རེབ་ཐོག་མདའ།
མྱི་ཚོགས་ཁྲོད
ཆ་རྒྱུས་མེད་པའི་ངོ་གདོང་དག་མཐོང་དུས
ཁ་སང་གི་བདག
རྨི་ལམ་ཞིག་གི་ངོགས་ན་རྒས་བཞིན་པ་སྙམ་ནས
ཡང་བསྐྱར་ཁྲུས་ཤིག་བརྒྱབ་ཀྱང་
ལང་ཚོ་གསར་པ་དག
ལོ་ཟླ་འདིའི་འཁོར་བསྐྱོད་ཀློང་ན
སླར་ཡང་ངོ་གདོང་གསར་པ་ཞིག་ཏུ་འགྱུར་དུས
བདག་ད་དུང་
ན་ནིང་བཞིན་ཡིན་ན་བསམ་མོད
འོན་ཀྱང་
སྐྲ་འདབས་ལ་བབས་པའི་ཁ་བ་དཀར་པོ་དེས
བདག་ལ་གནས་ལུགས་ཤིག་འཆད་ཀྱིན་པས
བདག་གིས
སླར་ཡང་མེ་ལོང་ལ་ཐེངས་གཅིག་བལྟ་དགོས་བྱུང་།