རྩོམ་སྒྲིག་པའི་གཏམ།
དང་པོ།
འགྱུར་བ་ནི་སྤྱི་ཚོགས་ཆེ་ཆུང་ཚང་མར་ཡོད། མི་སྡེའི་སྤྱི་ཚོགས་ཚང་མ་འགྱུར་བའི་ཁྲོད་གནས་ཡོད།
འགྱུར་བ་ལ་ཆེ་ཆུང་དང་དལ་མགྱོགས་ཡོད། འགྱུར་བ་ཁ་ཤས་ཕྱིའི་འགྱུར་བ་ཡིན། འགྱུར་བ་ཁ་ཤས་ནང་གི་འགྱུར་བ་ཡིན།
ཕྱི་ནང་གི་འགྱུར་བ་འདི་དག་ལ་འགོག་ཐབས་ཡོད་དམ། འགྱུར་བ་ལ་འགོག་ཐབས་ཨེ། ད་ལྟ་ཚུན་ལ། ཕྱིའི་འགྱུར་བ་དག་ལ་འགོག་ཐབས་རྙེད་ཀྱི་མེད། ནང་གི་འགྱུར་བ་དག་འགོག་མཁན་རེ་གཉིས་བྱུང་ཡོད། ནང་གི་འགྱུར་བ་འགོག་མཁན་ནི་དད་མོས་དང་མཚོན་ཆ་གཉིས་ཡིན། དད་མོས་དང་མཚོན་ཆ་ལ་བརྟེན་ནས། ནང་གི་འགྱུར་བ་མང་པོར་སྒོ་ལྕགས་བརྒྱབ་པའི་ལོ་རྒྱུས་ཡོད། དེ་དག་ནི་ལོ་རྒྱུས་ཡིན། འོན་ཀྱང་། ནང་གི་འགྱུར་བ་གཏན་དུ་འགོག་ཐུབ་མཁན་ཞིག་བྱུང་མེད། གང་ལྟར། བཙན་བྱོལ་སྤྱི་ཚོགས་འདི་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད། ལོ་ནས་ལོ་བཞིན་འགྱུར་བ་འགྲོ་གིན་ཡོད། ན་ནིང་ལས་ད་ལོའི་འགྱུར་བ་དེ་ཚོ་མགྱོགས།
བུད་མེད་ཚོའི་བུ་སྐྱེས་ཀྱི་གྲངས་ཀ་ལ་འགྱུར་བ་འགྲོ་བཞིན་ཡོད། མི་མང་ཚོའི་འཚོ་སྡོད་ཀྱི་དགོས་མཁོ་སྒྲུབ་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད།
གཞོན་སྐྱེས་ཚོའི་དད་མོས་ཀྱི་བསམ་བློ་ལ་འགྱུར་བ་འགྲོ་བཞིན་ཡོད།
གཉིས།
བཙན་བྱོལ་ཀྱི་ཐོག་མར་ཆར། བུད་མེད་གཅིག་ལ་བུ་ཕྲུག་བཞི་སྐྱེས་གི་ཡོད་ན། ད་ལྟ་བུད་མེད་གཅིག་ལ་བུ་ཕྲུག་གཅིག་ཙམ་སྐྱེས་གི་ཡོད། སྤྱི་ཡོངས་ནས་བུ་སྐྱེས་ཀྱི་གྲངས་ཀ་མར་ཆགས་ཡོད།
གྲངས་ཀ་མར་ཆགས་ན། མི་འབོར་ཉུང་དུ་འགྲོ་གི་ཡོད། མི་འབོར་ཉུང་དུ་ཕྱིན་ན། སློབ་གྲ་ལ་འགྲོ་མཁན་ཉུང་། དགོན་སྡེ་ལ་འཛུལ་མཁན་ཉུང་། དེ་གཅིག་པོ་ག་ལ་ཡིན། མི་འབོར་གྱི་སྟོབས་ཤུགས་མེད་ན། རྩ་དོན་གྱི་སྟོབས་ཤུགས་ཀྱང་ཉམས་བཞིན་ཡོད། རྩ་དོན་སྒྲུབ་པ་ལ་མི་འབོར་གྱི་སྟོབས་ཤུགས་དགོས། ཨེ་ཡིན་ན། ང་ཚོའི་རྩ་དོན་ལ་དགོས་བ་མི་འབོར་གྱི་སྟོབས་ཤུགས་རེད་དམ། འོ་ན། མི་འབོར་མང་དུ་གཏོང་ཐབས་ཡོད་དམ། མི་འབོར་མང་དུ་གཏོང་ཐབས་ཨེ། ཧ་ཅང་དཀའ་མོ་རེད། སྤྱི་ཚོགས་ཚན་རིག་གི་ཐོག་ནས། བུད་མེད་ལ་ཤེས་ཡོན་ཐོབ་ན་། ལུང་པའི་མི་འབོར་ཉུང་དུ་འགྲོ་བ་ཆོས་ཉིད་རེད་ཟེར། ད་། ཆོས་ཉིད་འདི་ལ་ཁ་གཏད་གཅོག་དཀའ་སེ་རེད་དྲན།
བུ་སྐྱེས་ཀྱི་གྲངས་ཀ་ཉུང་དུ་འགྲོ་བ་འདི་ཡང་འགྱུར་བ་རེད། འགྱུར་བ་འདི་མུ་མཐུད་དུ་འགྲོ་གི་རེད།
གསུམ།
བུ་སྐྱེས་ཀྱི་གྲངས་ཀའི་འགྱུར་བ་འདི་གཅིག་པོ་མ་རེད། མི་མང་གིས་འཚོ་སྡོད་ཀྱི་དགོས་མཁོ་སྒྲུབ་སྟངས་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད། བོད་མི་རྣམས། བོད་ནས་རྒྱ་བལ་འབྲུག་གསུམ་ལ་སྐྱབས་བཅོལ་དུ་སླེབས། རྒྱ་བལ་འབྲུག་གསུམ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད། སྔ་མ་དེ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཡིན། ཕྱི་མ་དེ་དཔལ་འབྱོར་གྱི་སྐྱབས་བཅོལ་ཡིན། བོད་མིའི་སྤྱི་ཚོགས་ཁྲོད་དུ་། གནས་སྟངས་ཕྱི་མ་འདིར་རྣམ་འགྱུར་འདྲ་མིན་སྟོན་མཁན་མང་། ཕྱི་རྒྱལ་དུ་སོང་ནས་བོད་པའི་རིག་གཞུང་བརླགས་སོང་ཟེར། བོད་ཀྱི་སྐད་ཡིག་ཉམས་སོང་ཟེར། འདི་ཚོ་བདེན་པ་ཨེ་ཡིན་ན། ཕྱི་རྒྱལ་དུ་སོང་ནས་བརླགས་སོང་བ་ཞིག་དང་། རྒྱ་གར་དུ་བསྡད་ནས་བསྐྱབས་ཐུབ་པ་ཞིག་ད་ལྟ་ཚུན་ལ་སྟོན་རྒྱུ་མི་འདུག་ག
མ་འོངས་བར་གང་ཤེས། ནང་མི་གཅིག་ནས་མི་གཅིག་ཕྱི་རྒྱལ་ལ་སོང་ན། ནང་མི་དེའི་དཔལ་འབྱོར་གྱི་འཚོ་རྟེན་ལ་ཕན་ཐོགས་ངེས་ཅན་ཐུབ་གི་ཡོད། ལུང་པའི་དཔལ་འབྱོར་སྲ་བརྟན་ཐུབ་པ་ལ། མི་སྒེར་གྱི་དཔལ་འབྱོར་སྲ་བརྟན་ཆགས་དགོས། འདི་དཔལ་འབྱོར་གཅིག་པོའི་སྐད་ཆ་མིན། ཕྱི་རྒྱལ་ཡུལ་གྲུ་གང་དུ་བོད་པའི་མི་འབོར་མང་ན། དེ་རུ་བོད་དོན་དང་འབྲེལ་བའི་ལས་ཀ་ཡང་མང་བ་བྱེད་ཐུབ་གི་ཡོད། ད་དུང་དེས་ག་ལ་ཚད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ། གཟའ་ཉི་མའི་བོད་ཡིག་འཛིན་གྲ་ཞིག་ཀྱང་འཚོགས་བཞིན་ཡོད། བོད་ཀྱི་སྐད་ཡིག་ལ་ཞེན་ཁོག་ཞིག་སླེབས་བཞིན་ཡོད། ཞེན་ཁོག་དེ་ཞེན་ཁོག་གསོན་པོ་ཞིག་ཡིན།
གང་ལྟར། ཕྱི་རྒྱལ་དུ་འགྲོ་བ་འདི་ཡང་འགྱུར་བ་ཞིག་ཡིན། འགྱུར་བ་འདི་ལ་འགོག་ཐབས་ཨེ་ཡོད་ན།
བཞི།
འགྱུར་བ་གཞན་ཞིག་ནི། གཞོན་སྐྱེས་ཚོའི་དད་མོས་ཀྱི་བསམ་བློ་དེ་ཡིན། གཞོན་སྐྱེས་ཚོའི་དད་མོས་ཀྱི་བསམ་བློ་ལ་འགྱུར་བ་ཞིག་འགྲོ་བཞིན་ཡོད། དེ་ནི། ཆོས་ཀྱི་སྒང་ནས་རང་གི་རྩ་བའི་བླ་མར་དད་མོས་ཡོད། སྲིད་ཀྱི་སྒང་ནས་བསམ་ཚུལ་ཁ་ཁ་ཡིན་ཟེར་བ་དེ་མིན་འགྲོ་ གང་ལྟར། མངོན་གསལ་དོད་མིན་ལ་མ་བལྟས་པར། བོད་ཀྱི་རྩ་དོན་ཐད། བོད་ཀྱི་མ་འོངས་པའི་ཐད། སྐྱབས་མགོན་རིན་པོ་ཆེ་དང་བསམ་ཚུལ་ཐ་དད་འཛིན་མཁན་མང་དུ་འགྲོ་བཞིན་ཡོད། བསམ་ཚུལ་ཐ་དད་འཛིན་མཁན་མང་དུ་ཕྱིན་ན། བོད་ཀྱི་རྩ་དོན་ལ་གནོད་འགྲོ་བ་དང་། བསམ་ཚུལ་ཐ་དད་འཛིན་མཁན་མེད་ན། བོད་ཀྱི་རྩ་དོན་ལ་ཕན་འགྲོ་བའི་ངེས་བ་མེད། བོད་པར་མཚོན་ན། སྐྱབས་མགོན་རིན་པོ་ཆེ་ནི་ལུང་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་རེད། ལུང་པའི་དབུ་འཁྲིད་དང་བསམ་ཚུལ་ཐ་དད་འཛིན་མཁན་བྱུང་ན། བོད་པའི་སྤྱི་ཚོགས་ཀྱིས་མ་རབས་ཐ་ཤལ་དུ་བརྩི་བཞིན་ཡོད།
མ་རབས་ཐ་ཤལ་དུ་བརྩི་མཁན་ཚོས། དད་མོས་ཀྱི་མིག་ཤེལ་དེ་གྱོན་ནས་བསམ་ཚུལ་ཐ་དད་འཛིན་མཁན་ཚོར་གཤེ་གཤེ་གཏོང་བཞིན་ཡོད། གཤེ་གཤེ་གཏོང་མཁན་ཡོད་མེད་ལ་མ་བལྟས་པར། བསམ་ཚུལ་ཐ་དད་འཛིན་མཁན་ཉུང་དུ་ཕྱིན་མེད། སྐྱབས་མགོན་རིན་པོ་ཆེས་བསམ་ཚུལ་ཐ་དད་འཛིན་མཁན་ཚོར་དགའ་བསུ་གནང་གི་ཡོད། ལུང་པའི་མི་མང་ཕལ་ཆེ་བས་དགག་པ་རྒྱག་གི་ཡོད། བསམ་ཚུལ་ཐ་དད་འཛིན་མཁན་ཡོང་བཞིན་པ་འདི་ཡང་འགྱུར་བ་ཞིག་ཡིན། དེས་ན། འགྱུར་བ་འདི་ལ་སྒོ་ལྕགས་རྒྱག་རྒྱུ་ཡོད་དམ། བསམ་ཚུལ་ཐ་དད་འཛིན་མཁན་ཚོའི་བསམ་བློ་ལ་སྒོ་ལྕགས་རྒྱག་གི་ཡིན་ནམ།
བུ་སྐྱེས་ཀྱི་བསམ་བློ་མེད་པའི་འགྱུར་བ་འདི་ནི་སྤྱི་ཚོགས་དང་མི་རིགས། རྒྱལ་ཁབ་བཅས་ལས་རང་ཉིད་ཀྱི་ལང་ཚོ་དང་འཚོ་བ་གཅེས་པར་འཛིན་པའི་འདུ་ཤེས་འདི་ལས་བྱུང་བ་རེད། བུ་ཕྲུག་མང་པོ་སྐྱེས་ན་རང་ཉིད་ཀྱི་ལང་ཚོའི་ཉམས་འགྲོ་བ་དང་བུ་ཕྲུག་གསོ་སྐྱོང་དཀའ་བར་འདོད་པ་རེད། འདི་ནི་དེང་རབས་ལ་དུངས་དྲགས་ཤིང་དཔལ་འབྱོར་གྱིས་མནར་དྲགས་པས་རེད། འདིས་བོད་ཀྱི་འབྱུང་འགྱུར་ལ་གནོད་ངེས་རེད།
ཕྱི་རྒྱལ་ལ་འགྲོ་བཞིན་པ་འདི་ཡང་འགྱུར་བ་ཞིག་རེད། འགྱུར་བ་འདིའི་སྣེ་མོ་ན་དགེ་སྐྱོན་གཉིས་ཡོད་པ་རེད། ཕྱི་རྒྱལ་ན་ཡོད་མཁན་ཚོས་རང་ཉིད་ཀྱི་ནང་མི་རོགས་པ་བྱེད་པ་འདི་གཅིག་རེད། འོན་ཀྱང་ཤུལ་དུ་ལུས་མཁན་ཕལ་ཆེ་བས་ཕྱི་རྒྱལ་ལ་འགྲོ་རྒྱུའི་རྨི་ལམ་དུས་རྒྱུན་དུ་གཏོང་བཞིན་ཡོད་པ་རེད། འདིའི་ཐད་དུ་དུས་ཚོད་དང་དངུལ་དངོས་ཀྱི་འགྲོ་སོང་ཤུགས་ཆེར་གཏོང་བཞིན་ཡོད། ད་དུང་ཡིད་སྐྱོ་བ་ཞིག་ནི་བཟང་སྤྱོད་ཀྱི་རིན་ཐང་ཡང་འགྲོ་ལུགས་འདིའི་ཁྲོད་བརླག་འགྲོ་བཞིན་ཡོད་པ་རེད།
༧གོང་ས་མཆོག་དང་བསམ་ཚུལ་ཐ་དད་འཛིན་མཁན་ཇེ་མང་རེད་ལ་མངོན་གསལ་ཡང་རེད། ད་ལྟའི་ཆར་འདི་ནི་ཡག་པོ་ཞིག་མ་རེད། འདིས་བོད་པའི་ཆིག་སྒྲིལ་གྱི་ནུས་པ་ལ་གནོད་ཀྱི་ཡོད་པ་རེད།
ནང་གི་འགྱུར་བ་ལ་བཟང་ངན་རིགས་གཉིས་ཡོད། ངན་པ་གཏན་དུ་བཀག་སྟེ་བཟང་བ་མཐར་ཕྱིན་པ་བྱུང་ཡོད། དེ་ནི་སྤངས་རྟོགས་མཐར་ཕྱིན་པ་དེ་དག་ཡིན།
བོད་ཀྱི་རྩ་དོན་ཐད་ཀྱང་དེ་བཞིན་རེད། བསམ་ཚུལ་ངན་པའི་རིགས་སམ་འགྱུར་བ་ངན་པའི་རིགས་རྣམས་འགོག་དགོས། ཐ་དད་པ་ཙམ་འགོག་དགོས་དོན་མེད། བཟང་ངན་གང་ཡིན་ནི་ཕན་གནོད་ལ་བལྟས་ཏེ་བཤད་རྒྱུ་རེད། འདིའི་འགན་ནི་རྣམ་དཔྱོད་ཅན་ཚོར་ཡོད། ཤེས་ཡོན་ཅན་ཚོར་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དགོས་ཚེ། རྣམ་དཔྱོད་ཅན་ཚོས་འགྱུར་བ་དེ་ཡོང་རྒྱུར་བསྒུགས་ནས་མི་སྡོད་པར། རང་གིས་སྣེ་ཁྲིད་དེ་འགྱུར་བ་བཏང་ནས་འགྲོ་དགོས། འགྱུར་བ་དེ་མ་སླེབས་གོང་ནས་དེར་བསྒྱུར་དགོས་པ་ཡིན། གཞན་གྱི་འགྱུར་བའི་རྗེས་སུ་འགྲོ་བ་ནི་རྣམ་དཔྱོད་ཅན་གྱི་རྟགས་མིན།
འབྲོང་བུ་ལགས།
ངེད་ཚོའི་བསམ་ཚུལ་མཐུན་པ་མི་འདུག མི་མཐུན་པ་དེ་ཚོར་བགྲོ་གླེང་བྱེད། མཐུན་པ་དེ་ཚོ་རང་སར་འཇོག
དང་པོ།
འགྱུར་བ་ལ་འགོག་ཐབས་དཀའ་མོ་རེད། འདི་གནས་སྟངས་ཀྱི་སྐད་ཆ་རེད།
བུ་སྐྱེས་ཀྱི་གྲངས་ཀ་ཉུང་དུ་འགྲོ་བ་འདི་ལ་རྒྱུ་མཚན་མང་པོ་འདུག རྒྱུ་མཚན་ཕལ་ཆེ་བ་ཚན་རིག་དང་མཐུན་པ་རེད།
འདི་མི་རིགས་དང་རྒྱལ་ཁབ་གལ་ཆུང་བར་བརྩིས་བ་དང་། རང་གི་ལང་ཚོ་དང་འཚོ་བ་གལ་ཆེ་བར་བརྩིས་བའི་སྐད་ཆ་མ་རེད་འདོད།
ད་ལྟའི་འཛམ་གླིང་འདི་དཀའ་ངལ་མང་པོའི་འོག་གནས་ཡོད། དཀའ་ངལ་མང་པོའི་ཁྲོད་ཀྱི་གཅིག་ནི། མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་དེ་རེད།
མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་འདི་ལ་བརྟེན་ནས། བུ་སྐྱེས་ཀྱི་གྲངས་ཀ་ཉུང་དུ་གཏོང་ཐབས་ལ་འབད་མཁན་རྒྱལ་ཁབ་མང་ཆེ་ཤོས་རེད།
བུ་སྐྱེས་ཀྱི་གྲངས་ཀ་མང་དུ་གཏོང་དགོས་བར་འདོད་པའི་ཡུལ་ལུང་ཡང་ཡོད། དེ་ཚོ་ཡུལ་ལུང་ཧ་ཅང་ཉུང་ཉུང་ཞིག་རེད།
དཔེར་ན། ལུང་པ་དེ་(Aging Society) བགྲེས་སོང་ཀྱི་མི་འབོར་མང་དྲགས་པའི་དཀའ་ངལ་འོག་ཡོད་ན། ལུང་པའི་སྲིད་གཞུང་གིས་གཞོན་སྐྱེས་རྣམས་ལ་བུ་ཕྲུག་སྤེལ་བའི་སེམས་ཤུགས་འཕར་གྱི་ཡོད་པ་རེད།
གནས་སྟངས་དེ་འཕྲད་མཁན་གྱི་ལུང་པ་ནི་ཧ་ཅང་ཉུང་ཉུང་རེད། དཔེར་ན། འཇར་པན་དང་ལྷོ་གོ་རི་ཡ། ཧྤ་རན་སི་སོགས་རེད།
སྤྱི་ཡོངས་ནས་བུ་སྐྱེས་ཀྱི་གྲངས་འབོར་ཉུང་དུ་གཏོང་ཐབས་ལ་འབད་ཀྱི་ཡོད་པ་རེད། མི་འབོར་མང་དྲགས་པའི་དཀའ་ངལ་ལ་གདོང་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འཛམ་གླིང་སྤྱི་ཡོངས་ནས་གདོང་ལེན་བྱེད་བཞིན་ཡོད་པ་རེད།
གཉིས།
སྤྱི་ཚོགས་ཚན་རིག་གི་ཐོག་ནས། བུད་མེད་ལ་ཤེས་ཡོན་འཐོབ་ན། བུ་སྐྱེས་ཀྱི་གྲངས་ཀ་ཉུང་དུ་འགྲོ་བ། ནང་མིའི་དཔལ་འབྱོར་གྱི་གནས་སྟངས་འཕེལ་བ།
ནང་མིའི་དངུལ་གྱི་བསྲི་ཚགས་གྲངས་འབོར་འཕར་བ། བྱིས་བའི་བདེ་ཐང་ཇེ་ལེགས་སུ་འགྲོ་བ། ནང་མིའི་འཆར་འགོད་ཇེ་འཐུས་སུ་འགྲོ་བ། བྱིས་བར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་འཐོབ་ཆེ་བ་བཅས་ཡོད་ལབ་ཀྱི་འདུག
དེ་ཚན་རིག་དང་མཐུན་པ་ཞིག་རེད་འདོད་། དེ་ནི། མི་འབོར་གྱི་གྲངས་ཀ་གཙོ་བོ་མ་རེད། མི་སྒེར་གྱི་འཇོན་ནུས་དེ་གཙོ་བོ་རེད། བུད་མེད་ཚོར་བུ་སྐྱེས་ཀྱི་སེམས་ཤུགས་སྤར་བ་ནི། རྙིང་ཞེན་རེད་མ་གཏོགས་འགྱུར་བ་ཡོང་གི་མ་རེད།
དེ་ལས་འགྱུར་བ་འདི་འགྱུར་བའི་ངོ་བོར་བཞག་ན་དགའ་གི་སྙམ།
གསུམ།
ཕྱི་རྒྱལ་དུ་འགྲོ་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་ཡང་འགྱུར་བ་ཞིག་རེད་ཅེས་ལབ་ཡོད། འགྱུར་བ་འདི་ཡང་འགོག་ཐབས་ཡོད་མ་རེད། འགྱུར་བ་འདི་ལུང་པ་ཚར་མར་ཡོད་རེད། བོད་གཅིག་པོ་མ་རེད།
ལུང་བ་སྐྱོ་བོའི་ཡུལ་མི་སྒེར་བ་ཚོ་ཕྱི་ལ་ཐོན་གི་རེད། ལུང་པ་ཕྱུག་པོའི་དཔལ་འབྱོར་གཉེར་མཁན་་ཚོ་ཕྱི་ལ་ཐོན་གི་རེད། འདི་གཉིས་ཀ་འགྱུར་བ་རེད། སུ་གང་གིས་འགོག་ཐུབ་གི་་མ་རེད།
འགོག་མི་ཐུབ་པ་ཞིག་ལ། ང་ཚོས་དེའི་ལེགས་ཉེས་དང་དགེ་ཕན་བཤད་ན། དེ་ལ་དགོས་བ་རྒྱུ་མཚན་མ་མཐོང་། དེ་ནི་འགྱུར་བའི་ཁྲོད་ནས་ཡུན་གནས་ཕུགས་འཕེར་གྱི་ཁེ་ཕན(Sustainable competitive advantage)་དེ་སྒྲུབ་ཐབས་ལ་འབད་དགོས་རེད་འདོད།
བཞི།
༧སྐྱབས་མགོན་རིན་པོ་ཆེ་དང་བསམ་ཚུལ་ཐ་དད་འཛིན་མཁན་བྱུང་ན། དེས་བོད་པའི་ཆིག་སྒྲིལ་ལ་གནོད་ཀྱི་འདུག་ཟེར་ན། དེ་ཡང་བཤད་དཀའ་མོ་རེད།
བོད་པ་ཚོར་གནས་སྐབས་ཀྱི་ཆིག་སྒྲིལ་ཞིག་དགོས་ན། ༧སྐྱབས་མགོན་རིན་པོ་ཆེ་སྐུ་བཞུགས་པའི་རིང་ལ་། གནས་སྐབས་ཀྱི་ཆིག་སྒྲིལ་དེ་ཡོང་གི་རེད།
ཕུགས་འཕེར་བའི་ཆིག་སྒྲིལ་ཞིག་དགོས་ན། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་དུས་ཚོད་ཀྱི་རྗེས་ལ་བསམ་བློ་གཏོང་དགོས་རེད། བསམ་ཚུལ་མི་མཐུན་པ་ཡོད་མཁན་དེ་ཚོ་༧སྐྱབས་མགོན་རིན་པོ་ཆེ་དང་དགྲ་ཟླའི་ངོ་བོར་བསྒྱུར་ན་བྱབ་ཆུང་རེད།
ད་ལྟའི་སྐབས་སུ། བསམ་ཚུལ་མི་མཐུནཔའི་རིགས་ལ་གཞུང་དང་སྤྱི་ཚོགས་གཉིས་ཀས། གཏོར་བཅོམ་བྱེད་རྒྱུ་ཡོད་མ་རེད། དེ་ལ་ཉན་ཤེས་དང་བསམ་ཤེས་གནང་རྒྱུ་གལ་ཆེན་པོ་རེད། བསམ་ཚུལ་མི་མཐུན་པ་ཡོང་བ་འདི་ཡང་། འགྲོ་བ་མིའི་སྤྱི་ཚོགས་ཀྱི་གཤིས་ཀ་རེད། གཤིས་ཀ་འདི་ལ་འགྱུར་བ་གཏོང་གི་ཡིན་ལབ་ན། དེ་རྙིང་ཞེན་རེད་ལ་ལྐུགས་པའི་ཨུ་ཚུགས་ཀྱང་རེད། མ་རེད་དམ།
དེ་ཙམ་ཡིན།
རིག་འབྱུང་ལགས།
བཀྲ་ཤིས་བདེ་ལེགས། རེད་རེད། བསམ་ཚུལ་ལ་མི་མཐུན་ས་ཡོད་པ་འདི་ནི་ཕྱོགས་ངོས་མ་འདྲ་གཉིས་ནས་བལྟས་པས་རེད།
གཅིག བུ་སྐྱེས་ཀྱི་སྐོར་འདི་ལ་ཚན་རིག་དང་མཐུན་པའི་སྐད་ཆ་བཤད་དགོས་པ་རེད་ལ། སྤྱི་ཚོགས་དང་མཐུན་པའི་སྐད་ཆ་བཤད་དགོས་པ་རེད། གང་ལྟར་རྒྱལ་སྤྱིའི་སྟེང་གི་འགྱུར་བའི་ངོ་བོ་ལ་སྦྱར་ནས་བཙན་བྱོལ་བོད་ཀྱི་འགྱུར་བ་འདི་གླེང་དུས་བར་ཐག་ངེས་ཅན་ཞིག་ཡོད་པ་རེད། འགྱུར་བ་འདི་འགྱུར་བ་རང་རེད།
གཉིས། ཕྱི་རྒྱལ་དུ་འགྲོ་བཞིན་པའི་འགྱུར་བ་འདིར་ང་ལ་དགག་བྱ་ཅི་ཡང་མེད་ལ། འགྱུར་བ་འདི་ཡང་འདི་ལྟར་འགྲོ་ངེས་བའི་འགྱུར་བ་ཞིག་རེད། འོན་ཀྱང། འགྱུར་བ་འདིས་ཁྲིད་ནས་ཡོང་བའི་བོད་པའི་བཟང་སྤྱོད་ཐད་ཀྱི་ཉམ་ཆགས་འདི་བཤད་པར་དགོས་པ་མ་མཐོང་ལབ་ན་ཅུང་ཙམ་འགྲིག་མེད་པར་མཐོང། འདིའི་ཐད་མང་པོ་མི་གླེང། ཕལ་ཆེར་ཁྱེད་ཀྱི་སེམས་ན་ཡང་གསལ་གསལ་དག་དག་ཡིན་རྒྱུ་རེད།
གསུམ། ༧ཁོང་རིག་དང་བསམ་ཚུལ་མི་མཐུན་པ་བྱུང་བ་འདིས་བོད་པའི་མཐུན་སྒྲིལ་ལ་གནོད་ཀྱི་ཡོད་པ་མངོན་སུམ་རེད། འདི་འགྱུར་བ་ཞིག་རེད་དེ། ངའི་བསམ་ཚུལ་ལ་འགྱུར་བ་འདི་སྡུག་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་བྱ་བཞིན་ཡོད། འདི་ལ་འགོག་ཐབས་ཀྱང་ཡོད་པ་མ་རེད། འགྱུར་བ་འདིས་སྐལ་ངན་གྱི་དུས་སྐབས་ལ་བོད་པའི་མཐུན་སྒྲིལ་ལ་དེ་བས་ཀྱང་གནོད་ཆེན་པོ་སྐྱེལ་ངེས་རེད།
ཨ་རོ། འབྲོང་བུ། ངེད་གཉིས་ཀྱི་བསམ་ཚུལ་མཐུན་པ་མི་འདུག མི་མཐུན་པ་མང་དུ་འགྲོ་གི་འདུག དེ་ལ་བརྩི་བཀུར་ཞུ།
གང་ལྟར། ངེད་ནི་འགྱུར་བ་དེ་འགྱུར་བའི་ངོ་བོར་འཇོག་མཁན་གྱི་གྲས་ཡིན། འགྱུར་བ་འགྲོ་མི་ཆོག་པའི་ངོས་འཛིན་དང་དེ་ལ་ཁ་གཏད་ཀྱི་བསམ་བློ་བཟུང་ན། དེ་ལ་དགེ་ཕན་མ་མཐོང་།
འདི་སྤྱི་ཡོངས་ནས་བཤད་པ་ཡིན།
བུ་སྐྱེས་ཀྱི་གྲངས་འབོར་དེ་འཛམ་གླིང་སྤྱིའི་གནས་སྟངས་ལ་སྦྱར་མི་ཆོག་ན། བུད་མེད་ཀྱི་ཤེས་ཡོན་དང་སྦྱར་ན་ཆོག་པར་འདོད། དེ་གཅིག་ཡིན།
བཟང་སྤྱོད་བཟང་སྤྱོད་ཟེར་བ་དེ་ལ་བརྩི་བཀུར་ཡོད། གང་ལྟར། ངས་ནི་བཟང་སྤྱོད་ཟེར་དུས། ཁྲིམས་ལ་བསམ་བློ་མང་ཙམ་གཏོང་གི་ཡོད། ཁྲིམས་འགལ་བྱས་ན་དེ་ཡག་པོ་མ་རེད་འདོད།
གཞན། ཁྲིམས་ཀྱི་སྒང་ན་བཟང་སྤྱོད་ཟེར་བ་ཞིག་ཡོད་དང་མེད་ཡང་ད་ཤེས་གི་མི་འདུག བོད་པ་ཚོས་ཀྱང་། བཟང་སྤྱོད་ཟེར་བའི་ཐ་སྙད་སྐམ་པོ་དེ་ཕར་གཡུག་ནས། ཁྲིམས་དང་མཐུན་པའི་མི་ཚེ་སྐྱེལ་ཐབས་ལ་འབད་དགོས་རེད་དྲན།
༧སྐྱབས་མགོན་རིན་པོ་ཆེ་དང་བསམ་ཚུལ་མི་མཐུན་པ་བྱུང་ན་དེས་བོད་པའི་མཐུན་སྒྲིལ་ལ་གནོད་པ་མངོན་སུམ་རེད་ཟེར། སྐད་ཆ་འདིར་ཁུངས་སྐྱེལ་རོགས།
ད་བར་དུ། བོད་པའི་སྤྱི་ཚོགས་ཀྱི་རྙོག་དྲ་དེ་ཚོ། གཞུང་གི་འཐུས་ཤོར་དེ་ཚོ། ལོ་རྒྱུས་ཀྱི་བྱས་ཉེས་དེ་ཚོ། ༧སྐྱབས་མགོན་རིན་པོ་ཆེ་དང་བསམ་ཚུལ་ཐ་དད་འཛིན་མཁན་མང་དུ་བྱུང་བ་ལ་བརྟེན་ནས་བྱུང་མི་འདུག་དྲན།
གང་ལྟར། གུ་ཡངས་ས་ནས་བལྟ་དགོས་རྒྱུ་གལ་ཆེ་གི་འདོད། དེ་ཙམ་ཡིན།
རིག་འབྱུང་བུ།
བུ་སྐྱེས་ཀྱི་སྐོར་དེ་ཡིས་འཐུས་པར་གྱིས། འོན་ཀྱང་གྲོགས་མོ་ཞིག་ལ་ཁ་བརྡ་བྱེད་སྐབས་དེང་དུས་ཀྱི་བོད་རིགས་བུད་མེད་མང་པོ་ཞིག་བྱིས་པ་བཙའ་རྒྱུར་སྐྲག་སྣང་སྐྱེས་ཀྱི་འདུག་ཟེར། འདི་ཡང་ཕྱོགས་གཅིག་རེད།
བཟང་སྤྱོད་ཀྱི་སྐོར་ནས་ཅིག་བཤད། བཟང་སྤྱོད་ཅེས་པའི་ཚིག་སྐམ་པོ་ཞིག་ཁ་ལ་འཁྱེར་ནས་ཡོང་མེད། དེ་རིང་གི་བཟང་སྤྱོད་ཀྱི་སྐོར་འདི་ཕྱི་རྒྱལ་ལ་འགྲོ་བཞིན་པ་འདིའི་སྟེང་ནས་ཡོང་བ་རེད། ངས་ཁྱོད་ལ་ཡང་བསྐྱར་ཐེངས་གཅིག་ཁ་གསལ་གྱི་སྒོ་ནས་བཤད། ཕྱི་རྒྱལ་ལ་འགྲོ་བ་འདིའི་ཧབ་ཀྱི་འོག་ན་གྲྭ་རྫུན་དང་ཇོ་རྫུན། བླ་རྫུན་དང་མཁས་རྫུན་བྱས་འགྲོ་མཁན་ཡོད་ལ། གཅེན་གཅུང་དབར་དང་གཉེན་ཉེ་དབར་གཉེན་སྒྲིག་བྱས་ཏེ་འགྲོ་མཁན་ཡང་ཡོད། ད་དུང་ཕ་རྫུན་དང་མ་རྫུན། བུ་རྫུན་སོགས་ཀྱང་མང་པོ་ཡོད་པ་རེད། ད་དུང་རང་ཉིད་ཀྱི་མིང་དང་ལོ་སོགས་ཀྱང་བརྗེ་བོ་རྒྱབ་ནས་འགྲོ་མཁན་མང་པོ་ཡོད་པ་རེད། ཁྱེད་ཀྱིས་གསུངས་ན་འདི་དག་གིས་བཟང་སྤྱོད་ཀྱི་འགན་འཁུར་འདུག་གམ། ཁྲིམས་ཀྱི་འགན་འཁུར་འདུག་གམ། ༧ཁོང་རིག་གིས་རྡི་ལིའི་ཨ་རིའི་གཞུང་ཚབ་ལ་དགོངས་དག་ཞུས་པ་ཡང། རང་རིགས་ཀྱི་བཟང་སྤྱོད་ཉམས་བཞིན་པའི་རྟགས་ཤིག་རེད།
དོན་ཚན་གཞན་དེའི་སྐོར་ལ་ད་དུང་ལན་མེད། ཐོག་མར་ཁྱོད་ཀྱིས་༼ད་བར་དུ། བོད་པའི་སྤྱི་ཚོགས་ཀྱི་རྙོག་དྲ་དེ་ཚོ། གཞུང་གི་འཐུས་ཤོར་དེ་ཚོ། ལོ་རྒྱུས་ཀྱི་བྱས་ཉེས་དེ་ཚོ། ༧སྐྱབས་མགོན་རིན་པོ་ཆེ་དང་བསམ་ཚུལ་ཐ་དད་འཛིན་མཁན་མང་དུ་བྱུང་བ་ལ་བརྟེན་ནས་བྱུང་མི་འདུག་དྲན།༽ ཞེས་གསུངས་བའི་སྐོར་ལ་གསལ་བཤད་ཅིག་གནང་རོགས།
གུ་ཡངས་ས་ནས་བལྟ་རྒྱུ་གལ་ཆེན་པོ་རེད་ལ། གུ་དོག་ས་ནས་བལྟ་རྒྱུ་ཡང་གལ་ཆེན་པོ་རེད། འཛམ་གླིང་དང་རྒྱལ་ཁབ། མི་རིགས་དང་སྤྱི་ཚོགས་སོགས་ཁ་ནས་ཇི་ལྟར་གླེང་ན་ཡང། ངའི་བསམ་ཚུལ་ལ་མཐའ་མའི་འབབ་ས་དེ་མི་སྒེར་གྱི་སྒང་ལ་འབབ་ཀྱིན་པར་བསམ། ཡ་ཡ། ད་དེ་ཙམ་བྱོས། མི་མཐུན་ས་མང་གི
རིག་འབྱུང་དང་འབྲོང་བུ་རྣམ་པ་གཉིས་ཁམས་བཟང་།
སློབ་ཐུན་གྱི་བར་གསེང་ནས་ཡོང་བ་ཡིན་པས།་བསམ་ཚུལ་བརྗོད་ལོང་མི་འདུག་་་
ཁྱེད་གཉིས་ཀྱི་བགྲོ་གླེང་གནང་སྟངས་འདི་ངོ་མ་ཡག་གི་་་
ང་ཚོར་མི་མཐུན་ས་མང་ནི་རེད།་་་་འདི་ནི་ང་ཚོ་མི་རེ་རེའི་ཁྱད་ཆོས་རེད་ལ།་་ང་ཚོས་འཚོལ་དགོས་པའི་ཤེས་བྱའང་ཡིན་ནི་རེད།་་་་རྗེས་མར་མཉམ་ཞུགས་ཀྱིས་མི་མཐུན་ས་འཙོལ་ངེས་ཡིན།
དེ་ཙམ་ཡིན།
འབྲོང་བུ་ལགས།
ཁྱེད་ཀྱི་བསམ་ཚུལ་དེ་ཚོའི་སྒང་ལ་བསམ་འཆར་ཡོད།
ང་ལ་གསལ་བཤད་བྱོས་ཟེར་བ་དེ་ཚོར་ཡང་གསལ་བཤད་བྱེད་གི་ཡིན།
ཉིན་འགའ་ལ་ཁོམ་ལོང་མི་འདུག བྲེལ་འཚུབ་ཆེ་གི
ཉིན་ཁ་ཤས་ཀྱི་རྗེས་ནས་་ངེད་ཀྱིས་བསམ་ཚུལ་རྣམས་ཁྱེད་ཀྱི་མདུན་ལ་འཇོག་གི་ཡིན།
འབྲོང་བུ་ལགས།
ང་དྲ་ཐོག་ཏུ་ཡོང་རྒྱུ་ཇེ་ཉུང་ལ་ཕྱིན་རུང་། སོ་སོས་གང་བྲིས་བ་དེ་ཚོའི་མཇུག་སྐྱོང་དགོས་བར་འདོད།
དོ་དགོང་གི་ཁོམ་ལོང་འདིའི་དབར་ནས། ཁ་སྔོན་གྱི་བསམ་ཚུལ་དང་དོགས་འདྲི་དེ་ཚོ་མུ་མཐུད་གི་ཡིན།
དང་པོ།
བོད་རིགས་བུད་མེད་མང་པོ་ཞིག་ནས་བྱིས་བ་སྐྱེས་རྒྱུར་སྐྲག་སྣང་འདུག་ཟེར་བ་དེ་ནི་འགྲིག་པར་འདོད། རྒྱུ་མཚན། ཤེས་ཡོན་སློབ་སྦྱོང་ཞིག་འབྱོར་བའི་རྟགས་རེད།
ཤེས་ཡོན་སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན། བྱིས་བ་ཞིག་སྐྱེས་རྒྱུ་དེ་གཅིག་པོ་མ་རེད། དེའི་དཀའ་ངལ། དེའི་མ་འོངས་བ། དེའི་མི་ཚེ། ཚང་མར་བརྩིས་རྒྱག་གི་རེད།
བརྩིས་བརྒྱབ་ན་སྐྲག་སྣང་ཞིག་ཡོང་གི་རེད་འདོད། བྱིས་བ་སྐྱེས་ཐུབ་མི་ཐུབ་ཀྱི་དབར་ན། སུ་དཔའ་མོ་ཡིན་དང་སུ་དཔའ་མོ་མིན་གྱི་སྐད་ཆ་ཡོད་མ་རེད།
བྱིས་བ་སྐྱེས་རྒྱུ་དེ་ཡང་མཛོ་མོའི་ལྕི་བ་གཏོང་གཏོང་བྱས་ན་འགྲིག་གི་མ་རེད་བ། དེ་གཅིག་ཡིན།
གཉིས།
ཁྱེད་ནས་བཤད་བཞིན་པའི་གནད་དོན་དེ་ཚོའི་རིགས་ལ། ངེད་ཀྱིས་ཁྲིམས་ཀྱི་ཐོག་ནས་བལྟ་གི་ཡོད། ཁྲིམས་འགལ་ཡིན་དང་མིན་བལྟ་གི་ཡོད།
ངེད་རང་ལ་ཁྲིམས་དང་བཟང་སྤྱོད་ཟེར་བ་འདི་གཉིས་ནས་གཅིག་འདེམས་བཅུག་ན། ཁྲིམས་ཨང་དང་པོར་འཇོག་མཁན་གྱི་གྲས་ཡིན། བཤེས་སྤྲིངས་ཀྱི་ནང་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ་གསུངས་ཡོད་དྲན།
ཁྲིམས་གལ་ཆེན་པོ་རེད། བོད་པའི་བཟང་སྤྱོད་ཟེར་བའི་ཐ་སྙད་འདི་ཧ་ཅང་རྙོག་དྲ་ཚ་བོ་ཞིག་རེད། བོད་པའི་བཟང་སྤྱོད་ཟེར་བ་འདི་ཡང་ཕུགས་ལ་གཏུགས་ན། ཀུན་སློང་ཟེར་བ་ཞིག་གིས་དེ་ལ་ལྷན་པ་རྒྱག་གི་རེད། ཀུན་སློང་ཟེར་བ་དེ་ཁྲིམས་ཀྱི་སྒང་ནས་དག་ཐེར་བྱེད་མི་ཐུབ། ཁྲིམས་ཀྱི་སྒང་ནས་དག་ཐེར་དང་གཙང་བཤེར་བྱེད་མི་ཐུབ་པ་ཞིག་ལ།
བཟང་སྤྱོད་ཡིན་མིན་གྱི་སྐད་ཆ་བཤད་ན་དེ་ཚོར་དགོས་བ་རྒྱུ་མཚན་མཐོང་གི་མེད། བཟང་སྤྱོད་ཡིན་ན་ཡང་ཁྲིམས་ཀྱི་སྒང་ནས་བལྟ་རྟོག་བྱེད་ཐུབ་པ་ཞིག་དགོས་རེད།
ཚོང་ལས་དང་ཁྲོམ་རའི་དཔལ་འབྱོར། རྩིས་ཞིབ། འཛིན་སྐྱོང་རིག་པ་སོགས་ཀྱི་ནང་དུ། བཟང་སྤྱོད་ཟེར་བ་དེར་ཁྲིམས་ཀྱི་སྒང་ནས་བལྟ་རྟོག་བྱེད་སྟངས་ཤིག་ཡོད་རེད།
དཔེར་ན།(American Marketing Association’s code of ethics)ཟེར་བ་ལྟ་བུའི་རིགས་རེད།
དེར་བརྟེན། བོད་པ་ཚོས་བཟང་སྤྱོད་བཟང་སྤྱོད་ཟེར་བའི་ཐ་སྙད་དེ་ལ་ཡང་ཁྲིམས་ཀྱི་སྒང་ནས་བལྟ་རྟོག་བྱེད་ཐུབ་པ་ཞིག་དགོས་རེད། གཞན། ཁྲིམས་ཀྱི་སྒང་ནས་ལག་པ་འཆང་ས་མེད་ས་ཞིག་ལ་བཟང་སྤྱོད་ཀྱི་སྐད་ཆ་བཤད་ན།
དེ་ནི་ཚིག་སྐམ་པོ་རང་ལ་བརྩི་གི་ཡོད། གོང་དུ་ཁྱེད་ཀྱིས་དཔེ་བཞག་པ་དེ་ཚོ་ཕལ་ཆེ་བ་ཁྲིམས་འགལ་རེད། ཁྲིམས་འགལ་གྱི་ལས་ཀ་བྱས་ན་དཀའ་ངལ་ཡོད་ཡོད་པ་རེད། ད་དུང་བཤད་རྒྱུ་ཞིག་ལ། བོད་པའི་བཟང་སྤྱོད་ཟེར་བ་འདི་མཚམས་རེར་ཉེན་ཁར་མཐོང་གི་ཡོད། བོད་པའི་བཟང་སྤྱོད་ཀྱིས་མཚམས་རེར་གང་ཟག་ཁྲིམས་ཀྱི་སྒང་ལ་འཇོག་གི་རེད།
གསུམ།
ད་ལྟ་ཕན་གྱི་བོད་པའི་སྤྱི་ཚོགས་ནང་གི་རྙོག་དྲའི་རིགས་དང་གཞུང་གི་འཐུས་ཤོར་སོགས་ཀྱི་འབྱུང་ས་དེ། ༧གོང་ས་མཆོག་དང་བསམ་ཚུལ་མི་མཐུན་པ་ཚོའི་རྩ་ནས་བྱུང་མི་འདུག
༧གོང་ས་མཆོག་ལ་སྐྱབས་སུ་འགྲོ་མཁན་ཡིན་ཟེར་མཁན་ཚོའི་རྩ་ནས་འབྱུང་གིན་འདུག དཔེར་ན། ཆོས་རྒྱུད་ནང་ཁུལ་གྱི་རྙོག་དྲ། ཆོལ་ཁའི་འཐེན་འཁྱེར།
གྲོས་ཚོགས་ནང་ཁུལ་གྱི་རྙོག་དྲ་དང་འཐུས་ཤོར་གྱི་རིགས། ལྷག་པར་དུ། བཙན་བྱོལ་གྱི་ཤེས་ཡོན་སློབ་སྦྱོང་འཛིན་སྐྱོང་གི་འཐུས་ཤོར་སོགས། ༧གོང་ས་མཆོག་་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་ཟེར་མཁན་ཚོས་བཏང་འདུག་ག
བཞི།
ང་ནི་གུ་ཡངས་ས་ནས་བལྟ་མཁན་གྱི་གྲས་ཡིན། གུ་དོག་སར་་མི་འགྲོ་མཁན་ཡིན། གུ་དོག་ས་ནས་བལྟས་ན་མ་འཐུས་མ་འགྲིག་པ་རྐྱང་མཐོང་བསྡད་གི་རེད།
དེ་ཙམ་ཡིན།
རིག་འབྱུང་བུ།
ཁྱེད་ཀྱི་བསམ་ཚུལ་དག་ལ་རྗེས་སུ་ཡི་རངས་ཞུ། ཁྱེད་ཀྱི་བསམ་ཚུལ་དག་ལ་བསམ་འཆར་མེད། བསམ་ཚུལ་དངོས་ནས་ཡག་པོ་འདུག
རེད་ཡ། འགྱུར་བ་སྒོ་ལྕགས་རྒྱག་རྒྱུ་ཡོད་པ་མ་རེད། གང་ལྟར་ཁྱེད་ཀྱི་བསམ་ཚུལ་མཐིལ་ཕྱིན་པ་ཞིག་ཤེས་ཕྱིར་ལྡོག་ཕྱོགས་ནས་བྲིས་པ་ཡིན། བགྲོ་གླེང་ཡག་པོ་བྱུང་བར་དགའ་ནས་ཡོད།
ཁྱེད་གྷགཉིས་ལ་བར་འདུམ་ཞིག་བྱ་མི་དགོས་ན་བསམ་བྱུང་མོད། ད་འབྲོང་བུ་ཤོར་སོང་བས། བར་འདུམ་པ་ཞིག་མཁོ་ཡ་མི་འདུག ཧཧཧཧ རྩེད་མོ་ཡིན། བགྲོ་གླེང་ཡག་པོ་བྱས་འདུག