བསེ་རུ། ཨོ་གླིང་།
ཤེས་རབ་ལྷ་མོའི་བཀའ་ཆད་བདག་ལ་ཕོག།།
དབྱངས་ཅན་བྱིན་རླབས་སྐལ་བ་རིངས་ནས་དབེན།།
སོར་མོའི་འདུ་བྱེད་འདར་འདར་འཕྲུག་འཕྲུག་འདི།།
ལྷ་མོའི་ཐུགས་དགོངས་འཁྲུགས་པའི་རྒྱུ་རུ་ཟད།།
མི་གཟུགས་ཅན་ལ་གདོན་གྱི་སྲོག་ཞུགས་པའི།།
ཉིན་ཞག་ཟློས་གར་སྟངས་སྟབས་ཉམས་འགྱུར་རྣམས།།
རྣམ་རྟོག་ཡོལ་བ་ནག་པོ་མེར་བསྲེགས་ཏེ།།
གོ་ལའི་གར་སྟེགས་མཐོན་པོར་ལྷང་ངེར་བཤམས།།
མགོ་བོར་ཀླད་པ་ཁོག་ཏུ་སྙིང་ཡོད་ཀྱང་།།
སྤྱི་དོན་མི་སེམས་རང་དོན་ངོ་མི་འཕྲོད།།
མིག་དང་རྣ་བ་གཉིས་ཀྱི་བྱ་བྱེད་བྲལ།།
བདེན་པ་མ་མཐོང་དྲང་པོའི་གཏམ་མི་གོ།
རང་བློ་རང་གིས་གཅུན་ཐབས་མི་བྱེད་པར།།
གཞན་བློ་གཅུན་པར་ངར་ངར་ཤོར་ཤོར་བྱེད།།
རང་ལམ་རང་གིས་མ་མཐོང་ལོང་གྱུར་ཀྱང་།།
གཞན་ལམ་སྟོན་པར་བྲེལ་བྲེལ་ཚུབ་ཚུབ་བྱེད།།
ཡ་གིའི་དཀོན་མཆོག་གསུམ་ལ་སྡིགས་སྡིགས་བྱེད།།
བར་གྱི་མཁས་དབང་རྣམས་ལ་ཟུར་ཟ་བྱེད།།
མ་གིའི་མི་མང་ཚོ་ཟེར་མཐོང་ཆུང་བྱེད།།
གར་གྱི་སྟངས་སྟབས་དེ་ཚོར་ཡིད་རེ་སུན།།
ཆོས་སྲིད་གཉིས་བྲལ་ཁོག་སྟོང་ཀླད་སྟོང་ཡིན།།
འདི་ཕྱི་གཉིས་མེད་གཏན་འདུན་རླུང་བསྐུར་ཡིན།།
སྔ་བར་ཕྱི་གསུམ་འཁྲབ་ཚན་རྫུན་མ་ཡིན།།
གར་གྱི་ཉམས་འགྱུར་དེ་ཚོར་ཡིད་རེ་སུན།།
མ་ཤེས་ཤེས་མདོག་ཕྱག་རྒྱ་ཁྲི་མ་འབུམ།།
མ་འཇོན་འཇོན་མདོག་འུར་སྒྲ་ལྡིར་རེ་རེ།།
མ་བྱེད་དགུ་བྱེད་འཁྲབ་གཞུང་ཐ་ར་ར།།
གར་མཁན་སྟོང་གསུམ་འབྲུག་གྲགས་ཡིད་རེ་སུན།།
བསྟོད་ན་དགའ་བའི་ཞབས་བྲོ་གློག་ལས་འཁྱུགས།།
སྨད་ན་སྐྱོ་བའི་གོམ་སྟབས་སྒྲོག་གིས་བཅིངས།།
བསྟོད་སྨད་འགལ་འདུའི་ཁྲོད་དུ་འཕག་འཚག་ཆེ།།
ཟློས་གར་འཁྲབ་སྟོན་མཁན་དེར་ཡིད་རེ་སུན།།
རང་གི་རིགས་ལ་ཞེ་སྡང་ཁྲོ་གཉེར་བསྡུས།།
གཞན་གྱི་རིགས་ལ་གུས་གུས་ཞུམ་ཞུམ་བྱེད།།
རང་གཞན་དབྱེ་ངོ་མི་ཆོད་བློ་མིག་ལོང་།།
ཞ་བོ་ལོང་ཁྲིད་རྣམས་ལ་ཡིད་རེ་སུན།།
རྨོངས་པའི་མགོ་བོར་རྨོངས་པས་བྱིལ་བྱིལ་བྱེད།།
གཏི་ཐུག་བླུན་པོའི་ལམ་སྣེ་ལྐུགས་པས་བསྟན།།
གླེན་པ་ཁྱུ་ཡིས་དཔུང་རྡང་ལག་རྡང་སྦྲེལ།།
གཡང་གཟར་གྲོག་ལ་མཆོངས་པར་སྙིང་རེ་རྗེ།།
འཇིག་རྟེན་ལྟད་མོ་ལོང་བས་མཐོང་བའི་དུས།།
སྐྱོ་གར་རྣམ་ཐར་འོན་པས་ཐོས་པའི་དུས།།
དཀའ་སྡུག་རྐང་ལམ་ཞ་བོས་འགྲིམས་པའི་དུས།།
ལོང་བ་འོན་པ་ཞ་བོར་སྙིང་རེ་རྗེ།།
ཚེ་སྲོག་ཁྲི་ཕྲག་གཤིན་ཁར་ཤོར་ཤུལ་དུ།།
སྡར་མ་འབུམ་ཕྲག་བདེ་སྐྱིད་གླུ་དབྱངས་ལེན།།
བྱབ་ཆུང་ཁྲི་ཚོ་སྐྱིད་རྒྱགས་གཉིད་ལ་ཤོར།།
དཔའ་བོ་དཔའ་མོའི་རྣམ་ཤེས་ཧད་དེ་ལུས།།
ཤེས་རིག་ལང་ཚོ་མ་དར་གོག་ཅིང་བགྲོད།།
ལྷག་བསམ་ཟུངས་ཁྲག་མ་རྒྱས་སྐམ་ཞིང་རིད།།
སེམས་ཤུགས་མགོ་བོ་མ་དགྱེ་དུད་ཅིང་སྒུར།།
བ་གླང་རྐང་གཉིས་ཅན་ཚོར་ཡིད་རེ་སུན།།
ཕྱི་ནང་གོ་ལྡོག་དགྲ་གཉེན་ངོ་མི་འཕྲོད།།
ལངས་ན་སྤྱི་དཀྲུགས་ཉལ་ན་སྒེར་དཀྲུགས་པའི།།
རྒྱུ་འབྲས་བློ་མིག་ཞར་བའི་ལོང་བའི་ཁྱུ།།
གཤིན་རྗེའི་སྒོ་ཁར་འགྲིམས་པར་བག་མི་ཚ།།
ཕ་མ་བཟང་པོའི་བསླབ་བྱ་སེམས་ན་མེད།།
དགེ་རྒན་བཟང་པོའི་ལམ་སྟོན་སྙིང་ལ་མེད།།
གཉེན་ཉེ་བཟང་པོའི་ཁ་ཏ་ཁོག་ན་མེད།།
ཟློས་གར་འཁྲབ་སྟངས་དེ་ལས་ཝ་ལེར་རྟོགས།།
ཆོས་གྲྭར་ཉོན་མོངས་དུག་གསུམ་འཕེལ་ཞིང་རྒྱས།།
སློབ་གྲྭར་ལེ་ལོ་འདུ་འཛི་མགྲོན་དུ་བསུས།།
སྤྱི་ཚོགས་ཁུར་པོ་ལྕི་བའི་དུས་ངན་འདིར།།
གཏི་ཐུག་བླུན་པོའི་ཁྱུ་ཚོགས་ཁུར་པོ་ཉིད།།
ཆོས་སྒོར་ཞུགས་དུས་སྲིད་ལ་ཐེ་གཏོགས་བྱས།།
སྲིད་སྟེགས་འགྲིམས་དུས་ཆོས་ལ་ཇུས་གཏོགས་བྱེད།།
ཌ་རུའི་རྗེས་འགྲོ་བ་གླང་དམར་པོའི་རིགས།།
སྤྱི་ཚོགས་བཤན་པའི་ལག་འོག་འཚང་ཁ་ཆེ།།
སྨྱུག་རྩེ་རྣོན་པོས་སྤུ་གྲི་བག་ལ་བསྙལ།།
བློ་སྙིང་བྲང་གསུམ་གཤགས་པར་སྙིང་རྗེ་བྲལ།།
འཆི་བདག་གཤིན་རྗེའི་གྲོགས་སུ་མ་འབོད་ན།།
འཇིག་རྟེན་གོ་ལ་འདི་ཡི་གད་སྙིགས་ཡིན།།
སྣ་མང་བརྗོད་བྱའི་ཕུང་པོས་ནམ་མཁའ་ཁེངས།།
ཡིད་འཇེབས་རྗོད་བྱེད་ཚིག་གི་མུ་གེ་བྱུང་།།
བརྗོད་བྱ་རྗོད་བྱེད་ས་གནམ་གྱེས་གྱུར་པས།།
ཨུ་ཚུགས་རྩོམ་འབྲིའི་ལས་འདིར་ཡིད་རེ་སུན།།
ཚིག་གི་འགྲམ་ལྕག་ཚ་པོ་ང་ཡིས་གཞུས།།
དོན་གྱི་ན་ཟུག་ལྕི་པོ་ཁྱེད་ལ་ཕོག།།
ཇི་སྲིད་ན་ཟུག་མ་དྲག་དེ་སྲིད་བར།།
སྐུ་རླུང་སྲོག་རླུང་རིགས་ལ་ཐུགས་གཟབ་མཛོད།།