས་སྦྱར་སྐད་ནས་ཐད་ཀར་དབྱིན་ཡིག་ནང་ལ་སྤྱོད་འཇུག་བསྒྱུར་འདུག དེ་སྒྱུར་མཁན་Kate Crosby རེད།
༢ དེ་བཞིན་ཚོམས་ཡང་ཐད་ཀར་དབྱིན་ཡིག་ནང་ལ་ལེགས་སྦྱར་ནས་བསྒྱུར་བ་མི་འདྲ་བ་ཁ་ཤས་འདུག བོད་ཡིག་དང་བསྡུར་སྐབས་ནང་དོན་ལ་ཁྱད་པར་མིན་འདུག
༣ དེ་བཞིན་རྒྱ་གར་ནས་ཀླུ་གྲུབ་ཀྱི་གསུང་ཁ་ཤས་དབྱིན་ཡིག་ནང་ལ་བསྒྱུར་འདུག བོད་འགྱུར་དང་བསྡུར་དང་ནང་དོན་ལ་ཁྱད་པར་མི་ཞུགས་པའི་ཐོག་བོད་འགྱུར་དེ་གོ་བདེ་བ་འདུག
༤ དམ་ཆོས་པད་མ་དཀར་པོ་རྒྱ་ཡིག་ནང་ལ་ལེགས་སྦྱར་ནས་བསྒྱུར་འདུག བོད་སྒྱུར་དང་བསྡུར་དང་དཔེ་གསལ་པོ་རེད། དེ་བཞིན་འདུལ་བའི་མདོ་མང་པོ་ཞིག་རྒྱ་སྒྱུར་ཡོད། བོད་ཡིག་དང་བསྡུར་དང་བོད་སྒྱུར་དེ་ཁ་གསལ་བ་འདུག
གོང་གི་དཔེ་ཉུང་ཤས་ལ་སྦྱར་ནས་དཔྱད་བསྡུར་བྱེད་སྐབས་བོད་ཀྱི་ལོ་ཙ་བ་ཚོས་དཀའ་ལས་བརྒྱབ་པ་མ་ཟད། ཁོང་ཚོའི་རྣམ་དཔྱོད་དང་བློ་རྩལ་མཐོན་པོ་ཡིན་པ་རྟོགས་ཐུབ།
དེ་བཞིན་ཤེས་རབ་ཀྱི་སྙིང་པོ་ཡང་ལེགས་སྦྱར་ནས་དབྱིན་སྒྱུར་ཞུས་པ་འདུག བོད་ཡིག་དང་བསྡུར་སྐབས་བོད་འགྱུར་དེ་ཧ་ལས་དགོས་པའི་བྱང་མ་ཞིག་རེད།
བསླེགས་ཅེས་པ་འདི་བསླེབས་ལ་བཅོས་རོགས།
རྒད་པོས་གང་གསུངས་བ་དེ་ལ་ཐུགས་རྗེ་ཆེ། ངའི་དོགས་འདྲི་དེ་མ་རེད། ངའི་དོགས་འདྲི་དེ་མདོར་བསྡུས་ནས་ཞུས་ན། མ་ཡིག་དང་བུ་ཡིག་གཉིས་བསྡུར་ནས་ཅིག་བལྟ་རྒྱུ་མེད་འགྲོ་ཟེར་བ་དེ་རེད།
ད་དུང་ཁ་གསལ་དུ་བཏང་ན། ལེགས་སྦྱར་དང་བོད་འགྱུར་གཉིས་རེ་རེ་བཞིན་བསྡུར་དགོས་ཀྱི་འདུག་ཟེར་བ་དེ་ཡིན། དེ་ཁྱོད་ཀྱིས་བསྡུར་མྱོང་ངམ། སྐུ་ཉིད་ཀྱིས་ལེགས་སྦྱར་མཁྱེན་ནམ། དེ་གཅིག་ཡིན།
ངས་ཤེས་འདོད་པ་གཞན་ཞིག་ནི། ཁོང་ཚོའི་འགྱུར་རྩལ་དང་རྣམ་དཔྱོད་ཡག་པོ་ཡོད་ན་ཡང་། ཁོང་ཚོའི་ལེགས་སྦྱར་གྱི་གནས་ཚད་ཇི་འདྲ་ཞིག་ཡོད་ན་ཟེར་བ་དེ་ཡིན།
འདིའི་སྐོར་ལ་ན་ནིང་དབྱར་ཁར་ངས་སྐུའི་གསུང་བསྒྱུར་ཐུབ་བསྟན་སྦྱིན་པར་ངོ་ཐུག་ནས་སྐད་ཆ་དྲིས་བ་ཡིན། ཐུབ་བསྟན་སྦྱིན་པས་ལན་དུ། ལོ་ཙཱ་བ་ཚོ་ཡག་མི་ཡག་དང་བོད་འགྱུར་ཡག་མི་ཡག་གི་སྐོར་ལ་ཅང་གསུངས་མ་སོང་། ཁོང་གིས་ལོ་ཙཱ་བ་ཚོའི་ལེགས་སྦྱར་སྐད་ཀྱི་གནས་ཚད་དེ་ཚད་མཐོ་པོ་ཡིན་མིན་བཤད་དཀའ་བ་འདུག་ཟེར། ད་དུང་དེའི་དཔེ་མཚོན་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་བཞག་སོང་། ད་དུངཁོང་གིས་གསུངས་ཡ་ལ། ལོ་ཙཱ་བ་རིན་བཟང་གིས་ཕར་ལེགས་སྦྱར་སྐད་དུ་བྲིས་བ་ཞིག་ཡོད་རེད་ཟེར། དེར་བལྟས་ན་ལེགས་སྦྱར་སྐད་ཀྱི་གནས་ཚད་མཐོ་པོ་རེད་མི་འདུག་ཟེར།
(ལོ་ཙཱ་བ་རིན་བཟང་གིས་པར་ལེགས་སྦྱར་སྐད་དུ་བྲིས་བ་གང་ཡིན་ངས་བརྗེད་སོང་ཟིག རྗེས་མ་རག་ན་རྒད་པོ་ཁྱོད་ལ་ངོ་སྤྲོད་བྱས་ཆོག ངས་བསྐྱར་དུ་འདྲི་གི་ཡིན)
དོན་དག་གཞན་ཞིག་ནི། བོད་ཕྱི་ནང་གཉིས་ན་ལེགས་སྦྱར་ལ་མཁས་བ་ག་ཚོད་ཡོད་དམ། ཉི་ཤུ་ཡོད་དམ། དཔེར་ན། ལ་དྭགས་ཕྱོགས་ཀྱི་རྒན་འཇམ་དཔལ་ཟེར་བའི་རིགས་ལེགས་སྦྱར་ལ་མཁས་བའི་གྲས་སུ་བཞག་ན་འགྲིག་གམ།
སློབ་དཔོན་དགེ་རབ་མཆོག་གིས་སླར་ཡང་བཀོད་པ་བཀའ་དྲིན་ཆེ། འདི་ལ་བདག་གིས་སྔོན་དུ་ལན་དུ་མར་ཞུས་ཀྱང་། མང་པོས་འདི་ལ་དོ་སྣང་མཛད། མང་པོས་མ་གཟིགས་པ་ཆོས་ཉིད། སྐྱར་དུ་ཙ་ལ་འ་ཆུང་བཏགས་ཏེ། རིང་པོ་ཆགས་པའི་རྒྱུ་མཚན་ནི། ཙ་ཀྵུས། ཞེས་པ་མིག་གི་སྐད་དོད། དེ་ཡང་ཙ་ཡིག་གི་རྗེས་སུ། ཀྵུས། ཞེས་གསལ་བྱེད་གཉིས་བརྩེགས་ཡོད་པ་ན། གོང་གི་དབྱངས་ཡིག་གང་ཡིན་རིང་པོར་ཆགས་པ་ལེགས་སྦྱར་སྐད་ཀྱི་ལུགས་ཡིན་ཀྱང་། བོད་སྐད་ལ། ཙ་ཡིག་གི་རྗེས་སུ་ཚེགས་ཡོད་པ་ན། ཙ་ཞེས་གསལ་པོར་འབོད་པ་ཡོད་པས། མཁས་དབང་མདོ་སྨད་པ་དགེ་ཆོས་ཀྱིས་ལོ་ཙ་པ། ཞེས་བྲིས་སོ། །པའམ་བ་འབྲི་བ་བདག་སྒྲ་འདོད་ཚུལ་ལས་བྱུང་བར་བསམས་སོ།།
“ལ་དྭགས་ཕྱོགས་ཀྱི་རྒན་འཇམ་དཔལ་ཟེར་བའི་རིགས་ལེགས་སྦྱར་ལ་མཁས་བའི་གྲས་སུ་བཞག་ན་འགྲིག་གམ།” ང་ལེགས་སྦྱར་ལ་མཁས་པའི་གྲས་སུ་བཞག་ན་མི་འགྲིག ང་ལས་ལྷག་པ་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་་གྲྭ་ཆེན་མོ་སོགས་ན་མང་དུ་བཞུགས། འོན་ཀྱང་ང་ལ་ངས་བྱེད་དགོས་སྙམ་པ་སྐྱེས་ཐོབ་ཀྱིས་བྱུང་བ་ཞིག་ཡོད། བླ་མ་ཚུལ་ཁྲིམས་ཉི་མས་གསུངས་པ་ལྟར་མི་ཐུབ་ཟེར་མི་ཆོག ཐུབ་བམ་མི་ཐུབ་མི་ཤེས་ཀྱང་། ངས་ཐུབ་ཟེར་གསུངས་པ་ལྟར་བྱེད་སྙམ་པ་ཞིག་བློ་ལ་ཁྱེར་ཐུབ་པ་ལགས། ལོ་ངོ་བཞི་བཅུ་ཙམ་རྒྱ་གར་ལྡི་ལིའི་སློབ་གྲྭ་ཆེན་མོར་ཡོད་སྐབས་སུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྟེན་ཅིང་རྟེན་འབྲེལ་པར་འབྱུང་བའི་སྙིང་པོ་ཚིགས་བཅད་ལྔ་དྲུག་ཡོད་པ་ཞིག་རྩ་བ་དང་རང་འགྲེལ་དང་བཅས་པ་མིང་ཚིག་རེ་རེ་བཞིན་སླར་ལེགས་སྦྱར་ལ་བསྒྱུར་པ་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲས་སྤར་བསྐྲུན་དང་། རྗེས་སུ་ལེགས་སྦྱར་དངོས་བོད་ནས་རྙེད་དེ། མཁས་དབང་གོག་ལེ་ཞུ་བས་སྔོན་མ་ན་སྤར་ཡོད་པ་རྗེས་སུ་ཤེས་རྟོགས་བྱུང་། གོ་བསྡུར་བྱེད་སྐབས་ཚིག་འགའ་རེ་ཇི་ལྟ་བ་བཞིན་བྱུང་ཡོད་པ་དང་། དོན་ལ་འགལ་བ་མེད་པ་གཟིགས་ཏེ། ཝཱ་ཎ་བོད་མཐོའི་མཁས་དབང་རྒྱལ་མཚན་རྣམ་གྲོལ་མཆོག་གིས་ལ་དྭགས་མཁས་པས་འདི་ལ་བྱ་བ་བྱས་ཡོད་ཅེས་གསུངས་པ་ཁོང་གིས་སྦྱར་བའི་རྟེན་འབྱུང་གཞུང་ན་བྲིས་ཤིང་འགྲིག་མེད་པ་ཞིག་གསུངས་མེད་པར་མཐོང་།
་
སླར་སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་ཚིགས་བཅད་དང་པོ་དེ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་སྤྱོད་འཇུག་ལེའུ་དགུ་པའི་དཀའ་འགྲེལ་ན་ལུང་དུ་དྲངས། དེ་ཉིད་གཞིར་བཟུང་བདག་ཨ་རིའི་མཛེས་པའི་གླིང་ཕྲན། ཧ་ཝ་ཡི་ཞེས་པ་ན་ཡོད་སྐབས་སུ། དབུ་མ་རྒྱན་རྩ་བ་ལེགས་སྦྱར་དུ་ཕབ་བསྒྱུར་བྱས་པ་དེ་ཝཱ་ཎར་ཞུས་དག་མཛད་པར་བསྐུར་པ་ན། ཁུ་ནུ་པ་སློབ་དཔོན་སེམས་དཔའ་རྡོ་རྗེས་དབུ་མ་རྒྱན་རྩ་བ་རྙེད་པ་ཡིན་འདུག་ཅེས་བཤད་སོང་། ཡིན་ནམ་ཞེས་གསུངས། རྗེས་སུ་དབུ་མ་རྩ་འགྲེལ་ལེགས་སྦྱར་བཟོ་བསྐྲུན་ཕྱིར་དུ་ཞི་འཚོས་མཛད་པའི་ཚད་མིའི་དེ་ཁོ་ན་བསྡུས་པའི་ལེགས་སྦྱར་སྐད་དང་བོད་སྐད་གཉིས་བསྡུར་ནས་ནེཝ་ཡོརྐ་གྲོང་ཁྱེད་དུ་སྦྱངས་ཤིང་། དབུ་མ་རྒྱན་རྩ་འགྲེལ་ལེགས་སྦྱར་དུ་ཕབ་བསྒྱུར་བྱས་པ། རྒྱ་གར་གྱི་པཎྜིཏ་སློབ་དཔོན་ཆེན་མོ་ཏྲི་པཱ་ཊྷཱི་མཆོག་གིས་ལེགས་སྦྱར་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པ་དག་ལ་ཞུས་དག་མཛད། ཁོང་གིས་ཚིག་ཙམ་ཤེས་ཀྱང་དོན་མི་ཤེས་གསུངས། བླ་མ་དམ་པ་ཁུ་ནུ་པ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་ཞལ་སྔ་ནས། བསྟན་བཅོས་བསྒྱུར་ཐུབ་ཀྱང་དོན་དག་ཤེས་པའི་ཁྱབ་པ་མེད་གསུངས་པ་ལྟར་བདག་ཀྱང་དེ་བཞིན་ལགས་། ལེགས་སྦྱར་དཔེ་ཆ་དེ་བསམ་ཡས་སུ་མཁན་ཆེན་ཞི་བ་འཚོའི་དབུ་ཐོད་ཀྱི་དྲུང་དུ་འབུལ་ཐུབ་པའི་རེ་འདུན་དེ། རང་རེའི་༧རྣམ་འདྲེན་བླ་མའི་དབུ་མའི་ལམ་རྒྱ་ནག་གཞུང་གི་ཁས་ལེན་བྱས་ཏེ། བོད་ལ་བདེ་སྐྱིད་ཤར་བ་ན། འགྲུབ་པར་འགྱུར་ངེས་ལགས་སོ། །
བོད་ཀྱི་ལོ་ཙཱ་བའི་ནང་མཁས་པ་དང་མི་མཁས་པ་ཅི་རིགས་པ་ལོས་ཡོད། ལྷག་པར་ཡང་བསྟན་པ་ཕྱི་དར་གྱི་རྗེས་སུ་བོད་ལ་ཆོས་རྒྱལ་ལྟ་བུ་ཁྲིམས་ཀྱིས་སྟངས་འཛིན་མཛད་མཁན་འདྲ་མེད་པ་རེད། ཐ་ན་ནང་པ་སངས་རྒྱས་པའི་གཞུང་མ་ཡིན་པ་རེད་བསམ་ནས་བསྒྱུར་བ་ཡང་ཡོད་པ་ས་པན་གྱི་སྡོམ་གསུམ་རབ་དབྱེའི་ནང་ན་གསུང་འདུག་ག དེ་བཞིན་སྔོན་གྱི་ལོ་རྒྱུས་ནང་ན་ཡང་བོད་ཀྱི་ལོ་ཙཱ་བ་ཐེབས་ཆག་དེ་ཚོ་སློབ་སྦྱོང་ལ་རྒྱ་གར་ལ་འགྲོ་བ་ཡིན་ཟེར་ནས་ཕྱིན་པ་ཐ་ན་རྒྱ་གར་རང་ལ་འགྲོ་མ་ཐུབ་པར། དབྱར་ཁ་གཉའ་ནང་དང་། སྐྱི་རོང་། རོང་ཤར་སོགས་ལ་བསྡད། དགུན་ཁ་ཟླ་བ་ཁ་ཤས་ལ་བལ་ཡུལ་དུ་སོང་ནས་བསྡད་པ་ཡིན་ཚུལ་བྲིས་འདུག
མ་གཞི་འདིར་སྔོན་གྱི་ལོ་ཙཱ་བས་ལེགས་སྦྱར་སྐད་དུ་རྩོམ་ཡིག་འབྲི་ཐུབ་བམ་ཞེས་པ་དེ་གལ་ཆེན་པོ་མ་རེད་སྙམ།་མ་གཞི་སྔོན་གྱི་མི་དེ་ཚོ་ལས་ཀ་གང་བྱེད་ཀྱང་ཏན་ཏན་ཏིག་ཏིག་འདྲ་བོ་ཞིག་ཡོད་ས་རེད། གཞུང་གང་བསྒྱུར་ན་ཡང་རྒྱ་གར་གྱི་མཁས་པ་ཞིག་དང་བོད་ཀྱི་སྐད་སྒྱུར་བ་ཞིག་གིས་མཉམ་དུ་བསྒྱུར་འདུག དེས་འགྱུར་སྤུས་དག་ཡོང་བ་ལ་ཕན་ཐོགས་ཡོང་ཐག་ཆོད་རེད།
རྔོགས་ལོ་ཆེན་པོས་ཀྱང་།
བེེ་རོ་ཙ་ན་ནམ་མཁའ་དག་དང་མཉམ།།
ཀ་ཅོག་གཉིས་ནི་ཉི་ཟླ་ཟུང་གཅིག་སྟེ།།
རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་ཙམ།།
ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་འདྲ།།
ཞེས་གསུངས་འདུག
རྒན་བློ་བཟང་འཇམ་དཔལ་མཆོག
གོང་དུ་ཁྱེད་ནས་གསུངས་པའི་ཤེས་རབ་འབྱུང་གནས་བློ་གྲོས་ཞུ་བ་དེ་སུ་ཡིན་མིན་གསལ་ཁ་ཞིག་བཟོ་གནང་རོགས།
ཁ་སང་ངས་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་མཇལ་ཏེ་མཁས་པ་རིན་ཆེན་འབྱུང་གནས་ཞི་བའམ་གྲུབ་ཆེན་ཤནྟི་པའི་རྣམ་ཐར་ཞིག་རྙེད་ཐབས་ཞུས་པ་ཡིན། འོན་ཀྱང་ཆོས་འབྱུང་ནང་གྲུབ་ཆེན་དང་ཇོ་བོ་ནཱ་རོ་པའི་དབར་ཆོས་འབྲེལ་བྱུང་ཡོད་པའི་ལོ་རྒྱུས་ཟུར་ཙམ་ཞིག་སྨྲོས་ཏེ་རྒྱས་པ་གཞན་ནས་ཤེས་པར་བྱ་ཞེས་གསུངས་འདུག དེས་ན་ཀུན་མཁྱེན་ཏཱ་ར་ནཱ་ཐའི་གསུང་གཞན་གྱི་ནང་གྲུབ་ཆེན་ཤནྟི་པའི་རྣམ་ཐར་འཁོད་པ་དེ་འདྲ་ཡོད་མེད་ཅིག་གསུངས་རོགས།
ངས་དེ་གལ་ཆེན་པོར་མཐོང་གི་ཡོད། ང་ནག་འཐོམས་མེར་འགྲོ་མཁན་དེའི་རིགས་མིན།
ངས་སྔོན་གྱི་ལོ་ཙཱ་བ་ཚོ་དང་དེ་ཚོའི་འགྱུར། དེ་ཚོས་རྒྱ་གར་དུ་སློབ་སྦྱོང་མཛད་སྟངས་སོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་སྟངས་ཤིག་ཏན་ཏན་དགོས་ཀྱི་རེད་དྲན་གི་ཡོད།
དཔེར་ན། དབྱིན་ཡིག་ཏུ་ཕར་ཡག་པོ་འབྲི་མི་ཐུབ་མཁན་ཞིག་གིས། དབྱིན་ཡིག་ནས་ཚུར་བོད་ཡིག་ལ་བསྒྱུར་བ་དེ་འགྱུར་སྤུས་དག་པོ་འབྱུང་གི་རེད་ཟེར་ན། ང་དེ་ཁས་མི་ལེན་པའི་གྲས་ཡིན།
ལེགས་སྦྱར་ནས་བོད་ཡིག་ཏུ་སྒྱུར་མཁན་ཞིག་ཡིན་ན་ལེགས་སྦྱར་སྟེང་ནས་རྩོམ་ཡིག་འབྲི་མ་ནུས་ན་ཡང་ཆོག ལེགས་སྦྱར་ཡག་པོ་ཀློག་ཤེས་པ་དང་གོ་བ་ལེན་ཡག་ཙམ་ལེན་ནུས་ན་དེས་མ་འགྲིགས་པ་མི་འདུག སྔོན་མའི་དུས་སུ་རྒྱ་གར་གྱི་མཁས་པ་རེ་རེ་དང་ལྷན་དུ་སྒྱུར་གྱི་ཡོད་སྟབས་གོ་བ་ཡག་པོ་ལེན་མི་ཐུབ་ས་དེ་ཚོ་ཁོང་རྣམ་པར་བཀའ་འདྲི་ཞུ་གི་ཞུ་གི་སྒྱུར་གི་རེད། དེ་སྒྱུར་ལུགས་ཧ་ཅང་ཡག་པོ་རེད་འདུག་སྙམ། དལྟའི་བཀའ་འགྱུར་བསྟན་འགྱུར་འདི་མི་ལོ་བརྒྱ་ཕྲག་མང་པོར་མི་སྟོང་ཕྲག་ཁ་ཤས་ཀྱིས་བསྒྱུར། འདིའི་ནང་ན་མཁས་པ་དང་མི་མཁས་པ། ལེགས་སྦྱར་གྱི་སྟེང་ནས་རྩོམ་ཡིག་འབྲི་ནུས་མཁན་དང་མི་ནུས་མཁན། ལེགས་སྦྱར་ཡག་པོ་ཀློག་ཤེས་མཁན་དང་མི་ཤེས་མཁན། རྒྱ་གར་གྱི་མཁས་པ་ཚད་ལྡན་དང་ལྷན་དུ་བསྒྱུར་བ་དང་མ་བསྒྱུར་བ་ཅི་རིགས་པ་ཡོད་རེད། དགོངས་དག ཁྱོད་ཚོས་ཁོང་ཚོ་འདི་རེད་དམ་འདི་མ་རེད་ཅེས་ཚང་མར་སྡོམ་ཚིག་གཅིག་རྒྱག་ཆོག་ཆོག་ཅིག་མ་རེད། ཐ་ན་ནང་པའི་གཞུང་ཡིན་མིན་ཙམ་ཡང་མ་ཤེས་པར་ཡིན་པར་འཁྲུལ་ནས་བསྒྱུར་བའི་རིགས་ཤིག་ཡོད་ཚུལ་ས་པན་གྱི་སྡོམ་གསུམ་རབ་དབྱེའི་ནང་ན་གསུངས་འདུག་ག
ཨ་རོ་སྤོབས་པ། ངས་འདི་ན་སྡོམ་རྒྱག་གི་ཡོད་མ་རེད། དོགས་འདྲི་བྱེད་གི་ཡོད། དོགས་འདྲི་བྱས་ན་ཇེ་གསལ་ཏུ་འགྲོ་རྒྱུ་ཡོད་དྲན་གི་ཡོད། ཡག་པོ་ཀློག་ཐུབ་པ་དང་གོ་བ་ཡག་ཙམ་ལེན་ཐུབ་ན་སྐད་ཡིག་ཨ་མའི་ནང་ལ་འབྲི་མ་ཐུབ་རུང་། ཡག་པོ་བསྒྱུར་ཐུབ་གི་རེད་ཟེར་བ་འདི་ལ་བསམ་བློ་ཞིབ་ཏུ་གཏོང་རྒྱུ་ཡོད། ང་འདི་ཁས་མི་ལེན་མཁན་གྱི་གྲས་ཡིན། འདི་ངའི་ཉམས་མྱོང་གསོན་པོ་ཡང་ཡིན། ད་དེ་ཙམ་བྱོས།
སྟོན་པ་སངས་རྒྱས་དང་ཡབ་ཡུམ་སོགས་ཀྱི་མཚན་ལ་འདི་ལྟར། སངས་རྒྱས་ Buddha, གཞོན་ནུ་དོན་གྲུབ་ Siddhārtha, ཟས་གཙང་མ་ Śuddhodana, སྒྱུ་མ་ལྷ་མཛེས་Maha Maya, གྲགས་འཛིན་མ་ Yaśodharā, སྒྲ་གཅན་འཛིན་ Rāhula རེ་རེ་བཞིན་བོད་སྐད་དུ་བསྒྱུར་འདུག རྒྱ་སྐད་ལ་དེ་ལྟར་བསྒྱུར་མེད་རབས་འདུག དེ་ལྟར་རེད་དམ། ཨིན་ཡིག་ལ་བསྒྱུར་སྐབས་མིའི་མིང་བསྒྱུར་བ་ཞིག་མེད་པ་འདྲ། ང་ཚོས་མཚམས་རེར་བསྒྱུར། མཚམས་རེར་མ་བསྒྱུར་པ་དེ་གོང་གི་དཔེ་མཚོན་དུ་དྲངས་འགྱུར་བྱང་དུ་གསལ། འདི་ལ་དཀའ་ངལ་ཞིག་ཡོད་པ་ནི་དཔལ་ལྡན་ཟླ་བ་ཞེས་སྨྲོས་སྐབས་ཟླ་བ་ཡིན་ནམ་དབུ་མ་འཇུག་པ་རྩོམ་པ་པོ་ཡིན་མཚམས་མ་ཕྱེད་པ་ལྟ་བུའི་སྐྱོན་ཞིག་ཡོང་གི་ཡོད་པ་མ་ཟད། ལེགས་སྦྱར་མི་ཤེས་པ་ཚོར་མི་རེ་རེ་ནས་བོད་རྒྱའི་སྐད་གཉིས་ཀ་འཚོལ་དགོས་པ་འདུག དེར་དགོས་པ་རྒྱུ་མཚན་ཡོད་དམ།
ཡིན་དང་ཡིན། བཀའ་བསྟན་གྱི་ལོ་ཙ་པ་རྣམས་ཀྱི་ལོ་རྒྱུས་བཤད་སྐབས་ ལོ་ངོ་སྟོང་ཕྲག་ལྷག་གི་རིང་གི་ལོ་ཙ་པ་༼རྒན་ལ་དྭགས་པས་གསུངས་པ་ལྟར་བྲིས་མོད། དག་ཡིག་ཏུ་འཁོད་ཟིན་པའི་མིང་ཚིག་ཡིན་ན་དེ་ལྟར་འབྲི་རྒྱུ་ལ་མོས་མཐུན་ཞུ་བ་ཡིན་ལགས།༽ རྣམས་བཤད་པ་དང་། སྔ་དར་དང་ཕྱི་དར་སྐོར། འགྱུར་དང་པོ་དང་འགྱུར་བཅོས་ཞུས་པ། འགྱུར་བཅོས་ལ་ཡང་འགྱུར་བཅོས་ཞུས་པ་སོགས་བཤད་པ་རེད། སྐ་ཅོག་སོགས་ཀྱིས་བསྒྱུར་པའི་འགྱུར་ཡིག་ངོ་མ་ཞིག་ད་ལྟ་མཇལ་དུ་ཡོད་དམ། ཏུན་ཧོང་ནང་གི་འགྱུར་དེ་ཚོ་སྔ་འགྱུར་གྱི་རྣམ་པ་ཡོད་པ་ཡིན་ནམ། བསྟན་པ་ཕྱི་དར་གྱི་རྗེས་ནས་ཀྱང་འགྱུར་ལ་འགྱུར་བཅོས་དང་ཞུ་སྒྲིག་རིམ་པ་རེ་བྱས་སྐབས་ཚིག་སྦྱོར་ལ་ཡང་འགྱུར་བ་ཕྱིན་ཡོད་པ་ནི་གོར་མ་ཆག བཀའ་འགྱུར་ཞུ་དག་གི་སྐབས་ “བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་”ཞེས་པའི་ཕྱེད་དགོས་པ་མེད་སྐོར་གྱི་གཏམ་ཞིག་རྡོ་སྦིས་དགེ་བཤེས་ལ་བྱུང་བ་མ་རེད་དམ།
ཡང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་རྩོམ་པ་པོ་ལ་རྒྱལ་པོ་དགེ་དབང་ཞེས་རྒྱལ་པོའི་མིང་གིས་འབོད་པ་དེ་ཡང་བོད་པས་འགྱུར་གྱི་གོ་བ་ལེན་ནོར་བྱས་རབས་ཤིག་འདུག་ག ལོ་ཙ་པ་ཁ་ཤས་ཀྱིས་རྒྱ་གར་དང་བལ་ཡུལ་གྱི་མཁས་པ་དང་ལྷན་དུ་བསྒྱུར་མོད། འགའ་ཞིག་ལ་དེ་ཡང་མེད་པར་བསྒྱུར་པ་ཡོད་པ་རེད་ལགས། ད་ལྟ་སྡེ་དགེ་བཀའ་འགྱུར་སྐྱེས་རབས་ཁྲོད་ན་བཞུགས་པའི་སངས་རྒྱས་ཀྱི་སྤྱོད་པའི་ནང་མིང་ཚིག་དཔེར་ན་བུད་མེད་ལ་མི་མོ་ཟེར་བ་དང་། པ་སངས་ལ་ཝ་སངས་ཟེར་བ་ལྟ་བུ། ལྷ་ཡི་མིང་སོགས་ཀྱི་ཚིག་འགའ་རེ་བོད་སྐད་ནས་གོ་བརྡ་འཕྲོད་དཀའ་བ་དེ་འདྲ་ཡང་འདུག་ལགས།
ལོ་ཙ་བའི་གོ་དོན་འགྲེལ་སྟངས་འགྲིགས་པ་ནི། འཇིག་རྟེན་དུ་གོ་བའི་ལོ་ཀ་དང་། མིག་ལ་གོ་བའི་ཙ་ཀྵུ་ཞེས་པ་གཉིས་ཀྱི་ཡི་གེ་དང་པོ་གཉིས་བླངས་པ་ཡིན། འོན་ཀྱང་ཙའི་འོག་ཏུ་འ་ཆུང་བྲིས་པ་ནི་ནོར་བ་རྒྱུན་འབྱམས་སུ་སོང་བ་ཡིན། གོ་དོན་ནི། འཇིག་རྟེན་མིག་ཅེས་པའི་དོན་ཡིན་ལ། བོད་པའི་སྙན་ངག་ནང་དུའང་འཇིག་རྟེན་མིག་གི་ཚིག་སླེབས་པ་མི་ཉུང་སྙམ། བ་སྒྲ་ནི་བདག་སྒྲ་ཡིན། རིགས་ཤིག་གིས་པ་སྒྲ་དགོས་པ་གསུངས་འདུག་ཀྱང་། འདིར་བ་སྒྲ་འཐད་དེ། ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་ལྟར། ཚེག་ཁྱིམ་ཡ་ལ་པ་སྒྲ་བརྗོད་མི་བདེ་བ་གཙོ་ཆེ་བའི་ཡིན།
དགེ་རབ་གྱིས་དོགས་སློང་ཡག་པོ་གནང་འདུག དགེ་རབ་ཡིག་སྒྱུར་བ་ཡིན་པ་དང་སྤོབས་པ་ཡིག་སྒྱུར་བ་མིན་པའི་ཁྱད་པར་ཕྲ་མོ་ཞིག་ཀྱང་སོ་སོའི་བསམ་ཚུལ་ཞུ་སྟངས་སྒང་ན་འདུག་ག
ང་ནི་བོད་ཡིག་གི་གསེང་ལ་ཇི་ཙམ་འཛུལ་ན་དེ་ཙམ་གྱིས་དོགས་སློང་བྱེད་ས་ཇེ་མང་དང་ཇེ་མང་ལ་འགྲོ་གི་འདུག
༡) བོད་ཀྱི་ལོ་ཙཱ་བ་མང་པོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་སོགས་ལ་བརྟོལ་ནས་ལོ་བཅུ་གྲངས་ལ་ཕར་ཕྱོགས་དེའི་སྐད་ཡིག་སྦྱངས། སྐད་ཡིག་ལ་བྱང་ཆུབ(བོད་པའི་བཤད་སྲོལ)
དེ་ནས་གཞུང་ཆེན་མོ་བསྒྱུར། འགྱུར་རྣམས་ཀྱང་སྤུས་དག་ཟེར། དུས་ཚོད་ཐུང་ངུའི་ནང་ལ་དགེ་རྒན་ཡང་མཁས་པ་དེ་འདྲ་རྙེད། མཁས་པ་ཡང་དག་དེ་ཚོའི་ཞབས་ལ་གཏུགས།
ད་འདི་ཚོའི་འགྱུར་སྤུས་དག་ན། འདི་ཚོས་མ་ཡིག་ནང་ལ་བྲིས་བ་འདུག་གམ་ཟེར་ནས་འདྲི་དུས། མི་རྙེད་གི་ཟེར། དེས་ན་མ་ཡིག་དང་བསྡུར་ཟེར་དུས། མ་ཡིག་མཁྱེན་མཁན་ཉུང་ཟེར།
འདི་ཚོར་ཚན་རིག་དང་མཐུན་པའི་སྒོ་ནས་བསམ་བློ་ཞིག་ཐོངས་དང།
༢)
ཕལ་ཆེར་བསམ་གཏན་མཁར་རྨེའུ་ཡིན་སྙམ། ཐོན་མི་སམ་བྷོ་ཌ་རྒྱ་གར་ལ་ཕྱིན་ནས་ལོ་བཅུ་གྲངས་ལྷག་གི་ནང་ལ་རྒྱ་གར་སྐད་ལ་བྱང་ཆུབ་པ་སྦྱངས། དེ་ནས་ཕྱིར་སླེབས་ཏེ་བོད་ཀྱི་ཡི་གེ་་གསར་གཏོད་མཛད་ཟེར་བ་དེ་ཚན་རིག་དང་མཐུན་གི་མི་འདུག་གསུངས་ཡོད་དྲན།
༣)
ཐོན་མིས་སྟོད་ཀྱི་ཅ་ཆ་ཇ་གསུམ་དང་སྨད་ཀྱི་ཞ་ཟ་འ་གསུམ་བཅས་ཡི་གེ་གསར་བ་དྲུག་བསྣན་པ་རེད་ཟེར་བའི་ཞ་ལུ་ལོ་ཙཱ་བའི་གཏམ་ཡན་དེ་ལ་ཡང་ཕྱིས་ཀྱི་བརྡ་སྤྲོད་མཁས་པ་དང་ལོ་རྒྱུས་བ་ཚོས་བདག་པོ་བརྒྱབ་ནས་དགེ་འདུན་ཆོས་འཕེལ་བར་དུ་སླེབས་པ་མ་རེད་དམ།
ངས་ད་དུང་ཡང་དོགས་སློང་བྱེད་གི་ཡོད་ད། མཁས་པ་ཚོར་ལན་ཡོད་ན་གསུངས་རོགས། ལེན་རྐྱང་ཡིན།
ཙ་ཚ་ཛ་ཝ་ཞ་ཟ་འ་དྲུག་ལ་དྭོགས་གནད་ཅིག་ཏན་ཏན་འདུག་སྙམ་ལགས།
ཙ་ཚ་ཛ་ཝ་ཞ་ཟ་འ་བདུན་ལ།
ཅ་ཆ་ཇ་ཞ་ཟ་ཡ་སོགས་རྙེད་སྟངས་ནི་ཧ་ལས་པ་རེད། དཀོན་ཅོག ལྷ་ཡིས་བཞེངས་ཤིང་བདུད་ཀྱིས་བཤིག་པའི་བོད་པའི་སེམས་ཁམས་འདི་ཨ།
དགེ་རབ་ཀྱིས་རྒྱ་སྐད་ལ་སངས་རྒྱས་ཀྱི་མཚན་བསྒྱུར་མེད་ལུགས་གསུངས་པ་དེའི་ལན་འདི་རེད། རྒྱ་སྐད་ལ་སངས་རྒྱས་ལ་མཚན་ཁྱད་མཚར་ཞིག་བཏགས་ཡོད་རེད། 佛ཧྥོ་ཟེར་བ་རེད། དེ་བྷུདྷྡ་ཡིན་པའི་ཁུལ་རེད། ཕལ་ཆེར་བྷུད་ཟེར་བ་གཅིག་པོ་ཡིན་ས་རེད། ག་རེ་ཡིན་པའི་ཁུལ་ཡིན་གང་ཤེས། ད་དུང་རྒྱ་མི་ཚོས་ཡིག་འབྲུ་འདི་ལ་སྐུ་གསུམ་སོགས་རི་མོའི་མཚོན་དོན་མང་པོ་ཡོད་ཚུལ་བཤད་ཀྱིན་འདུག
དེ་བཞིན་རྡོ་རྗེ་གདན་སོགས་ས་མིང་ནི་རྒྱ་སྐད་སྟེང་ན་འདུག
བྱང་ཆུབ་སེམས་དཔའ་ལ་ནི་菩薩ཕུ་ས་ཟེར་གྱིན་འདུག བྷུདྡི་སདྦ་ཟེར་བ་དེ་བསྡུས་ནས་བྷུད་ས་བརྗོད་པ་འདྲ་ཡིན་ནམ། ད་དུང་མིང་ཚིག་ཁྱད་མཚར་འདྲ་བོ་མང་པོ་འདུག
ཙ་ཚ་ཛ་ཝ་ཞ་ཟ་འ་རྣམས་ཀྱི་སྒྲ་གདངས་ཇི་མ་ཇི་བཞིན་རྒྱ་གར་དུ་མེད་པ་དང་གཅིག གསལ་བྱེད་སུམ་ཅུའི་ཡིག་གཟུགས་ལ་ལེགས་པར་དཔྱད་ན། ཙ་ལག་ཚ་ལག་ཛ་ལག་ཝ་ལག་བཞི་དུས་ད་ལྟ་ཡང་མཐོང་རྒྱུ་ཡོད་པ་བཞིན་དུ། སྔར་གྱི་ཡིག་རྙིང་ནང་ལ་ཞ་ལག་ཟ་ལག་འ་ལག་ཀྱང་འདུག་པས། སྲོང་བཙན་སྔོན་ལ་བོད་ཡིག་ཅིག་ཡོད་སྟངས་ཅིག་འདི་ནས་རྙེད་ཐུབ་པའང་སྲིད།
དགེ་རབ་ཀྱིས་སྐ་ཅོག་སོགས་ཀྱིས་བསྒྱུར་བ་ནས་འགྱུར་བཅོས་མང་པོ་བྱས་ཚུལ་གསུངས་པ་དེ་བདེན་པ་རེད། བསྟན་པ་སྔ་དར་གྱི་དུས་ཁོ་ནར་ཡང་སྐད་བཅད་གཉིས་ཡིན་ནམ་ཞིག་བྱས་འདུག ད་འདི་ན་ལ་དྭགས་པ་བློ་བཟང་འཇམ་དཔལ་གྱིས་མགོ་ཁྲིད་ནས་ཤེས་ཡོན་ཅན་ཁ་ཤས་ཀྱིས་ལོ་སྟོང་ཕྲག་གི་སྔོན་གྱི་ཡིག་སྐད་དེ་མ་གཏོགས་མ་འབྲི་ཟེར་ནས་བཤད་འདུག་པ་དེ་ངའི་སྙིང་ན་ས་ངོ་མ་དེ་ཡིན། ང་འདི་ལ་ཚིག་པ་ཞིག་ཟ་ཡོང་བ་དེ་བཤད་མི་ཤེས་པ་རེད། ཡིན་ན་ཡང་འདི་ན་དྲ་གྲོགས་ཚང་མས་ལ་དྭགས་པ་ཁོང་ལ་དགའ་དྲགས་ནས་ངས་ཁོང་ལ་དགག་པ་འདྲ་ཞག་རྒྱག་ཁུལ་བྱས་རུང་ནུས་པ་ཐོན་ས་མ་རེད་བསམ་ནས་སེམས་ཤུགས་ཆག་ཡོང་གིན་འདུག
བོད་ཀྱི་སྐད་ཡིག་ལ་སྐྱོན་ཆ་མེད་པ་དེ་ངས་འདོད་བགྱིན་ཡོད། འོནད་ཀྱང་སྐད་ཡིག་གང་ཡིན་ན་ཡང་་ཕྲད་གཞན་དབང་ཅན་ག་ཚོད་མང་བས་ཚོད་ཀྱིས་སྐད་ཡིག་དེ་བསླབ་པར་དཀའ་ལས་ཁག་པ་དང་། རྟགས་མཚུངས་འདྲེན་དགོས་པ་ག་ཚོད་མང་བ། དེ་ཚོད་ཀྱིས་གཟབ་ནན་བྱེད་དགོས་པས་ཚོད་ཀྱིས། སྐད་ཡིག་དེ་ཤེས་པ་ལ་དུས་ཚོད་མང་བ་འགོར་བགྱིད་ཡོད་རེད།
དཔེར་ན། ངས་ལབ་བགྱིད་ཡོད་ལ། ལབ་ཀྱི་ཡོད། དང་། ངས་ལབ་བགྱིན་ཡོད་ལ། ངས་ལབ་ཀྱིན། དོན་མེད་ཕྲད་གཞན་ཅན་མིན་པ་ཅིག་ལ་མཁས་མདོག་གིས། གཞན་དབང་ཅན་དུ་བཟོས། ཡང་ན། ཨུ་ཚུགས་ཀྱིས་རྟགས་མཚུངས་འདྲེན་པ་ལྟ་བུར་མུ་མཐུད་ནས་བྲིས་ནས་བསྡད་ན། ངས་ནི་རྗེས་ལུས་ལྟ་བུར་མཐོང་བགྱིད་འདུག བོད་སྤྱི་ལ་ཁྱབ་པའི་ཁ་སྐད་བདེ་བོ་བྲིས་མ་ཚད་ལྡན་་ཅིག་གང་མགྱོགས་བཟོ་མ་ཐུབ་ན། བོད་སྐད་གནས་ཐབས་གཞི་ཁོ་རང་ཡོད་མ་རེད་དོ། །
དྲྭ་གྲོགས་རྣམས་ཀྱིས་བཀའ་མོལ་ལྷུག་པོར་བགྲོ་བཞིན་པ་འདི་མུ་མཐུད་ནས་ཡིན་ད། སྔར་གྱི་ཁ་དཔེར་རྫུན་དྲིས་ན་མི་ཤོད་སྒུག་ན་ཤོད་ཟེར་བ་དེ་ཅིས་མི་བདེན། འོན་ཀྱང་བགྲོ་གླེང་རྒྱུ་མཚན་ཅན་རེད་དུས་ཚོད་ཁོམ་བར་ཀློག་བཞིན་ཡོད་དོ། །
ཨོ་ཡ། ད་འགྱུར་གྱི་སྐོར་ལ་གསུངས་མཚམས་བཞག་པ་འདྲ། རེད་དམ། སྐད་ཡིག་གི་སྐོར་ནས་ང་ལ་བསམ་འཆར་ཞིག་ཞུ་རྒྱུ་ཡོད། རྒན་ལ་དྭགས་པས་བོད་ཡིག་གི་དག་ཐེར་ལ་དམིགས་ནས་ཡང་ཡང་ཁ་བརྡ་ལ་ཕེབས་ཏེ་ཞུས་དག་མཛད་བཞིན་པ་ནི་ཡི་རངས་པའི་གནས་རེད། ངས་ཁོང་ནི་ཆེད་ལས་ཀྱི་ཐོག་ནས་དག་ཆ་ལ་དཔྱད་ཞིབ་བྱེད་མཁན་འདྲ་བོ་ཞིག་ལ་མཐོང་སོང་། དེ་ནས་ཁོང་དགུང་ལོ་མཐོན་པོ་དེ་ཙམ་ལ་ཕེབས་ཀྱང་བོད་ཡིག་དང་བོད་ཡིག་ཅེས་ཡང་ཡང་ང་ཚོ་ལ་བཀའ་བཀྱོན་གནང་དུ་ཕེབས་པ་དེ་ལ་ཁྱེད་དྲིན་ཆེན་ཡིན་བསམས་ཀྱི་འདུག ཁོང་མཚམས་མཚམས་སྐད་ཀྱི་ཉེན་རྟོག་པ་ཟེར་བ་དེ་འདྲ་བོ་ཞིག་འདུག འདི་ནི་བོད་སྐད་དང་བོད་ཡིག་ལ་དགོས་ངེས་པ་ཞིག་རེད།
དེ་བསམ་ཚུལ་གཞན་པ་དེ་འདི་ཡིན། ང་ཚོ་འདིར་བོད་ཡིག་འབྲི་མཁན་རྣམས་ནི་བོད་པ་ཡིན་པ། བོད་སྐད་ཕ་སྐད་ཡིན་པ། བོད་སྐད་རང་གི་སྐད་དང་པོ་དེ་ཡིན་པ། བོད་ཡིག་སློབ་སྦྱོང་བྱས་ནས་ཡུན་རིང་པོ་འགོར་པ། ང་ལ་མཚོན་ན་ ལོ་བཞི་བཅུ་ལ་ཉེ་བ་ཞིག་ལ་བོད་ཡིག་ལ་འཐམས་ནས་བསྡད་འདུག སློབ་ཆུང་ནས་བརྩིས་ན་དེ་འདྲ་རེད། ད་གནད་དོན་འདི་རེད། བོད་ཡིག་འདི་མི་ཞིག་གི་མི་ཚེ་ལ་བསླབས་ཀྱང་ད་དུང་བཀོལ་སྤྱོད་ཀྱི་ནུས་པ་མེད་ན། སྐྱོན་དེ་མི་དེ་ལ་ཡོད་མ་རེད། སྐྱོན་དེ་སྐད་ཡིག་གི་ཐོག་ན་ཡོད་པ་རེད། ང་ཚོའི་སྐད་ཡིག་འདི་ ལོ་བཅུ་གྲངས་ཤིག་ནང་ལ་བསླབས་ན་ཤེས་པ་ཞིག་དང་། ཤེས་ནས་སྤྱོད་ཐུབ་པ་ཞིག་མེད་ན། དེས་བོད་སྐད་སྨྲ་བ་རྣམས་ཀྱིས་བོད་ཡིག་སྤྱོད་པའི་ལེའུ་དེ་མཇུག་སྒྲིལ་ཉེན་ཡོད་པ་མཚོན་པ་རེད། ང་ནི་རྒན་ལ་དྭགས་པ་མཆོག་ལ་རླུང་ལངས་རྒྱུ་ཕར་བཞག ཉེན་ཁ་འདི་སེམས་ལ་དྲན་དུས་ཡིད་མུག་འགྲོ་བ་ཞིག་འདུག ཁ་གསལ་གསལ་ཞིག་ཨེ་ཡོང་ལ་བལྟས་མོད། ད་དུང་གསལ་ཆ་མེད་པ་ཡོད་སྲིད། སླར་ཡང་འདི་སྐོར་ལ་ཞིབ་ཚགས་ཤིག་འབྲི་འདུན་ཡོད་ལགས།
འཇིགས་མེད་བློ་གྲོས་མཆོག་སོགས་བོད་ཀྱི་མཁས་དབང་རྣམས་ལ་ཆེད་ཞུ། ཤེས་རབ་འབྱུང་གནས་བློ་གྲོས་ཞུ་བ་དེ་སྤྱོད་འཇུག་གི་འགྲེལ་དཀའ་འགྲེལ་རྩོམ་པ་པོ། སྤྱི་ལོ་༡༠༠༠རྗེས་སུ་མཁས་པ་ཆེན་པོ་ཡིན་འདུག དེ་ཡིས་མཛད་པའི་སྤྱོད་འཇུག་འགྲེལ་པ་ལ་དཀའ་འགྲེལ་ཞེས་ཡོད་ཀྱང་། བོད་དུ་སྤྱོད་འཇུག་འགྲེལ་ཆེན་ཞེས་གྲགས་སོ་སྙམ། ཁོང་གི་མཚན་ལ་ལེགས་སྦྱར་སྐད་དུ། པྲཇཉཱ་ཀ་ར་མ་ཏི་ཞུ། ཡི་གེ་ལེགས་པར་བརྩེགས་མ་ཐུབ། ཨཱ་ཀ་ར། འབྱུང་གནས་སོ། སློབ་དཔོན་ཆེན་པོ་འདི་ཡིས་མཛད་པའི་བསྟན་བཅོས་གཞན་གྱི་འགྲེལ་པ་བསྟན་འགྱུར་ཡོད་ངེས། སྟབས་ལེགས་ཀྱིས་སྤྱོད་འཇུག་འགྲེལ་ཆེན་ལེགས་སྦྱར་ཕལ་ཆེ་བ་རྙེད་ནས། ནུབ་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་རྩད་ཆེར་བཟུང་སྟེ། སྤྱིས་སུ་རྒྱ་གར་དུ་ཡང་སྤར་ཡོད། ལེགས་སྦྱར་འཐོར་ཡོད་པ་རྣམས་བོད་འགྱུར་གཞིར་བཟུང་བདག་གིས་ལེགས་སྦྱར་དེ་ཁ་སྐོང་ཞུས་ན་ལོ་ཁ་ཤས་སོང་། མ་འོངས་པ་ན། ཤོག་ལྡེབས་གཡས་སུ་ལེགས་སྦྱར་དང་། གཡོན་དུ་བོད་དཔེ་སྤར་ཐུབ་པའི་རེ་བ་མཆིས།
་
ཡོངས་གྲགས་ཀྱི་ཡི་གེར་བཀོད་ཟིན་པ་ལ་ཨིན་ཇི་སོགས་རྒྱབ་ཁབ་གཞན་རྣམས་ཀྱིས་རྩི་འཇོག་ཆེན་པོ་བྱེད། དེ་བཞིན་རང་རེས་ཀྱང་བྱེད་དགོས་པར་བཤད་པ་ལ། སྤོབས་པ་མཐའ་ཡས་མཆོག་སྙིང་ན་བ་ལ་བྱ་ཐབས་ཀྱིས་དབེན། ཁོང་གིས་འདི་ལྟར་བྲིས་ཏེ། “ང་འདི་ལ་ཚིག་པ་ཞིག་ཟ་ཡོང་བ་དེ་བཤད་མི་ཤེས་པ་རེད།” གཞུང་ལུགས་མ་སྦྱངས་པ་ཞིག་ལ་དེ་འདྲ་འབྱུང་བ་ལ་ཡ་མཚན་མི་གྱུར་ཀྱང་། བོད་གཞུང་ལུགས་ལ་སྦྱངས་པ་ཞིག་ལ་དེ་འདྲའི་ཚིག་པ་ཟ་བ་ནི། དངོས་གནས་ཡ་མཚན་པའི་གནས་ཏེ། རྗེ་ཙོང་ཁ་པས།
་
རྟེན་ནས་འབྱུང་བར་ཁས་བླངས་ནས།
སྟོང་ཉིད་ང་རོ་མི་བཟོད་པ།
འདི་ལ་ཁོ་བོ་ངོ་མཚར་གྱུར།།
་
ཞེས་གསུངས་པ་ལྟར་རོ།།
བོད་སྔ་རབས་པའི་བསྒྱུར་པའི་བཀའ་འགྱུར་གྱི་ལོ་རྒྱུས་སམ་སྒྲུང་དཔེ་རྣམས་ཤིན་ཏུ་གོ་སླ་བ་མཆིས། བདག་རན་ལ་མཚོན་ན། མདོ་མཛངས་བླུན་དགེ་བའི་བཤེས་གཉེན་ནས་ཚར་གཅིག་མཉན། དེ་ནས་བཤེས་གཉེན་གྲོངས་རྗེས། རང་ཁྱིམ་དུ་ཟླ་བ་ཁ་ཤས་བསྡད་སྐབས་སུ་མདོ་དེ་ཉིད་བཀླགས་ཏེ། རང་གི་དྲིན་ཅན་མ་ལ་གཏམ་རྒྱུད་བཤད་པའི་སྐལ་བཟང་བྱུང་། དེ་བཞིན་བོད་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོར་བདག་གི་དགེ་རྒན་དཀའ་ཆེན་མཐར་ཕྱིན་ཞབས་དགེ་བཤེས་ཆེན་པོ་ཡིན་པ་སྦྱིན་བདག་རྣམས་ཀྱིས་བཀའ་འགྱུར་སྒྲོགས་པ་ན་གདན་འདྲེན་ཞུ། སྐབས་རེར་བདག་བཀའ་འགྱུར་སྒྲོགས་པར་ཚབ་ཏུ་འགྲོ་བ་ན། ལོ་ངོ་བཅོ་བརྒྱད་བཅུ་དགུ་ཡིན་དུས་ཀྱང་། བཀའ་འགྱུར་ན་ཡོད་པའི་གཏམ་རྒྱུད་ཁ་ཤས་གོ་རྟོགས་བྱུང་ནས། འདི་འདྲ་བཀླགས་པ་ཡིན་ཞེས་དགེ་བའི་བཤེས་གཉེན་ལ་ཞུས་པ་ད་ལྟར་དྲན་པར་མཆིས། དཔལ་སྤོབས་པ་མཐའ་ཀྱིས་རང་གི་ཁ་སྐད་དུ་བྲིས་པ་བདག་རང་གིས་གོ་རྟོགས་མ་བྱུང་ན། གཞན་ལ་དྭགས་པ་བོད་ཡིག་ཀློག་མཁན་བོད་ཡུལ་གཞན་གྱི་མི་དང་འགྲོགས་པ་དག་གིས་ཇི་ལྟར་གོ་རྟོགས་ཐུབ། དེས་ན་བོད་མི་མངས་གཅིག་ཏུ་སྒྲིལ་འདོད་ན། བཀའ་བསྟན་ན་ཡོད་པའི་མིང་ཚིག་རྣམས་བཀོལ་དགོས་ཞེས་པའི་རྒྱུ་མཚན་འདི་ཡིན་པ་མཁྱེན་པར་མཛོད་ཅིག ཅེས་ཞུ་བ་ལགས།
་
མཁན་ཆེན་ཞི་བ་འཚོས་བོད་ཀྱི་སྐད་དེ་བྱང་ཆུབ་སེམས་དཔའི་སྐད་ཡིན་གསུངས་ཏེ། རང་ཉིད་ཀྱིས་བོད་སྐད་སྦྱོང་བར་མ་ཟད་རྒྱ་གར་ནས་ཕེབས་པའི་དགེ་སློང་གཞན་ཀུན་ལ་ཡང་བོད་སྐད་སྦྱང་དགོས་ཞེས་བསྐུལ་མ་མཛད་པ་སྦ་བཞེད་ལོ་རྒྱུས་ཀྱི་དཔེ་ཆ་ན་མཐོང་། སྔ་འགྱུར་གྱི་སྐད་འདི་སྤུས་དག་བྱུང་བ་ནི། མཁན་ཆེན་འདིས་བོད་པ་དང་། རྒྱ་གར་པ་དག་ལ་སྦྱོང་དགོས་པར་བསྐུལ་མ་མཛད་པ་ལས་བྱུང་བར་མངོན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། སྔ་རབས་པའི་དུས་སུ་བསྒྱུར་པའི་འདུལ་བ་ན་ཡོད་པའི་དྲུག་སྡེའི་གཏམ་རྒྱུད་རྣམས་མངོན་སུམ་ཡོད་པ་ཡིད་ལ་འཆར་གསུངས། རྒྱལ་བ་ཀློང་ཆེན་རབ་འབྱམས་པས་ཀྱང་སྔ་རབས་ཀྱི་སྒྲ་སྒྱུར་པ་ཀུན་ས་མཐོན་པོར་སླེབས་པའི་སྤྲུལ་པའི་སྐུ་ཡིན་གསུངས། འོན་ཀྱང་དེ་ཙམ་མ་ཡིན་པར་གཙོ་བོ་ནི་དེ་དག་གི་འབད་པ་ཆེན་པོ་ལས་བྱུང་བར་སེམས་སོ།།
བོད་ཡུལ་གཞན་གྱི་མི་དང་འགྲོགས་པ་དག་གིས་ཞེས་པ་དེ། བོད་ཡུལ་གཞན་གྱི་མི་དང་འགྲོགས་མེད་པ་དག་གིས། ཞེས་ཀློག་པར་མཛོད། དེ་ལ་སོགས་པ་གཞན་ལ་ཡི་གེ་ཆད་ལྷག་ཡོད་པ་དག་བཟོད་གསོལ་ཞུ།
ཨ་ཡ། དགེ་རབ་ལགས། ཁྱེད་ཀྱི་མཆན་༣༡འདི་བཀླགས་རྗེས་ངོ་མ་ཡིད་ནག་མུག་མུག་ཏུ་གྱུར་སོང་། ཁྱེད་ཀྱི་མཆན་འདིའི་སྙིང་དོན་དེ་དབྱིན་ཡིག་ཚིག་གཉིས་ལ་བསྡུས་ཐུབ་པ་སྟེ། ..doomed to failure.
བོད་ཀྱི་ཡི་གེ་འདི་རྙོག་ཟིང་ཆེ་བ། སྦྱོང་དཀའ་བ། ཁྲིམས་དམ་པ། འགུལ་ས་ཉུང་བ། བཀོལ་སྤྱོད་ཞན་པ། བཀོལ་མཁན་ཉུང་བ། ལྟོ་གོས་དང་ཐག་རིང་བ། དཔལ་འབྱོར་གྱི་མཐའ་ལ་ལྷུང་བ། མཐའ་ན་དུས་རབས་འདིའི་ནང་ལ་མཛེས་མ་ཞིག་ལ་སྙིང་གཏམ་ཞིག་ཀྱང་སྐད་ཡིག་འདིས་མི་ཡོང་བ་བཅས་ལ་སོམས་དང་། ལོ་ལྔ་བཅུའི་ནང་ལ་ནག་འཐུམ་མེར་འགྲོ་རྒྱུ་ཐག་ཆོད་རེད།
གལ་ཏེ་ནང་ཆོས་དེ་བོད་ཡིག་ནས་ཕར་འཐེན་དང་། གཞན་ལྟ་ས་ཅི་ཡང་མེད་པར་གྱུར་འདུག
བྱས་ཙང་ང་ཁ་བརྡར་ཡོང་ནས་ཚེ་མཇུག་ལ་བསླེབས་པའི་བོད་ཡིག་རྒན་མོ་འདི་ལ་ག་ཚོད་ཐུབ་ཐུབ་ཀྱིས་གཅེས་སྤྲད་བྱེད་བཞིན་ཡོད།
ངའི་བོད་ལ་ཡོད་པའི་ཚ་མོ་ཚ་བོ་ཚང་མ་དེང་སང་རྒྱ་ཡིག་དང་དབྱིན་ཇི་བཀོལ་བཞིན་འདུག kaokao ནང་ལ་ངེད་ཚོའི་ཁྱིམ་ཚང་སྤུན་མཆེད་མི་གྲངས་༢༠ཙམ་གྱི་ནང་ལ་བོད་ཡིག་བཀོལ་མཁན་ང་རང་གཅིག་པུ་རེད། གཞན་པ་མི་ཤེས།
གལ་ཏེ་བོད་ཡིག་འདི་ངེད་ཚོ་དུས་རབས་འདི་དང་མ་འོངས་པའི་དུས་རབས་ཀྱི་བོད་མིའི་ཁྲོད་གནས་དགོས་ན། ང་ཚོས་བསམ་བློ་ཤིན་དུ་རྒྱང་རིང་པོ་དང་། རྒྱ་ཆེན་པོ། སྟོབས་ཆེན་པོ་ཞིག་བཏང་ནས་བོད་ཡིག་འདི་དེང་དུས་ཀྱི་སྐད་ཡིག་གཞན་དང་འཚམ་པ་བཟོ་བ་དང་དེ་ཚོ་ལས་སྟབས་བདེ་བ་བཟོས་ནས་བོད་མི་རྣམས་ལ་ཕན་ཐོགས་པ་ཞིག་བཟོ་དགོས། ད་ལྟའི་བོད་ཡིག་འདི་བོད་མིར་ཕན་ཐོགས་ཡོད་མེད་མི་ཤེས་ཁར་བཙན་དབང་དང་སེམས་འཁུར་ཞིག་ལ་སོང་ཡོད།
དཔེར་ན། ང་ཚོས་དེང་དུས་ཀྱི་སྐད་ཡིག་དང་བསྟུན་ནས། བོད་ཡིག་གི་དག་ཆ་སྟབས་བདེ་རུ་གཏོང་དགོས། མགོ་ཅན་འདོགས་ཅན་རྣམས་དོར་དགོས། ༼གློག་ཀླད་དང་མཉེན་ཆས་ཀྱི་བཀོལ་སྤྱོད་སྐད་ཡིག་ནང་ལ་མགོ་ཅན་དང་འདོགས་ཅན་རྣམས་བཀོལ་མི་ཐུབ།༽ དེ་བཞིན་འབྲེལ་སྒྲ་དང་ལ་དོན། ཚིག་འཕྲད་རྣམས་ཉུང་དུ་གཏོང་དགོས། དེ་བཞིན་དུས་གསུམ་དང་བྱ་བྱེད་ལས་གསུམ་སྟབས་བདེ་རུ་གཏོང་དགོས། འདི་ལྟར་བགྱིད་པའི་བློ་སྟོབས་མེད་ན། བོད་ཡིག་བདག་པོ་རྒྱག་རྒྱུ་ནི་ཁག་པོ་རེད།
ང་ཚོས་མགོ་ཅན་འདོགས་ཅན་རྣམས་སྟེང་འོག་མིན་པར་འཕྲེད་ལ་བཀོལ་ན་ཇི་འདྲ་རེད། དཔེར་ན། བསྒྲིགས་ལྟ་བུར། བསགྲིགས། དེ་བཞིན་ལ་དོན་གཞན་ཚང་མ་དོར་ནས་ལ་གཅིག་པུ་བཀོལ་བ། ཚིག་འཕྲད་ཀྱང་དེ་ལྟར་འགྲེ་ན། དེ་བཞིན་དུས་གསུམ་གཟུགས་སྒྱུར་རྣམས་གཏན་འབེབ་བྱས་ནས་སྟབས་བདེ་རུ་གཏོང་དགོས་སྙམས།
དེ་ལྟར་རྣམ་དཔྱོད་མི་བཀོལ་བར། ཨུ་ཚུགས་གཅིག་པུ་ལ་རེ་བ་བཅོལ་ན། བོད་ཡོངས་རྫོགས་རྒྱ་ལག་ལ་ཤོར་བ་བཞིན། བོད་ཡིག་དེ་ཡང་འཆི་ལམ་ལ་གཏོང་ངེས།
མདོ་མཛངས་བླུན་གྱི་ནང་དུ་གནའ་བོའི་ཐ་སྙད་བརྒྱ་ཕྲག་དུ་མ་མཆིས། དེ་ཚོར་ཟུར་དུ་ཚིག་མཛོད་དེ་འདྲ་མ་བཟོས་ན་དེང་སང་གི་སློབ་གྲྭ་པ་ཚོས་གོ་མི་ཐུབ། ངས་སྔོན་མར་དགོན་པ་ཞིག་གི་གྲྭ་པ་ཚོར་མདོ་མཛངས་བླུན་ལོ་གཅིག་ཙམ་ལ་ཁྲིད། དེ་དུས་ཉམས་མྱོང་དེ་ཐོག་མར་བྱུང་སྟེ་མཛངས་བླུན་གྱི་ཚིག་རྙིང་བརྒྱ་ཕྲག་བརྒལ་བར་མཆན་བུ་བྲིས། དེ་ཚོ་དེབ་ཅིག་ཏུ་བསྒྲིག་ཆོག་པའི་ཚད་དུ་ལོངས། ཐ་སྙད་དེ་ཚོ་བོད་ཡུལ་ཕལ་མོ་ཆེར་བེད་སྤྱོད་མི་བྱེད། དེ་ནི་ལོ་རྒྱུས་ཀྱི་འགྱུར་བའི་དབང་གིས་ཡིན་གྱི་ཐ་སྙད་དེ་ཚོའི་སྐྱོན་མིན། ཐ་སྙད་རྙིང་པ་དེ་ཚོ་ད་དུང་བེད་སྤྱོད་བྱེད་དགོས་སམ་ཡང་ན་བཀའ་བསྟན་གྱི་ནང་དུ་སྦས་བསྐུངས་བྱས་ནས་སྡོད་དུ་འཇུག་དགོས།
འཇིགས་མེད་བློ་གྲོས་མཆོག་ལ་ཞུ་རྒྱུ་ཞིག་བརྗེད་འདུག བོད་དུ་རྗེ་བཙུན་ཏཱ་རཱ་ནཱ་ཐའི་བརྒྱ་རྩ་བརྒྱད་ཡོད་པའི་རྟོགས་བརྗོད་ལྟ་བུའི་གཏམ་རྒྱུད་ཅིག་དང་། ཝཱ་རཱ་ཎ་སཱི་སོགས་སུ་རྒྱ་གར་ཆོས་འབྱུང་མ་གཏོགས་གཞན་གཞུང་དཔེ་རྣམས་ལེགས་པ་ཞིག་ཀློང་ལོང་མེད་ལགས།
གོང་གི་རྒད་པོའི་སྐད་ཆ་དེ་ལ་བསམ་བློ་གཏོང་རྒྱུ་འདུག ངས་དེང་སང་ང་རང་གི་བོད་ཡིག་སློབ་མ་ཚོར་བོད་ཡིག་གྱི་འབྲེལ་སྒྲའི་ཚིག་ཕྲད་གི་གཅིག་པོ་མ་གཏོགས་བེད་སྤྱོད་གཏོང་རྒྱུ་མེད་པའི་གསར་བརྗེ་ཐེངས་ཤིག་བྱེད་བསམས་ནས་བསྡད་ཡོད། དེ་ནི་རིག་གསར་སྐབས་ཀྱི་བྱེད་སྟངས་ཤིག་རེད་དེ། རིག་གསར་སྐབས་ཀྱི་ཡིན་ཡང་དགོས་པ་རྒྱུ་མཚན་མཐོང་ན་དེ་ལྟར་མ་བྱས་རང་བྱས་རེད། དཔེར་ན་སྐུ་དྲག་དང་ས་བདག་གདུག་རྩུབ་ཅན་ཚོར་རྡུང་རྡེག་བྱས་པ་འདྲ་བོ་རེད། བོད་ཡིག་འདི་མིག་གིས་མཐོང་ས་ནས་རྩ་མེད་དུ་འགྲོ་བ་ལས་འདི་བེད་སྤྱོད་གཏོང་སྟངས་ལ་གསར་བརྗེ་རབ་དང་རིམ་པ་ཞིག་བྱེད་དགོས་བྱུང་ཡང་འཛེམ་མེད་དུ་ལག་ལེན་མ་བྱས་ཐབས་མེད་རེད། དཔེར་ན་མི་ཞིག་སྐྲན་ནད་ཀྱིས་འཆི་བ་ལས་སྐྲན་ཡོད་སའི་ཤ་ལྷེབ་དེ་བཀོག་ནས་གཡུག་དགོས་པ་བཞིན་རེད།
ཉིན་འགའི་སྔོན་ང་ལ་མར་པ་དང་བུ་སྟོན། ཇོ་ནང་སྒྲོལ་མགོན་གསུམ་གྱི་གསུང་འབུམ་ཆ་ཚང་ཞིག་ཐོབ་བྱུང་། ད་ག་ལེར་ཀློག་གི་ཡིན་ད།
ད་བོད་ཡིག་གནས་མི་གནས་དང་བཀོལ་སྤྱོད་ཀྱི་སྐོར་ལ་ཚིག་གཉིས་ཞུ་རྒྱུ་ཡོད། ངས་འདིའི་སྐོར་ལ་བསམ་བློ་གང་འཚམས་བཏང་བ་ཡིན། བོད་ཡིག་མུ་མཐུད་དུ་གནས་དགོས་བ་དང་བཀོལ་སྤྱོད་ཀྱང་ཐུབ་དགོས་ན། ལམ་ཁ་གཉིས་མ་གཏོགས་མེད།
དང་པོ།
བོད་ཡིག་དེ་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་རིག་གི་སྒང་ལ་སླེབས་དགོས་ཀྱི་ཡོད། དཔེར་ན། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལ་བོད་ཡིག་ཡོད་པ་ནང་བཞིན། བོད་ཡིག་གི་འཕྲིན་ཐུང་དང་བཤེར་ཆས་སོགས་ཀྱང་ག་ལེར་བཟོ་དགོས། མཉེན་ཆས་དག་གི་བཀོལ་སྤྱོད་མ་ལག་ཀྱང་བོད་ཡིག་གི་ནང་ལ་དགོས། དེ་གཅིག་ཡིན།
གཉིས།
དེ་ནས་བོད་ཡིག་གི་ལམ་ནས་བཅོས་སྒྲུང་བྲིས་ནས་འཛམ་གླིང་ལ་སྐད་གྲགས་འཇོག་ཐུབ་མཁན་བཅུ་གྲངས་ཐོན་དགོས་ཀྱི་འདུག གལ་སྲིད། ང་ཚོའི་མི་ཚེ་འདི་ལ། བོད་ཡིག་གི་ནང་ལ་བཅོས་སྒྲུང་བྲིས་ནས་འཛམ་གླིང་ལ་སྐད་གྲགས་འཇོག་ཐུབ་མཁན་བོད་རིགས་ཉི་ཤུ་བྱུང་བ་ཡིན་ན། བོད་ཡིག་གི་ལྟོ་གོས་སྤྲོད་ཐུབ་པའི་ལམ་ཁ་གསར་བ་ཞིག་སྒོ་ཕྱེས་ཐུབ་གི་རེད།
ད། བོད་པ་ལ་བཅོས་སྒྲུང་འབྲི་མཁན་མང་པོ་དགོས་ཀྱི་འདུག རྒྱལ་སྤྱིའི་ཁྲོམ་རྭའི་ནང་ལ་སླེབས་ཐུབ་པའི་བཅོས་སྒྲུང་འབྲི་མཁན་དགོས་ཀྱི་འདུག
(ད་ལྟ་ཚུན་ལ། ངས་ཤེས་གསལ་ལ་བོད་པའི་ཁོངས་སུ་བརྩམས་སྒྲུང་བྲིས་ནས་ཕྱུག་པོ་ཆགས་མཁན་གཅིག་མ་གཏོགས་བྱུང་མྱོང་མེད། དེ་ཨ་ལེ་རེད། ཁོང་གིས་རྒྱ་ཡིག་ལ་བྲིས་བ་རེད།)
གཞན། ཕ་མ་དང་དགེ་རྒན། ཀློག་དེབ་ཟེར་བའི་སྐད་ཆ་དེ་ཚོས་ཁུངས་མི་འཁྱོལ།
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་གསུངས་པ་ལྟར། མིང་ཚིག་རྣམས་བཀའ་བསྟན་གསུང་འབུམ་དང་གང་མཐུན་མཐུན་དགོས་གལ་ཆེ་བར་མཐོང་། བར་སྟོང་ བཞག་པ་དང་ མ་བཞག་པའི་འབྲི་སྟངས་གཉིས་དགོས་འདུག འབྲེལ་སྒྲ་གི བྱེ་སྒྲ་ཀྱིས། ལ་དོན་ལས་འཐུས་པར་བྱས་པའི་འབྲི་ཚུལ་གསར་པ་ཅིག་བྱུང་ན་ག་འདྲ་ཡོད་དམ།
ཨ་ཡོ་ཤེ།
མི་རྒས་གི་རྒས་གི་ཧོན་ལོག་ཟེར་པ་ཞིག་བཤད་སྲོལ་ཡོད་པ་དེ་གཞན་ཅང་ཡིན་ས་མ་རེད། ལོ་ལོན་གི་ལོན་གི་བློ་སེམས་ཆུང་དུ་ཕྱིན་ནས་རང་གི་ནོར་བུ་སྐྱོན་དུ་མཐོང་བ་དང་། དོན་མེད་གང་བྱུང་དུ་རླུང་ལངས་ནས་ཁོང་ཁྲོ་ཟ་ཞིང་ལབ་རྡོ་འབྱིན་པ་དེར་ཟེར་པ་ཡིན་པ་འདྲ། ད་ཁྱེད་ཚོ་རྒས་འདུག ཉིན་རེར་བསྡད་ན་ཧོན་ལོག་གི་སྐད་ཆ་གོ་རྒྱུ་ཇེ་མང་ཇེ་མང་རེད།
ངས་འདི་ལྟར་མི་ཟེར་ཀ་མེད་རེད། ངས་སེམས་ལ་རྒྱུན་དུ་མཐོང་འཇོག་ས་དང་། གུས་བརྩི་ཞུ་ས། སྤོབས་པ་སྐྱེ་ས། ཤེས་ཡོན་པའི་ལམ་སྟོན་ས་དང་། གཞོན་ནུ་རྣམས་མདུན་དུ་ཁྲིད་མཁན་ལ་ཡིས་ཆེས་པའི་ཁྱེད་ཅག་གིས་ང་ཐང་ཆད་དུ་བཅུག་སོང་། ཨ་ཡོ་ཤེ
སྐྱོན་དེ་མི་དེ་ལ་ཡོད་མ་རེད། སྐྱོན་དེ་སྐད་ཡིག་གི་ཐོག་ན་ཡོད་པ་རེད། ལོ་བཅུ་གྲངས་ཤིག་ལ་སྦྱངས་ནས་ཤེས་ཐུབ་པ་དང་བཀོལ་ཐུབ་པ་ཞིག་མེད་ན་བོད་ཡིག་སྤྱོད་པའི་ལེའུ་དེ་མཇུག་སྒྲིལ་ཉེན་ཡོད་པ་མཚོན་པ་རེད། ༼ ༽བཀུར་འོས་རྒན་རབས་པ་དགེ་རབ་ལགས། གོང་གི་ཡིག་ཕྲེང་འདི་གཉིས་ཀྱིས་ཁྱེད་ང་ལ་སེམས་པ་གྲང་སིལ་སིལ་དུ་བཏང་སོང་། སྐད་ཆ་དུམ་བུ་འདི་ཁྱེད་སེམས་ལ་དངོས་སུ་ཤར་པ་ཡིན་ནམ། ང་ཡིད་ཆེས་མ་སོང་།
ད་དུང་གཞན་དག་གཅིག་གཉིས་ཤིག་གིས་བཤད་རྒྱུར། བོད་ཡིག་ལ་བཟོ་བཅོས་རྒྱག་དགོས་ལུགས་དང་། ཕྲད་ཉུང་དུ་གཏོང་དགོས་པ། མགོ་འདོགས་སོགས་མེད་པར་གཏོང་དགོས་ཚུལ་སོགས་ཀྱི་ཡོང་ཐབས་མེད་པའི་ར་མ་ལུག་གི་ཉོག་གཏམ་དེ་འདྲ་ཁ་ནས་ཐོན་སོང་། ཨ་ཙི། ཨ་ཙི། མི་ཚེ་བོད་ཡིག་དང་འགྲོགས་པའི་རྒན་རབས་པ་ཁྱེད་ཚོའི་ཁ་ནས་ཚིག་འདི་འདྲ་ཐོན་པ་ངའི་ཀླད་པའི་རྒྱ་གཏིང་ན་མེད།
ཁྱེད་ཚོས་རང་གི་སེམས་ལ་བོད་ཡིག་དེ་དེ་འདྲའི་སྦྱོང་དཀའ་བ་དང་། ཤེས་དཀའ་བ། མགོ་རྙོག་ཆེ་བ། བཀོལ་སྤྱོད་མེད་པ་ཞིག་ཏུ་མཐོང་གི་ཡོད་པ་དངོས་བདེན་ན། སྐད་ཡིག་གཞན་དག་ག་རེ་ག་རེ་སྦྱོང་སླ་བ་དང་། ག་རེ་ག་རེ་ཤེས་སླ་བ། ག་རེ་ག་རེ་ཚིག་ཕྲད་ཉུང་ཞིང་མགོ་རྙོག་མེད་པ་རེད། ཨ། སྦྱང་མ་ཐག་ཏུ་ལམ་སང་ཤེས་འགྲོ་བའི་སྐད་ཡིག་ཅིག་སྟོན་རོགས་གནང་དང་། མགོ་རྙོག་མེད་པའི་སྐད་ཡིག་དེ་ཚོ་གང་རེད་སྟོན་དང་། ཨིན་ཡིག་ཕུད་པའི་གཞན་དག་འཛམ་གླིང་གི་སྐད་ཡིག་སྣ་ཚོགས་འདྲ་མིན་ཁྲོད་ནས་ཁྱེད་ཅག་ཡིད་སྨོན་ཤོར་སའི་སྐད་ཡིག་ཤེས་སླ་བོ་དེ་ཚོ་གང་དང་གང་ཡིན་པ་འདིར་དྲངས་ནས་གསལ་སྟོན་ཅིག་གནོང་དང་། ང་ཚོས་དེ་དག་ནས་དཔེ་ལྟ་ཆོག་གི་རེད།
ངས་རང་གི་སྐད་ཡིག་ཀ་མད་སུམ་བཅུའི་བདག་ཉིད་ཅན་འདི་ལ་སེམས་ཁོངས་ནས་སྤོབས་པ་དང་ཡིད་སྨོན་སྐྱེ་བ་ཉིན་རེ་ལས་ཉིན་རེར་མཐོ་རུ་འགྲོ་གིན་འདུག རང་ཉིད་ཡུ་རོབ་ནུབ་མའི་ལྟེ་གནས་རྒྱལ་ཁབ་འདིར་བསྡད་ནས་ལོ་ངོ་བདུན་འགྲོ་བའི་རིང་སྔ་དྲོ་ལས་ཀར་སོང་ན་ཕྱི་དྲོ་སློབ་གྲྭར་འགྲོ་དགོས་པ་རེད། ཕྱི་དྲོ་ལས་ཀར་སོང་ན་སྔ་དྲོ་སློབ་གྲྭར་སོང་བ་དེ་འདྲ་རེད། སྦྱང་བྱ་མི་རིགས་འདིའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་ཤེས་བྱ། རྒྱལ་ཁབ་ཀྱི་འགྲོ་སྟངས་སྣ་ཚོགས་སོགས་རེད། འཛིན་གྲོགས་རྣམས་ཀྱང་ལྷོད་ཨ་རི་ཡོང་བ་དང་ཨ་ཧྥི་རི་ཀ་ནས་ཡོང་བ། ཨ་རབ་བྷེ་ཡ་དང་ཡུ་རོབ་ཤར་མ། ར་ཤི་ཡ་དང་ཨེ་ཤ་ཡ་སོགས་ནས་བསླེབས་པའི་རྒན་དར་གཞོན་གསུམ་རྣམ་པ་སྣ་ཚོགས་རེད།
སློབ་མ་རྣམས་ཀྱིས་ཀྱང་མཚམས་རེར་རང་རང་གི་སྐད་ཆ་ཤོད་པ་དང་སོ་སོའི་ཡི་གེ་ནག་པང་དུ་འབྲི་བ་སོགས་བྱས་ནས་སློབ་གྲོགས་ཚོར་ྥན་ཚུན་སྟོན་རེས་བྱེད་ཀི་རེད། ཡིག་གཟུགས་སྐྱོ་ཤོས་ཨ་རབ་གི་ཡིག་གཟུགས་དང་། སྒྲ་གདངས་སྐྱོ་ཤོས་རྒྱ་མིའི་སྒྲ་གདངས་རེད། འདྲ་མིན་སྣ་ཚོགས་རྣམས་ཀྱི་ཁྲོད་ནས་ངའི་སེམས་ལ་རང་རེའི་བོད་སྐད་བོད་ཡིག་ནི་ཅི་འདྲའི་རྣམ་དཔྱོད་ལྡན་ལ་ཚན་རིག་དང་མཐུན་པ་ཅིག་རེད་ཨང་སྙམ། སློབ་གྲོགས་མང་པོ་ཞིག་གིས་ཀྱང་ཡིན་སྨོན་གྱི་རྣམ་འགྱུར་སྟོན་པར་བྱེད། ངས་རང་གི་སེམས་ལ་བོད་ཡིག་གི་སྤོབས་པ་སྔར་བས་ཆེ་རུ་འགྲོ་བ་དང་བསྟུན་ལ་རྒྱ་བརྟན་དུ་སོང་། དེ་ཡང་ སྒྲ་དང་གདངས་ཀྱི་ཆ་ནས་དང་། དབྱིབས་དང་གཟུགས་ཀྱི་ཆ་ནས། གྲངས་དང་འགྲོས་ཀྱི་ཆ་ནས། ཕྱོགས་གང་ཐད་ནས་ཀ་མད་སུམ་བཅུའི་རང་རེའི་བོད་ཡིག་འདི་ནི་མི་རིགས་སྣ་ཚོགས་ཀྱི་དབུས་ན་མངོན་རིན་ཆོག་པའི་སྐད་ཡིག་ཅིག་ཡིན་པ་སེམས་ཀྱི་གཏིང་ལ་སྤོབས་པ་དང་ཡིད་སྨོན་གྱིས་ཁེངས་ནས་ཡོང་གིས།
མི་ཚེའི་མཐའ་ལ་བསླེབས་པའི་རྒན་རབས་པ་ཁྱེད་ཚོས་ཡིད་ལ་འཛིན་རྒྱུ་གཅིག་ཡོད་པ་དེ་ནི་རྗེས་རབས་པའི་གཞོན་སྐྱེས་ཚོ་ལ་རིན་ཆེན་ཕ་ལམ་ལས་ཀྱང་ལྷག་པའི་བོད་ཀྱི་སྐད་ཡིག་གི་རིན་ཐང་འདི་ལ་མི་གཙང་དྲི་མའི་འདམ་བག་བསྒོ་རྩིས་ཀྱི་འཁྲུལ་སེམས་བློ་ངན་དེ་ནམ་ཡང་མི་འཛིན་པར་ཞུ་ཞེས་ཞུ་བ་ཡིན།
ཁྱེད་རང་ཚོས་འབྲི་མི་ཐུབ་པའི་དབུས་སྐད། ཁམས་སྐད། ཨམ་སྐད། ཁ་བརྡ་ཚང་ལ་བྲིས་དང་། དེ་ནས་ང་ཚོས་གསལ་པོ་བཟོ་ཐུབ་ཀི་རེད། དེ་མིན་ཤེས་ནི་ཞིག་མི་ཤེས་ནི་ཞིག་ལ་གཏོང་རྩིས་མ་བྱེད་རོགས་ཞུ།
རྩོམ་པ་པོ་བརྫུན་མ་རེ་རེ་ཡིས་རྩོམ་ཡིག་མི་གོ་འགའ་བྲིས་བ་ལ་བོད་ཡིག་གོ་དཀའ་བར་མ་འདོད་ཅིག།
ཆོས་དོན་དང་ཆོས་དཔེ་གཏང་ཟབ་རེ་རེ་ལ་མ་སྤྱང་བར་བོད་ཡིག་གིས་གོ་བ་མི་སྟེར་བ་མ་བརློམ་ཅིག།
རྒན་བློ་བཟང་འཇམ་དཔལ་མཆོག་ནས་ལྗགས་ལན་འཐུས་ཚང་གནང་བ་དྲིན་དུ་ཚོར། ཐུགས་རྗེ་ཆེ།
མཁན་ཆེན་གྱི་འཁྲུངས་ཡུལ་གང་དུ་ཡིན་མིན་གཏན་འཁེལ་ཞིག་ད་ལྟ་ཡང་གསལ་ཁ་མེད་པ་འདྲ་འདུག གལ་ཏེ་འདིའི་སྐོར་གསལ་ཁ་ཡོད་པའི་འགྲེལ་བཤད་འདྲ་གནང་རྒྱུ་ཡོད་ན་གནང་རོགས།
ཀླུ་སྨྱོན་མཆོག་ནས་ཏཱ་ར་ནཱ་ཐའི་གསུང་འབུམ་ལྗགས་ཀློག་གནང་གི་ཡིན་གསུངས་སོང་། གསུང་འབུམ་ནང་མཁས་པ་རིན་ཆེན་འབྱུང་གནས་ཞི་བའམ་ཡོངས་གྲགས་གྲུབ་ཆེན་ཤཱནྟི་པ་ཞུ་བའི་རྣམ་ཐར་མཇལ་སོང་ན་ངེས་པར་དུ་ཕྲན་ལ་ལན་ཞིག་གནང་སྐྱོང་ཞུ། tenshedup@gmail.com
རྒན་བློ་བཟང་འཇམ་དཔལ་མཆོག་ནས།
ལེགས་སྦྱར་འཐོར་ཡོད་པ་རྣམས་བོད་འགྱུར་གཞིར་བཟུང་བདག་གིས་ལེགས་སྦྱར་དེ་ཁ་སྐོང་ཞུས་ན་ལོ་ཁ་ཤས་སོང་། མ་འོངས་པ་ན། ཤོག་ལྡེབས་གཡས་སུ་ལེགས་སྦྱར་དང་། གཡོན་དུ་བོད་དཔེ་སྤར་ཐུབ་པའི་རེ་བ་མཆིས།
གསུངས་པར་ཡི་རང་མངོན་བསྟོད་དང་ལས་དོན་ལེགས་འགྲུབ་ཡོང་བའི་རེ་འདུན་ཞུ།
ང་ ཡིན།
ཁྱོད་རེད། ཁོ་རེད། འདི་རེད།
ང་ལ་ ཡོད།
ཁྱོད་ལ་ འདུག ཁོ་ལ་ འདུག འདི་ལ་ འདུག
མདང་ ང་ ཕྱིན་པ་ ཡིན།
དེ་རིང་ ང་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ འགྲོ་བགྱི་ ཡིན།
ཁྱེད་ ཕྱིན་པ་ རེད།
ཁྱོད་ འགྲོ་བགྱིད་ འདུག
ཁྱོད་ འགྲོ་བགྱི་ རེད།
ཁོ་ ཕྱིན་པ་ རེད།
ཁོ་ འགྲོ་བགྱིད་ འདུག
ཁོ་ འགྲོ་བགྱི་ རེད།
ཡིན།
ང་ ཡིན།
ང་ བོད་པ་ ཡིན།
ང་ སློབ་ཕྲུག་ ཡིན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རེད།
འདི་ ངའི་ པར་ རེད།
འདི་ ངའི་ སྨྱུ་གུ་ རེད།
འདི་ ཁོའི་ དེབ་ རེད།
ཁོ་ ངའི་ གྲོགས་པོ་ རེད།
ཁོ་ མི་ ཡག་པོ་ རེད།
དགེ་རབ་ལགས་ཀྱིས་སྐད་གཞན་དུ་ལེགས་སྦྱར་གྱི་མིང་སོགས་བསྒྱུར་ཡོད་མེད་ཀྱི་སྐོར་བཤད་དུས། སྤོབས་པ་མཐའ་ཡས་ལགས་ཀྱིས་དེའི་ལན་གཞན་པ་ཞིག་བརྒྱབ་འདུག སྤོབས་པས་བཤད་པ་དེ་ཚོ་(菩萨,佛)སྒྲ་རང་བསྒྱུར་བའི་དཔེ་ལས་དགེ་རབ་ཀྱིས་དྲིས་པ་དེའི་མིན་པས་འབྲེལ་བ་ཆགས་མ་སོང་།
དགེ་རབ་ལགས་ལ་ཞུ་རྒྱུར། རྒྱ་སྐད་དུའང་ལེགས་སྦྱར་གྱི་མིང་དོན་སྒྱུར་བྱས་པ་མེད་པ་མ་ཡིན་ཏེ། ཟླ་བ་གྲགས་པར月称 དང་ལེགས་ལྡན་འབྱེད་ལ清辨 དབྱིན་གཉེན་ལ世亲 ཀླུ་སྒྲུབ་ལ 龙树 བཅས་སུ་དོན་བསྒྱུར་བྱས་ཡོད་པ་རེད། དེ་བས་བོད་འགྱུར་སྐབས་རེར་བསྒྱུར་བ་དང་ལན་ནེར་མ་བསྒྱུར་བ་ལ་ཧང་སངས་དགོས་དོན་མི་འདུག ངེས་པར་བསྒྱུར་དགོས་པའང་མ་ཡིན་ལ། བསྒྱུར་མི་ཆོག་པའང་མ་ཡིན་ནོ།། འདི་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས། ར་ཡིག་གཉིས་པ་འགྲེལ་བཤད་བསྐྱོན་དུས། འདི་དཀའ་མོ་ཟིག་མིན་ནའང་མ་ཤེས་ན་འདི་ར་དཀའ་ཟེར་བ་དེ་རང་དུ་སོང་འདུག ཤེས་སོང་ན་ཤེས་སོང་ནི་རེད། མ་ཤེས་པས་དཀའ་བ་རེད། ཧ་ཧ།
ལོ་ཙཱ་བ་དང་འབྲེལ་ཏེ་ཅུང་ཙམ་བཤད་ན། དེ་ནི་དག་མ་དག་གི་སྐད་ཆ་བཤད་དུ་མེད་དེ། འདི་ནི་ཟུར་ཆག་གི་སྐད་དེ लोकचाक्षु ཟེར་བ་དེ་ནས་ཟུར་ཆག་པ་སྟེ། འཇིག་རྟེན་མིག་ཅེས་པའི་ལོ་ཀ་ལས་ལོ་མིག་གི་ཙཱ་བླངས་ཏེ། བོད་སྐད་ཀྱི་བརྡར་བྱས་པ་སྟེ། བདག་སྒྲ་སྦྱར་བས་ལོ་ཙཱ་བ་གྲུབ་པའོ།། འདི་ལྟ་བུའི་མིང་ཚིག་བོད་ཀྱི་གཞུང་ཆེན་པོ་རྣམས་སུ་བགྲང་གིས་མི་ལོང་བ་ཡོད་དེ། དཔེར་ན། བྲཧྨཎ་ཞེས་པའི་བྲ་སོགས་བླངས་ཏེ་བྲམ་ཟེར་ཟུར་ཆག་པ། དེ་བཞིན་ཀིངྐར་ལས་གིང་ཕོ་དང་གིང་མོ། བིཧཱར་ལས་དཔེ་ཧར་དང་དཔེ་དཀར་སོགས་སུ་ཆགས་པ། ཀུངྐུམ་ལས་གུར་ཀུམ། གཉྫིར་ལས་འགན་འཇི་ར། ནཀུལ་ལས་ནེའུ་ལ། པཏཱཀ་ལས་བ་དན། སཙྪ་ལས་ཚ་ཚ། མུཀྟིཀ་ལས་མུ་ཏིག ཀེསར་ལས་གེ་སར། བྱཉྗན་ལས་བྱ་ན་སོགས་ལྟར་རོ། །
གལ་ཏེ་སྒྲ་སྦྱོར་བམ་གཉིས་དང་། བྱེ་བྲག་རྟོགས་བྱེད་ཆེན་མོ་སོགས་མཐར་ཕྱིན་པར་བསླབ་མ་བཏུབ་ནའང་། རྒྱུས་མངའ་ཅུང་ཙམ་མཛད་ཡོད་ན་དོགས་པ་འདི་རིགས་ནི་སླེབས་པའི་སྐབས་མེད་པའོ།། སྦྱང་བ་དམན་པ་དང་ལྟ་རྒྱ་ཆུང་བས་འདི་དག་བྱུང་བར་མངོན།
དེ་ནས་སྤོབས་པ་ལགས། སེམས་ཤུགས་མ་ཆགས་དང་། ལ་དྭགས་པའི་སྐད་ཆ་འགར་ང་རང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་མཐའ་གཅིག་ཏུ་ལྷུང་སོང་བས་རེད། ཁོང་གིས་བཤད་པ་འདི། སྔོན་མར་བཀས་བཅད་གསུམ་པའི་སྐབས་སུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་ཚིག་གང་མང་ཞིག་བསྒྱུར་ཏེ། བསྟན་བཅོས་ལ་བསྟན་ཆོས་དང་། བསམ་གཏན་ལ་བསམ་བཏན། ཉི་ཤུ་དང་སུམ་ཅུ། སུམ་བརྒྱ་སོགས་ལ་རིམ་པ་བཞིན་གཉིས་བཅུ་དང་། གསུམ་བཅུ། གསུམ་བརྒྱ་སོགས་སུ་བསྒྱུར་མོད། ཕན་ཐོགས་མ་བྱུང་ལྟ་བུ་དེའི་དཔེར་འགྲོ་བའོ།། བདག་གིས་འདི་ནི་སྐད་ཡིག་གི་ཁྱད་ཆོས་དང་གཤིས་ཀ་རྒྱུས་ལོན་མེད་པའི་སྐད་ཆ་རང་ལ་ངོས་འཛིན་བྱེད་ཀྱིན་ཡོད།
དེ་ནས་ཁ་ཤས་བོད་ཡིག་སྒྱུར་བཅོས་གཏོང་དགོས་ཚུལ་གྱི་རྨོངས་གཏམ་བཤད་ཀྱིན་འདུག འདི་དག་ལ་ལན་གཅིག་མ་གཏོགས་མེད་དེ། རང་གི་དཀའ་ངལ་ཆུང་ཆུང་དེ་སྤྱིའི་དཀའ་ངལ་ཞིག་ཏུ་བཟོ་རྒྱུ་མཚམས་ཞོག་ཟེར་འདོད་བྱུང་།
གི་སྒྲ་རང་དབང་ཅན་དུ་བེད་སྤྱོད་མཁན་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྔོན་མ་ཡིན་ནའང་ཞིང་གཤེགས་མགོན་ཚེ་སོགས་ལ་དང་བརྒལ་བ་ཡིན་ལ། མ་འོངས་པར་དེ་བཞིན་ནོ།། འདི་སྐོར་ནས་བཀའ་རྩོམ་བླ་ན་མེད་པ་ཞིག་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་མཛད་ཡོད་པས། དེ་འཐུས་པར་བྱའོ།།
ཡིན་ཡོད་འདུག་གསུམ། རྣམ་དབྱེ་བརྒྱད་དང་སྦྱར་བ།
རྣམ་དབྱེ་དང་པོ། བཀྲ་ཤིས་ཡོད། བུམ་པ་འདུག ཤིང་རེད།
རྣམ་དབྱེ་གཉིས་པ། ང་ ཕྱིན་པ་ ཡིན། ཁྱོད་ ཕྱིན་པ་ རེད། ཁཽ་ ཕྱིན་པ་ རེད།
རྣམ་དབྱེ་གསུམ་པ། ངས་ བྲིས་པ་ ཡིན། ཁྱོད་ཀྱིས་ བྲིས་པ་ རེད། ཁོ་ཡིས་ བྲིས་པ་ རེད།
རྣམ་དབྱེ་བཞི་པ། ང་ལ་ ཕན་པོ་ འདུག ཁྱོད་ལ་ ཕན་བགྱིད་ རེད། ཁོ་ལ་ ཕན་བགྱིད་ རེད།
རྣམ་དབྱེ་ལྔ་པ། ང་ལས་ འབྱུང་བ་ རེད། ཁྱོད་ལས་ འབྱུང་བ་ རེད། ཁོ་ལས་ འབྱུང་བ་ རེད།
རྣམ་དབྱེ་དྲུག་པ། འདི་ ངའི་ སྨྱུ་གུ་ རེད། འདི་ ཁྱོད་ཀྱི་ དེབ་ རེད། འདི་ ཁོའི་ ཞ་སྨྱུག་ རེད།
རྣམ་དབྱེ་བདུན་པ། ང་ལ སྨྱུ་གུ་ ཡོད། ཁྱོད་ལ་ དེབ་ འདུག ཁོ་ལ་ ཞ་སྨྱུག་ འདུག
རྣམ་དབྱེ་བརྒྱད་པ། ཨེ་ ང་ གཏོང་ དགོས་ ཡོད། ཝེ་ ཁྱོད་ ཡོང་དགོས་ འདུག ཀེ་ ཁོ་ ཕུད་དགོས་ འདུག
ཟླ་བ་གཞོན་ནུས་འདིར་འགྱུར་གྱི་རིམ་པ་འགའ་ངོ་སྤྲོད་བྱས་པ་ནི་བློ་ལ་འཇུག་བདེ་བ་ཞིག་ཏུ་མཐོང་། འོན་ཀྱང་ཕ་རོལ་པོ་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མ་འོས་པར་མཐོང་། རང་གིས་ཤེས་པ་དེ་གཞན་གྱིས་མི་ཤེས་པར་ཆ་འཇོག་པའི་ལམ་ལུགས་ཤིག་དང་ལྟ་སྟངས་ཤིག་ང་ཚོའི་རྩོམ་འབྲི་མཁན་ཚོའི་ཁ་དང་ལག་གཉིས་ཀ་ན་ཧ་ཅང་མང་ཙམ་སྣང་བ་དེ་དག་ནི་ཅི་ནས་ཀྱང་འདོར་བར་འོས། ངས་ལེགས་སྦྱར་མི་ཤེས། འོན་ཀྱང་སྒྲ་སྦྱོར་བམ་གཉིས་སོགས་ལ་རྒྱུས་ཡོད་ཡིན། ངའི་དྲི་བ་དེའི་ལན་ངོ་མ་ནི་་ཁྱེད་ཀྱི་ཚིག་ཏུ། “དེ་བས་བོད་འགྱུར་སྐབས་རེར་བསྒྱུར་བ་དང་ལན་ནེར་མ་བསྒྱུར་བ་ལ་ཧང་སངས་དགོས་དོན་མི་འདུག ངེས་པར་བསྒྱུར་དགོས་པའང་མ་ཡིན་ལ། བསྒྱུར་མི་ཆོག་པའང་མ་ཡིན་ནོ།།” ཞེས་པ་འདི་ཡིན། སྐབས་རེར་བསྒྱུར་ཅིང་སྐབས་རེར་མ་བསྒྱུར་པ་དེ་ངས་ཀྱང་ཤེས། དེ་ལ་ཧང་སངས་པ་ཡང་མེད། དགོས་མི་དགོས་དང་ཆོག་མི་ཆོག་ཟེར་བ་དེ་ལ་ང་ཞུ་རྒྱུ་གང་ཡང་མེད། ད་ང་ལ་དགོས་པ་ནི། ཅིའི་ཕྱིར་མཚམས་རེར་མིའི་མིང་ཚུན་ནས་བསྒྱུར་ཅིང་། མཚམས་རེར་ཅིའི་ཕྱིར་མ་བསྒྱུར་པ་རེད། ཅེས་པ་འདི་ཡིན། འདི་ལ་ལན་ཡོད་དམ། དེ་ནས་ང་དགོས་པ་ནི། མིའི་མིང་དཔེར་ན་རབ་གསལ་ཞེས་པའང་ངས་ཨིན་སྐད་དུ་འབྲི་སྐབས་བསྒྱུར་ནས་བྲིས་ན་ཁྱེད་ཚོས་ང་ལ་འཕྱ་སྨོད་བྱེད་པ་ནི་སྨོས་མ་དགོས། ངས་ནིའུ་ཡོག་གྲོང་ཁྱེར་མ་བྲིས་པར་ཡོག་གསར་པ་ཞེས་བྲིས་ནའང་ཧ་ཅང་མ་བདེ་བ་ནི་ཞུ་ག་ལ་དགོས། དཔེར་ན། བྷི་རའག་ ཨོ་བྷ་མ་ཞེས་པའང་བསྒྱུར་ནས་སྲིད་འཛིན་བྱིན་རླབས་སྐེད་འཁྱོག་གིས་ལྟ་བུར་སྨྲས་ཚེ་ཅི་འདོད་དམ། འདི་སོགས་ནི་ངེད་ཀྱི་དྲི་བ་ཡིན། རྒྱ་སྐད་ལའང་སློབ་དཔོན་ཚོའི་མིང་བསྒྱུར་བ་སོགས་ནི་ཡིད་ལ་འཛིན་ངེས་ཡིན། ཁྱེད་ལ་དམིགས་ནས་སངས་རྒྱས་ཀྱི་སྤྱོད་པའི་ལེའུ་དང་པོའི་ཚིགས་བཅད་འགའ་ཁ་བརྡར་བཀོད་ཡོད་པ་ལོང་ལ་གཟིགས་ཏེ་ལྕོགས་ན་ལེགས་སྦྱར་དང་བསྡུར་གནང་བར་ཞུ།
བཀུར་འོས་དགེ་རབ་ལགས།
ཐོག་མར་གསལ་བྱེད་ཅིག་བྱེད་ན་བསམས་སོང་། ཁ་སྔོན་ངས་རྩོམ་འདི་བཀླགས་པ་དང་མཆན་བུ་རྣམས་རིམ་གྱིས་བཀླགས་པར་ཁ་ཤས་ཀྱི་བཤད་སྟངས་གང་མང་ཞིག་མཐོང་ཡོང་དུས་ཡི་མུག་པར་བྱས་སོང་། ཁ་ཤས་ཀྱིས་མཁས་མདོག་སྔོན་གྱི་ལོ་ཙཱ་བ་དེ་ཚོར་སྐོར་ནས་འདྲ་མིན་བཤད་ཀྱིན་འདུག ད་དུང་ཁ་ཤས་བོད་ཡིག་གི་སྒྱུར་བཅོས་ཀྱི་སྐོར་ནས་བྱིས་པའི་དྲན་འཆར་འདྲ་བཤད་ཀྱིན་འདུག
ངས་མཆན་བུ་བཏབས་པ་དེ་དུམ་ཚན་རེ་རེ་བརྗོད་གཞི་བྱེ་བྲག་པ་ཞིག་ལ་དམིགས་པའི་ལན་རེ་ཡིན།
དེ་བས་སྒྲ་སྦྱོར་བམ་གཉིས་དང་བྱེ་བྲག་རྟོགས་བྱེད་ཆེན་མོ་སོགས་རྒྱུས་ཡོད་ན་ཞེས་པ་ལོ་ཙཱ་བའི་མིང་དེ་གྲུབ་སྟངས་དང་འབྲེལ་ནས་བཤད་པ་ཡིན། དེ་བས་ཉིད་ལ་དམའ་འབེབས་སུ་མི་འགྲོའོ།།
ངས་རང་ཉིད་མ་གཞི་ནས་སྐད་ཆ་སྙན་མོ་བཤད་པ་དང་སྤྱོད་པ་ལེགས་པོ་འཁུར་མཁན་ཞིག་ཏུ་ནམ་ཡང་བརྩི་བཞིན་མེད་ལ། ངས་སྐད་ཆ་སྙན་མོ་བཤད་པ་དང་སྤྱོད་པ་ལེགས་པོ་འཁུར་བ་དེ་ང་རང་སྒེར་ངོས་ནས་དེ་འདྲ་རིན་ཐང་འཇོག་གིན་མེད། དེ་བས་ངས་མི་ཚང་མས་ང་རང་མེ་ཞིག་ལ་ཆ་འཇོག་བྱེད་ན་བསམ་བཞིན་ཡོད། མེ་ལ་ལག་པ་འཆང་བས་ཁྱེད་ཀྱི་ལག་པ་སྲེག་ཙམ་བྱས་ནའང་དེ་དེ་རང་བཞིན་དུ་གོ་བས་མེ་ལ་མི་ཁྲོ་བ་བཞིན་བདག་ལའང་དེ་ལྟར་མཛད་རོགས་ཞེས་ཞུ་འདོད་བྱུང་།
མིང་བསྒྱུར་བ་དང་མ་བསྒྱུར་བ་དེའི་སྐོར་བཤད་ན། བསྒྱུར་བ་དེ་སྟབས་བདེ་བའི་ཆེད་དུ་ཡིན་རྒྱུ་རེད་བསམས། རྒྱ་གར་སློབ་དཔོན་གྱི་མིང་དེ་དག་བོད་སྐད་དུ་བསྒྱུར་བ་དེ་བོད་མིང་ལྟ་བུར་གྲུབ་ཚར་བས་བོད་པ་རྣམས་ལ་མཚོན་ན་ཀློག་བདེ་ལ་འཛིན་བདེ་བར་མངོན། དེ་ཡང་ལོས་ཡིན་ཏེ། རིག་གཞུང་མི་གཅིག་པ་ཞིག་གི་ཀློག་སྟངས་དེ་རང་བཞིན་གྱིས་གཞན་པ་དེ་ལ་མ་བདེ་བ་དང་མི་གོམས་པ་ལྟ་བུ་ཞིག་ཡིན་ཡིན་པ་རེད།
དཔེར་ན་ཁྱེད་རང་རྒྱ་གར་ལ་ཡོད་དུས་རྒྱ་གར་བ་གྲོགས་པོ་དང་ཡང་ན་རྒྱ་གར་བ་ངོ་ཤེས་འདྲ་ཡོད་སྲིད།
ཁོང་ཚོའི་ཡི་གེ་མི་ཤེས་པས་མཐའ་ན་ཁོང་ཚོའི་མིང་བཤད་ནའང་དེ་འཛིན་མི་བདེ་བ་ཞིག་དང་ཇི་འདྲའི་ཀློག་མི་བདེ་བ་ཞིག་མ་འོངས་སམ། དེའི་དཔེར་མཚོན་ལྟ་བུར། རྒྱའི་གློག་བརྙན་མཁན་གྲགས་ཅན་དག་གི་མིང་དེ་ཡང་དབྱིན་ཇིའི་སྤྱི་ཚོགས་སུ་འཚར་ལོངས་བྱུང་བ་རྣམས་རྒྱ་སྐད་དེ་བདེ་བོ་ཁྱོན་ནས་མེད་པས། ཁོང་ཚོའི་མིང་ཡང་རྒྱ་མིང་ལས་དོན་བསྒྱུར་བ་མ་ཡིན་ནའང་། དབྱིན་ཇིའི་མིང་ལྟ་བུ་ཞིག་ཏུ་བསྒྱུར་འོང་གི་འདུག་མོད། དེ་དང་དེ་ལྟ་བུ་སོགས་ཚང་མ་བདེ་མིན་གྱི་དགོས་མཁོ་ལ་གཟིགས་པར་འདོད།
དེས་ན་མ་བསྒྱུར་བ་དག་ཅིའི་ཕྱིར་མ་བསྒྱུར་རམ་ཞེ་ན། དེ་ནི་གཅིག་ན་བསྒྱུར་མ་བདེ་བ་དང་བསྒྱུར་ནའང་འདྲ་ཆགས་པོ་ཞིག་མི་འོང་བས་མ་བསྒྱུར་བར་འདོད། ཕྱོགས་གཅིག་ནས་བཤད་ན་འདི་སྐོར་ནས་ལོ་ཙཱ་བ་སྔ་མ་རྣམས་དང་ཕྱི་མ་རྣམས་ཀྱི་བར་ནའང་ཁྱད་པར་ཞིག་ཡོད་པར་འདོད།
སངས་རྒྱས་སྤྱོད་པ་ཞེས་པ་དེ་བཀོད་པར་ཐུགས་རྗེ་ཆེ་ཞུ། སངས་རྒྱས་སྤྱོད་པ་ཞེས་པའི་སྙན་ངག་ཆེན་མོ་འདི་ད་ལོའི་ང་ཚོའི་ལེགས་སྦྱར་གྱི་སློབ་ཚན་དུ་ཡོད། དེ་བས་ངས་ཐེངས་འགར་བཀླགས་པ་ཡིན། ང་ལའང་སྔོན་མ་ནས་ལེགས་སྦྱར་མ་ཡིག་དང་ལྷན་དུ་ཀློག་རྒྱུ་གོམས་གཤིས་ཤིག་འཇགས་ཡོད། མགོ་ཚད་མ་རིགས་སྒོ་དང་བྱང་ཆུབ་ལམ་སྒྲོན་ནས་བཟུང་། དབུ་མ། མཛོད་དང་ཚད་མ། མངོན་རྟོགས་རྒྱན། སྙན་ངག་མེ་ལོང་མ། སྤྲིན་གྱི་ཕོ་ཉ།(འདི་རྒན་སྤྲེལ་ནག་པ་ངེད་གཉིས་ཀྱིས་སྐད་ཡིག་བཞི་ཤན་སྦྱར་བྱས་པ་ཞིག་ཕལ་ཆེར་ད་ལྟ་ལེགས་འགྲུབ་བྱུང་ཡོད་པ་གང་མགྱོགས་སྤྱན་ལམ་དུ་མངོན་ངེས།) ཀླུ་ཀུན་ཏུ་དགའ་བའི་ཟློས་གར།(འདི་ན་ནིང་བདག་གིས་ལེགས་སྦྱར་དང་བསྟུན་ཏེ་ཆད་པ་ཁ་སྐོང་དང་བསྐྱར་དུ་ཞུ་དག་དང་རྩོམ་སྒྲིག་བྱས་ནས་གྲུབ་ཡོད།) གཞུང་ཕྲན་ཉི་ཤུ་བ་དང་སུམ་ཅུ་བ། ལ་སོགས་པ་རེག་རེག་ཚང་མ་ལེགས་སྦྱར་དུ་ལྷན་དུ་སྦྱར་ནས་ཀློག་གིན་ཡོད་ལ། དམ་ཆོས་པད་དཀར་སོགས་ལེགས་སྦྱར་དང་རྒྱ་ཡིག་བོད་ཡིག་སོགས་མཉམ་དུ་སྦྱར་ནས་ཀློག་གིན་ཡོད། དེས་མ་ཡིག་གི་གོ་བ་ལ་ཕན་བླ་ན་མེད་པ་ཞིག་ཐོགས་པར་མ་ཟད། འགྱུར་གྱི་སྐོར་ནས་སྤྱིར་བཏང་གི་ཤེས་བྱ་དང་འགྱུར་རྩལ་སོགས་རམ་འདེགས་ཆེན་མོ་ཐོན་སོང་། ངས་ནི་སློབ་ཚན་དང་འབྲེལ་བ་ཆེར་མེད་ནའང་སློབ་གྲྭ་འདིར་འབྱོར་བ་ནས་བཟུང་བོད་ཀྱི་བསྟན་བཅོས་ཀྱི་རྩོམ་འགྲོས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།
ཁྱེད་ཀྱིས་ཀྱང་སྔ་མོའི་གཞུང་དེ་དག་ལ་ཐུགས་སྣང་ཆེན་པོ་གནང་གིན་འདུག་པ་མཐོང་སེམས་པ་དགའ་ནས་ཡོད། བཀའ་བསྟན་འགྱུར་འདི་ཚོ་གང་ཐུབ་ཐུབ་ཀློག་ཐུབ་ན་བསམས་བསམས་ཤིག་སྔ་མོ་ནས་ཡོད།
ཞལ་བྲོ།