རྔ་བཟའ་བདེ་པོ་འཚོས།
འུ་ཅག་བོད་ལ་ཐུན་མོང་གི་གཤིས་ཀ་ཁྱད་མཚར་ཞིག་ཡོད་པ་ཞིག་ནི། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མ་ཟིན། ནོར་བུ་གཞན་ལ་ཡོད་དུས་ནོར་བུའི་རིན་ཐང་རྟོགས་སོང་ཞེས་པ་ལྟར། འདས་པའི་ལོ་རྒྱུས་ནང་སྐྱེས་བུ་མཁས་ཆེན་དུ་མ་བྱོན་རུང་། གང་ཞིག་རྐྱེན་ལམ་དུ་ཤོར་བ་དང་གཞི་ནས་ཕངས་སེམས་དང་འགྱོད་གདུང་བྱེད་པ་དེ་རེད། ད་ཐེངས་ཀྱང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཤེས་ལྡན་པ་རྔ་བ་ཆོ་ས་གྲགས་དང་སྤྲོ་ཚིགས་ཆོས་གྲགས་གཉིས་ལ་གློ་བུར་བའི་རྐྱེན་ངན་ཞིག་སྟེ། སུས་ཀྱང་ཡིད་ལ་འཆར་མ་མྱོང་བའི་གོད་ཆག་ཅིག་བྱུང་དུས་ད་གཟོད་ཕངས་སེམས་དང་བློ་ཕམ་ཤུགས་ཀྱིས་འཕྱུར་ཡོང་བའི་རྣམ་པ་གང་སར་འཕྱུར་བཞིན་པའང་དེ་ལས་མ་འདས།
འོན་ཀྱང་ད་ཐེངས་རྐྱེན་འདས་སུ་སོང་བའི་ན་གཞོན་ཤེས་ཡོན་ཅན་ཁོང་གཉིས་ནི། ཁོ་མོའི་ཕ་ཡུལ་གཅིག་པ་ཙམ་དུ་མ་ཟད་སྙིང་དབུས་ནས་ཆེ་མཐོང་དང་གདེང་འཇོག་བྱ་ཡུལ་གྱི་མི་སྣ་གཉིས་ཡིན། ཁོང་གཉིས་གློ་བུར་དུ་རྐྱེན་འདས་སུ་སོང་བ་དེར་ཁོ་མོར་བརྗོད་མི་ཤེས་པའི་བློ་ཕམ་དང་ཕངས་སེམས་ཆེན་པོ་བྱུང་། འདི་ནི་ཕ་ཡུལ་གཅིག་པ་ཡིན་པས་ཞེན་ཁོག་གི་དབང་གིས་མིན། མི་སྣ་འདི་གཉིས་ནི་རང་ཡུལ་བསྐྱུར་ནས་ས་མཐར་བསྙེགས་ཤིང་། དཀའ་སྤྱད་ལ་གདོང་ལེན་བྱེད་ཕོད་པ། གྲུབ་འབྲས་ལྡན་པའི་བྱ་བར་འཇུག་ནུས་མཁན་གྱི་བོད་མི་ཤེས་ཡོན་ཅན་དང་། རེ་བ་ཅན་དུ་མཐོང་མྱོང་ཡོད་པས་ཡིན།
ཉིན་ལྔའི་སྔོན་ལ་གནས་ཚུལ་འདི་ཐོས་ཡོང་དུས་ཡིད་ཆེས་ག་ལ་ཐུབ། དེང་སང་གསར་འགྱུར་མ་ཡིན་པའི་གསར་འགྱུར་རྫུན་མ་དྲྭ་འབུ་ལྟར་གང་སར་ཁྱབ་གདལ་ཆེ་བས། འདི་ཡང་མི་རེ་ཟུང་གིས་སྒྲོ་བཏགས་པ་ཞིག་ལོས་ཡིན་སྙམ། འོན་ཀྱང་རྗེས་སུ་ཤེས་རྟོགས་བྱུང་དུས་ང་རང་ཧ་ལས་ཤིང་ཡིད་སྐྱོ་བས་མཚན་མོར་གཉིད་ཀྱང་ཁུག་མ་བྱུང་། ཇི་ཙམ་བསམ་བློ་བཏང་ན་དེ་ཙམ་གྱིས་གནས་ཚུལ་དེ་བློ་ཤོང་མི་ཐུབ་པ་ཞིག་ཏུ་ཏུ་གྱུར། འོན་ཀྱང་གནས་ཚུལ་དངོས་ནི་འདི་ལྟར་བསམ་ཡུལ་ལས་འདས་པའི་སྒོ་ནས་བྱུང་སོང་བ་རེད།
སྤྲོ་ཚིགས་ཆོས་གྲགས་ནི་ངའི་ཨ་ཞང་གི་ཆུང་བྱིས་པའི་དུས་ནས་རྩེད་རོགས་དགོད་རོགས་ཏེ། མི་ལོ་ཉི་ཤུ་ལྷག་གི་རིང་ལ་གདན་ས་གཅིག་ལས་ཚར་ལོངས་བྱུང་བའི་སྤུན་མཆེད་ཅིག་དང་ཁྱད་མེད་པས། ང་ཚོ་སྒེར་གྱི་དངོས་ནས་འབྲེལ་བ་ཧ་ཅང་ཟབ་པས། ཁོང་གིས་རྟག་ཏུ་མི་ཚེའི་རིན་ཐང་གླེང་བ་དང་ཆུ་ཚོད་དམ་འཛིན་བྱ་དགོས་པ། རང་ཉིད་འཇིག་རྟེན་འདིར་གནས་རིང་ཀློག་རིན་ཡོད་པའི་དཔེ་དེབ་ཀློག་དགོས་པ་དང་དེབ་དང་གྲོགས་སུ་བརྟེན་དགོས་པ། དེ་ཡང་རང་གི་ཆོས་དང་རིག་གཞུང་སྐད་ཡིག་སོགས་གཞི་བཞག་ཐོག་གཞན་གྱི་སྐད་ཡིག་གཉིས་སམ་གསུམ་ངེས་པར་དུ་ཤེས་དགོས་པ་དང་། ལྷག་པར་དུ་རྒྱ་ཡིག་སྦྱོང་རྒྱུ་གལ་ཆེ་བ། མ་འོངས་པར་བོད་ཀྱི་རྩ་དོན་རྩོད་ལེན་བྱ་དགོས་ན་རྒྱ་གཞུང་གི་སྲིད་ཇུས་ཀྱི་ངོ་བོ་དང་རྒྱབ་ལྗོངས་སོགས་ལ་རྒྱུས་ལོན་བྱ་དགོས། དེ་བྱ་བར་རྒྱ་ཡིག་མེད་དུ་མི་རུང་བ་ཡིན་པས། མི་རེ་ངོས་རེ་ནས་རྒྱ་ཡིག་ངེས་པར་དུ་སྦྱོང་དགོས་སྐོར་ཏེ། བོད་མི་རིགས་ཀྱི་འཐབ་རྩོད་ཐོག་མེད་ན་མི་ཆོག་པའི་ལམ་སྟོན་གནང་མྱོང་ཡོད།
ཁོང་གི་སྡོད་ཤག་གི་གཡས་གཡོན་ཚང་མ་དེབ་ཀྱིས་ཁེངས་ཡོད། ང་ལ་ཡང་སྐད་གྲགས་ཅན་གྱི་དབྱིན་དེབ་བདུན་བརྒྱད་ཅིག་གཡར་ནས་དེབ་འདི་ཚོའི་རིགས་ངེས་པར་དུ་ཀློག་དགོས་པ་མ་ཟད་སེམས་ལ་འཇག་རྒྱུ་དེ་བས་ཀྱང་གལ་འགང་ཆེ་བས། དེབ་ཀྱི་ནང་ནས་ཤེས་བྱ་རག་པ་ནི་ཁྱེད་ཀྱི་མི་ཚེའི་ནང་འདོར་དུ་མེད་པའི་ཆ་ཤས་གལ་ཆེན་ཞིག་སྟེ། དབུགས་རྒྱུན་མཐའ་མ་མ་ཆད་པར་སེམས་ཀྱི་ཟབ་སར་གནས་པའི་ཕན་ཐོགས་རང་བཞིན་ལྡན་པའི་རིན་ཆེན་ནོར་བུ་ཡིན་པས་རང་ངོས་ནས་དུས་ཚོད་དམ་བཟུང་བྱས་ཏེ་དེབ་ཀློག་དང་ད་གཟོད་རང་གི་མི་ཚེའི་རིན་ཐང་རྟོགས་ཡོང་བས། ཇི་སྲིད་ཁྱེད་ཉིད་འཚོ་དགོས་ན་དེ་སྲིད་དཔེ་དེབ་ཀློག་དགོས་ཟེར་ནས་སྐུལ་མ་ཡང་ནས་ཡང་དུ་གཏོང་མྱོང་ཡོད།
ལོ་སྔོན་མའི་ཟླ་བཞི་པའི་ནང་། གུང་གསེང་དང་སྟབས་བསྟུན་ནས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ལས་ཁུངས་ནས་ཟླ་གཉིས་ཀྱི་རིང་ལ་ང་ཚོས་ལས་ཁུངས་གཅིག་གི་ནང་ནས་ལས་ཀ་བྱས་ཤིང་གསོལ་ཐབས་གཅིག་གི་ནང་ནས་ཟ་མ་བཟས་ཏེ། ཕན་ཚུན་ལ་རོགས་རམ་དང་རམ་འདེགས་བྱེད་རེས་བྱས། ཁོང་གིས་དུས་ཚོད་སྐར་མ་གཅིག་ཡིན་རུང་དམ་དུ་བཟུང་ནས། དུས་ཚོད་སྟོང་པ་ཡོད་ཚད་ལ། དཔེ་ཀློག་བྱ་རྒྱུ་དང་མཚན་ཉིད་གྲྭ་ཚང་སོགས་ལ་སློབ་ཁྲིད་གནང་དགོས་པས་ཐ་ན་རྒྱབ་ཀྱི་གོས་ཀྱང་བཀྲུ་ཁོམ་མི་འདུག་ཅེས་བརྗོད་བྱུང་།
མཐར་ང་རང་མཐོ་སློབ་ལ་འགྲོ་རན་སོང་བས་ལས་ཁུངས་དེ་ལས་འབུད་ཉིན་དེར། ཁོང་གིས་ངར་ལག་འཇུ་མཐའ་མ་དེ་བྱས་ནས། བསླབ་བྱ་ཡང་ཆེས་མཐའ་མ་དེ་བྱས་ཤིང་། དེ་རིང་ནས་བཟུང་ཁྱེད་རང་བོད་ཀྱི་མཐོ་རིམ་སློབ་མའི་མིང་བྱང་དང་འོས་འགན་ཡོད་མཁན་ཏུ་གྱུར་བས། བོད་མི་རིགས་འདི་གནས་དང་མི་
གནས་ནི་གཙོ་བོ་སྐད་དང་ཡི་གེ་ལ་རག་ལས་ཡོད་ལ། བོད་སྐད་ཡིག་འདི་གནས་མིན་ཡང་ཁྱེད་ཅག་སློབ་མ་དག་ལ་རག་ལས་པས་མདུན་བསྐྱོད་ཀྱི་གོམ་ཁ་ནམ་ཡང་གློད་མི་རུང་། བོད་མི་རིགས་ཆེད་དུ་འདི་ལས་ལྷག་དང་རླབས་ཆེན་གྱི་བྱ་བ་ཞིག་མེད་པས་ཡིད་ལ་ཟུངས་ཟེར། དེ་དུས་ས་རུབ་གྲབ་འདུག་པས་རྡ་སའི་སྲང་་ལམ་གྱི་གློག་སྒྲོན་དག་གསལ་ལྷེམ་མེར་སྒྲོན་འདུག དེའི་དཀར་འོད་ཁྲོད་ནས་ངས་ཁོང་གི་འཛུམ་དམུལ་དམུལ་གྱི་ངོ་གདོང་དང་མི་རིགས་ལ་བཅང་བའི་མིག་མདངས་ད་དུང་བློ་ཉེ་ཉེ་ཡི་ཞེ་དུང་དུང་གི་སྐད་ཆ་དག་ད་དུང་ངའི་་ཡིད་ལ་ཝ་ལེར་འཆར་ཡོང་། ཉིན་དེ་ནི་ཁོང་དང་མཇལ་བའི་ཉི་མ་མཐའ་མ་དེ་ཡིན་པ་གང་ནས་རྟོགས།
སྤྱིར་ངས་རྔ་བ་ཆོས་གྲགས་ངོ་ཡག་པོ་ཞིག་ཤེས་ཀྱི་མེད། འོན་ཀྱང་སྟེས་དབང་ཞིག་གིས། ཉེ་ཆར་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་སྐབས་སུ། ངའི་དགེ་རྒན་ལགས་ཀྱིས། ཁྱེད་འབྲས་སྤུང་དུ་འགྲོ་ན། རྔ་བ་ཆོས་གྲགས་ཟེར་བའི་གྲྭ་བ་ཞིག་ཡོད་པས། དེའི་ལག་ནས་ (གྷོ་ར)ཟེར་བའི་བསྒྱུར་རྩོམ་དེབ་ཕྲེང་གསུམ་ཅན་ཞིག་ཡོད་པས་དེ་འཁྱེར་ཤོག་གསུངས་ཏེ་ཁ་པར་ཨང་གྲངས་ཤིག་སྤྲད་བྱུང་། ཉིན་གཅིག་ལ་ངས་ཁོང་ལ་ཁ་པར་བཏང་བ་བཞིན་ཕྱི་དྲོ་དེབ་དེ་འཁྱེར་ནས་སླེབས་བྱུང་།
ངས་དང་ཐོག་རྩོམ་པ་པོ་ཁོང་ཉིད་ཡིན་པ་མ་ཤེས། དགོང་མོ་དེར་ངས་ཁོང་གིས་བརྩམས་པའི་བསྒྱུར་རྩོམ་དེབ་ཐེར་སྟོད་ཆའི་ངོས་ཀྱི་ཁོང་གི་ངོ་སྤྲོད་དེ་ཞིབ་ཏུ་ཐེངས་ཤིག་བཀླགས་པས་ང་རང་ཧང་སངས་བྱུང་། རྒྱུ་མཚན་ནི། ལོ་ན་གཞོན་པའི་དགེ་འདུན་པ་ཁོང་ལྟ་བུས་འདས་པའི་དུས་ཡུན་ཐུང་ཐུང་དེའི་ནང་ལ་དེབ་འཕྲེང་ཇི་སྙེད་ཅིག་བཏོན་པ་ཡོད། དེའི་ནང་གསལ་བ་ལྟར་ན། ཉིན་ཞགས་མང་པོ་ཞིག་ལ་དཀའ་ལས་བརྒྱབ་སྟེ། ཐ་ན་གཟའ་ཉི་མར་ཡང་ངལ་གསོ་བྱེད་མྱོང་མེད་པ་དང་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་རབ་དང་རིམ་པ་ཅི་ཙམ་ཕྲད་ཀྱང་མུ་མཐུད་དུ་བསྒྱུར་སྐད་འདུག དེ་བཞིན་ད་ལྟ་ང་ཚོའི་མིག་མདུན་དུ་ཡོད་པའི་བརྩམས་ཆོས་དག་ནི་ཁོང་གི་རྔུལ་ཁྲག་ལས་བྱུང་བ་ཤ་སྟག་ཡིན་པས། ང་ཚོས་ངེས་པར་དུ་ཤེས་དགོས།
མདོར་ན། ཁོང་གཉིས་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་འཇིག་རྟེན་འདི་ནས་ཁ་གྱེས་དགོས་མིན་ལ་མ་ལྟོས་པར། ཁོང་གཉིས་ང་ཚོར་མ་དབང་པ་ནི་གསུབ་ཏུ་མེད་པའི་གྱོང་གུད་ཅིག་དང་འགྱོད་གདུང་ཞིག་རེད། ཁོང་གཉིས་ཀ་གཅིག་མཚུངས་ཀྱི་བོད་མི་རིགས་ལ་ཞེན་ཞིང་དུང་བ་དང་བོད་ཀྱི་རིག་གཞུང་གི་་རྒྱུན་འཛིན་པ་ཡིན་པས་རང་ངོས་ནས་ཁོང་གཉིས་ཀྱི་ཕ་མ་དང་སྤུན་མཆེད་ཚོར་གདུང་སེམས་མཉམ་བསྐྱེད་དང་ཁོང་གཉིས་ཀྱི་རྣམ་ཤེས་དེ་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་པ་དང་སྔར་ལས་ཀྱང་མཁས་པའི་བོད་མི་རྣལ་མ་ཞིག་དང་ད་བར་བསྒྲུབ་འདོད་ཀྱི་ཕུགས་བསམ་ཐམས་ཅད་མ་ལུས་འགྲུབ་པའི་སྨོན་འདུན་བྱེད་ཀྱིན་ཡོད།
དེ་བཞིན་དུ་འདས་པོ་ཁོང་གཉིས་ཀྱི་འདས་པའི་དུས་ཀྱི་བྱ་བ་དང་གྲུབ་འབྲས་བཟང་པོ་དག་གི་འོད་སྣང་ནི་དུས་གཏན་གནས་ངེས་རེད། དེ་བས་གོད་ཆག་དང་རྐྱེན་ངན་གྱི་སྐྱོ་གདུང་གི་མནར་གཅོད་འོག་ལྷག་པའི་འབྲེལ་ཡོད་ནང་མི་གཉེན་འབྲེལ་དག་གིས་ཀྱང་་་འདས་པོ་གཉིས་ཀྱི་རྣམ་ཤེས་བདེ་བར་གཟིམས་ཆེད་དང་། རང་རིགས་ཀྱི་ལ་རྒྱའི་འདུ་ཤེས་སྙིང་ལ་ཉར་ནས། ཕན་ཚུན་བཟོད་བསྲན་དང་། བསམ་ཤེས་གནང་བའི་རེ་འདུན་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
༢༠༡༥/༢/༡༨ ཉིན་ལ་རྔ་བཟའ་བདེ་པོ་འཚོས།
རྔ་བ་ཆོས་གྲགས་ལ་ངས་ནམ་ཡང་རྗེས་དྲན་ཞུ། ཁོང་ལ་་་་་་