རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་།
འདི་ལོར་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གིས་བོད་མིའི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་བའི་ཆེད་དུ། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་གཙོ་བོར་གྱུར་པའི་རྒྱལ་བའི་བཀའ་དྲིན་ཞེས་པའི་སྙན་རྩོམ་འགྲན་སྡུར་ཞིག་གོ་སྒྲིག་ཞུས་པ་དང་། འགྲན་སྡུར་ཁྲོད་ཆ་ཤས་ལེན་མི་བོད་དང་། རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཁྱོན་བསྡོམས་ཤེས་ལྡན་གྱི་རྩོམ་པ་པོ་སུམ་ཅུ་སོ་དྲུག་གིས་རྩོམ་ཡིག་འབྱོར་ཞིང་། རྩོམ་ཡིག་དཔྱད་འདེམས་པའི་ཕྱོགས་བསྡོམས་ཀྱི་ཐ་མའི་གྲུབ་འབྲས་དེ་བཞིན་སྐུའི་འཁྲུངས་སྐར་དུས་ཆེན་ཉིན། རྡོར་གླིང་དབུས་གཞུང་བོད་ཀྱི་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་གསལ་བསྒྲགས་ཞུས་ཡོད་པ་དང་།
ཐེངས་འདིའི་འགྲན་སྡུར་རྩོམ་ཡིག་སོ་དྲུག་ཁྲོད་ཀྱི་ཨང་དང་པོ་ནི་ཚེར་ནགས་རྡོ་རྗེ་རིན་ཆེན་ལགས་དང་། ཨང་གཉིས་པ་བཀྲ་བློ་ལགས། ཨང་གསུམ་པ་ནི་ཆོས་དགེ་གསེར་རྟ་ཐུབ་བསྟན་ཆོས་འཕེལ་ལགས་བཅས་ཡིན་པ་རེད། དེ་མཚུངས་རྡོར་གླིང་གཞིས་འགོའི་ཁྱབ་ཁོངས་མི་དམངས་ཡོངས་ནས་འདི་ལོར་དམིགས་བསལ་༸གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་སྐུའི་གྱ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་ཉིན་གསུམ་ལ་བྱས་ཤིང་། སྲུང་བརྩིའི་ལས་རིམ་ནང་སྨན་སྦྱིན་དང་། ཁོར་ཡུག་གཙང་སྦྲ། བསྟན་འགྱུར་དག་སྒྲོག སྲོག་བླུ། ༸གོང་ས་མཆོག་གི་པར་རིས་འགྲེམས་སྟོན། གཞས་སྣ་འཁྲབ་སྟོན། རྩོམ་ཡིག་འགྲན་སྡུར་སོགས་༸རྒྱལ་བ་མཉེས་པའི་མཆོད་སྤྲིན་དུ་འགྱུར་བའི་རྣམ་དཀར་གྱི་བྱ་བ་ཇི་སྙེད་ཅིག་བརྩམས་པའི་ཁྲོད། རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གི་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་པའི་རྩོམ་ཡིག་འགྲན་སྡུར་གྱི་གྲུབ་འབྲས་དེ་བཞིན།
ཨང་དང་པོ་ཚེར་ནགས་རྡོ་རྗེ་རིན་ཆེན་ལགས་དང་། ཨང་གཉིས་པ་བཀྲ་བློ་ལགས། ཨང་གསུམ་པ་སོག་མདའ་ལགས་བཅས་ལ་ཐོབ་ཡོད་པ་རེད། འགྲན་སྡུར་རྩོམ་ཡིག་ཁག་གཉིས་ལས་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་རྩོམ་ཡིག་དཔྱད་འདེམས་པ་འཇར་མན་དུ་གནས་བཞུགས་བྲག་ཡབ་སྐྱབས་མགོན་རིན་པོ་ཆེ་མཆོག་གཙོ་བོ་དང་། རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གི་རྩོམ་ཡིག་དཔྱད་འདེམས་པ་བཀའ་བློན་ཁྲི་ཟུར་བསྐལ་བཟང་ཡེ་ཤེས་མཆོག་དང་། རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་རྒན་རེ་མདོ་སེངྒེ་བཅས་ཡིན་པ་རེད།
རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༢༠ ཉིན་ལ།