ཀླུ་སྨྱོན།
་་་་་་་་་་་་་་་་་་་་་་་་་་་་་རང་ལ་བྲིས་པ།
༡
སྤྲིན་ནག་དང་གློག་ཞགས་འདྲེས་མས་རྫ་ཆེན་གྱི་སྐྲ་གསེབ་དང་བྲང་གཞུང་། ད་དུང་བརླ་སྒང་གི་དྲོད་ཁོལ་མྱོང་དུས། འགྲུལ་བཞུད་ཀྱི་གཏམ་རྒྱུད་རབ་རིབ་ཅིག་གི་བརྗོད་བྱ་སྟེ། ཁྱོད་རང་ཟླ་དགུ་ཞག་བཅུའི་ཉེས་ཆད་ལས་ཐར་བའི་བཙོན་མ་ཉམ་ཐག་ཅིག མི་ཡུལ་འདིར་ཆེས་ཐོག་མར་གྱེར་བ་ནི་ཞི་འཇམ་གྱི་ངུ་སྐད་ཡིན་པས། ཁྱོད་ཀྱི་མི་ཚེའི་འགྲུལ་བཞུད་རིང་མོར་དགོད་སྒྲ་འབུས་སམ། སྨྲེ་སྔགས་བཞད།
༢
ཨ་མས། ལོ་གཅིག་གི་རྗེས་སུ། ཁྱོད་ལ་ནུ་བོ་ཆུང་ཆུང་ཞིག་བཙས་པས། ཁྱོད་ཀྱིས་འབྲི་མོའི་འོ་མ་བླུགས་པའི་རྭ་ནུ་ཆུང་ཆུང་ཞིག་ལ་འཇུས་ཏེ་སྦྲ་ནག་གི་ཁོར་ཡུག་ཏུ་གོག་མ་ནུར་གྱི་འགྲུལ་བཞུད་ཐེངས་མང་བྱས། དེ་དུས་ཁྱོད་ཀྱི་རྐང་རྗེས་ཆུང་ཆུང་དེ་མེ་ཏོག་གི་འདབ་མ་ཞིག་གི་ཆེ་ཆུང་ལས་མེད་ཅེས་ལོ་ངོ་དུ་མའི་རྗེས་སུ་ཨ་མས་གླེང་།
༣
གཅེན་གཅུང་གཉིས་དང་ཁྱོད་རང་། ཕ་རྒན་གྱི་དགུན་སླག་ཆེན་པོ་དེའི་ནང་། སྦྲ་ཁ་ཚུབ་ན་འཚེར་བའི་རྒྱང་རིང་གི་སྐར་མ་བརྩིས་ཤིང་། ལན་རེར། ཨ་མས་སྒྲོལ་མ་འདོན་བཞིན་ཁྱོར་ཚོར་ཞལ་ཕུ་རེ་བརྒྱབ་ཚེ་མེ་ཏོག་དང་ལུ་གུ་མང་བའི་རྨི་ལམགྱི་ཞིང་ཁམས་ཤིག་ཏུ་འགྲུལ་བཞུད་བྱེད་ཆོག་ཆོག་ཡིན་ཡ།
༤
རྩྭ་ཐང་གི་སྦྲ་གུར་སློབ་ཆུང་འགྲིམས་ཏེ་དབྱངས་གསལ་གྱི་མེ་ཏོག་འཐུ་བའི་ཁྱོད་རང་། ཞོགས་པའི་སྨུག་ཞགས་ཁྲོད། འོ་དྲི་འཐུལ་བའི་རྨི་ལམ་ཁྲོད། ཕུགས་བསམ་གྱི་ཀློང་དུ་འགྲུལ་བཞུད་བྱེད་པར་བྲེལ་ཞིང་། དགོང་ཁའི་མཚམས་སྤྲིན་ཁྲོད། གཡང་དཀར་གྱི་འབའ་སྒྲའི་ཁྲོད། ལྷ་སྒྲུང་གི་འཇིག་རྟེན་དུ་འགྲུལ་བཞུད་ཀྱི་ཟིན་ཐོ་བརྩེགས།
༥
འབྲུ་བཅུད་སྨིན་པའི་སྟོན་ཀའི་ཉིན་ཞིག ཆེས་མཐའ་མཇུག་གི་ཆར་ཟིམ་འབབ་པའི་ཉིན་ཞིག ཁྱོད་ཀྱི་རྐང་རྗེས་གཏན་སྡོད་སློབ་ཆུང་ཞིག་གི་ཁོར་ཡུག་ཏུ་བཞག་ཅིང་། ཤེས་ཡོན་གྱི་སྦྱངས་འབྲས་ལེགས་པར་དགེ་རྒན་གྱི་འདང་རྩིས་ཆེ། བྱ་བྱེའུ་གྲངས་མེད་བསད་དེ་ཕ་མའི་སེམས་ཁ་དཀྲུགས།
༦
ཕ་རྒན་གྱིས་ཨ་མའི་རེ་བ་བཞིན་སྡིག་ཅན་ཁྱོད་ཀྱི་རྣ་ལམ་དུ་ཨ་སྟག་ལྷ་མོ་དམྱལ་ཁམས་འགྲིམས་པའི་གནའ་སྒྲུང་བཀླགས། ཁྱོད་ཀྱོས་ཚ་གྲང་གི་དམྱལ་བ་དང་གཤིན་རྗེའི་མེ་ལོང་། ད་དུང་ལས་མཁན་གྱི་གྲི་མདུང་ཡང་མཐོང་བྱུང་། དུས་དེ་ནས། ཁྱོད་ཀྱིས་རང་ཉིད་དགེ་སྡིག་གི་རྒྱ་མར་འཇལ། མཛུབ་བར་གྱི་ཁྲག་དམར་བཀྲུས། ཚེ་སྲོག་གི་རིན་ཐང་རྟོགས།
༧
སྤྲིན་དཀར་དང་ལུག་ཁྱུ་འདྲེས་པའི་ཕ་ཡུལ་གྱི་རྫ་རི་སྨུག་པོའི་མགུལ་བར། ཁྱོད་ཀྱོས་དུང་སེམས་ཀྱི་མེ་ཕུང་དམར་པོ་ཞིག་རྩྭ་ཐང་གི་རྫི་གླུའི་ཆེས་གཏིང་ཟབ་སར་སྦར། དེ་ནི་ཁྱོད་ཀྱི་ན་ཚོད་དང་བག་ཆགས་ཀྱིས་བྲིས་པའི་མཛེས་སྡུག་གི་སྙན་ངག་ཅིག དྭངས་གཙང་གི་སེམས་བརྙན་ཞིག མ་སྨིན་པའི་སིལ་ཏོག་ཅིག གསེར་མདོག་གི་ལོ་འདབ་ཅིག མངར་སྐྱུར་གྱི་འགྲུལ་བཞུད་ཅིག
༨
གནག་སྣུམ་གྱི་སྐྲ་ལོ་དང་ན་ཆུང་མའི་བརྩེ་མདངས་ས་ལ་བསྙིལ་བའི་ཁྱོད་རང་། ཞི་འཇམ་གྱི་ཅོང་སྒྲ་འཕུར་བའི་ངུར་སྨྲིག་གི་འཇིག་རྟེན་ཞིག་ཏུ་གཤེགས། དེ་རུ་མཐོ་རིས་ཀྱི་ཐེམ་སྐས་ནམ་མཁའི་དབྱིངས་སུ་ཟུག་ཅིང་། སྡོམ་གསུམ་གྱི་ལྕགས་སྒྲོག་གིས་དུག་གསུམ་ལྗིད་ཀྱིས་མནན། དེ་རུ་འཁོར་བའི་གཏམ་རྒྱུད་ཀྱི་ཐོག་མའི་མ་ཕྱི་ཡོད་ལ། བདེ་ཆེན་མཁའ་འགྲོ་མའི་མཇུག་མཐའིོ་ཟུར་མིག་ཀྱང་མཆིས། དེ་རུང་སངས་རྒྱས་རློན་པ་བཞུགས་ཤིང་། ཉན་ཐོས་སྐམ་པོ་ཡང་འདུག
༩
ངེས་འབྱུང་རྫུན་མའི་སློག་ཧྲུལ་གྱོན་པའི་ཁྱོད་དང་ཁྱོད་ཀྱི་གྲོགས་པོ་ཚོ། འཁོར་བའི་གངས་ཐང་ན་འཁྱོར་བའི་མགྲོན་པོ་མགོ་འཁོར་ཚོ། སྡུག་བདེན་གྱི་ཁུར་བོ་ལྕི་བའི་རྒྱང་བཞུད་ཀྱི་མཇལ་བ་ཚོ། བག་ཆགས་ཀྱི་སྟོན་ལྗོངས་སེར་བའི་ཞིང་པ་རྣམ་དག དུག་གསུམ་གྱི་མགོ་སྦྲ་སྣུམ་པའི་འབྲོག་པ་དངོས་མ།
༡༠
གནས་དེ་རུ་ཁྱོད་ཀྱི་སྙན་ངག་ལ་མེ་ཏོག་དང་ཚེར་མའི་ལྷན་དུ་བཞད་ཅིང་། གནས་དེ་རུ་ཁྱོད་ཀྱི་སེམས་ཁམས་སུ་བརྩེ་དུང་དང་ཕམ་ཁ་མཉམ་དུ་འཕྱུར། གནས་དེ་རུ་ཁྱོད་ཀྱི་གངས་ཐང་སྙན་ངག་གིས་ཁེབས་ཤིང་། གནས་དེ་རུ་ཁྱོད་ཀྱི་རྩྭ་ཐང་མེ་ཏོག་གིས་གཏམས། གནས་དེ་རུ་ཁྱོད་ཀྱི་གྲིབ་མ་ནག་པོ་ཡོད་ལ། གནས་དེ་རུ་ཁྱོད་ཀྱི་རྨི་ལམ་དཀར་པོ་ཡང་ལུས་འདུག ཀྱེ། ཀླུ་སྨྱོན། ཁེར་རྐྱང་གི་འགྲུལ་བཞུད་པ།
༡༩༩༩སྤྱི་ཟླ་༦ཚེས་༥ཉིན་ལྷོ་བལ་རྒྱལ་སར།
ཡག་པོ་བྲིས་འདུག་
སྙན་པོ་བྲིས་འདུག
རྒྱ་གར་རོང་པའི་དྲི་ངན་ཨག་བཙོག་དེས་མ་བསླད་པའི་བོད་ཡུལ་རང་གི་དྲི་ཞིམ་མངར་སང་ཐུལ་ལེ་བ་ཞིག་བྲིས་གནང་འདུག། སྙན་མོ་བྱུང་བཀའ་དྲིན་ཆེ་ཞུ་བ་ཡིན། །
ཞང་ཞུང་སོགས་ཀྱི་སྐྱག་དྲི མེད་པར་བོད་སྐད་ཐོག་བྲིས་པར་དགའ་པོ་བྱུང་།
དོན་དག་ངོ་མ་ག་རེ་ཟེར་གི་ཡོད་ཧ་གོ་མ་སོང་།
མྱི་རྒས་སོང་ན་སྙན་ངག་ཀྱང་རྒས་འགྲོ་ཟེར་བ་སྐུ་ཞབས་ཀླུ་སྨྱོན་གྱི་སྙན་ངག་ནང་ལྟོས་དང་མཐོང་རྒྱུ་ཏོག་ཙམ་ཡོད་ས་རེད།
རང་མོས་སྙན་ངག་ཟེར་བ་འདི་འདྲ་ཞིག་ལབ་པ་རེད་་་་མི་རེར་གོ་མི་འདྲ་བ་རེ་ཡོང་གི་ཡོད་ཙང་འདི་རེད་ཅེས་ལབ་ཡ་ཁག་པོ་རེད། ངའི་གོ་བ་འདི་སྟེ་་་རྩོམ་པ་རང་གི་ཆུང་བྱིས་པའི་དུས་ནས་ད་ལྟའི་བར་དུ་མི་ཚེའི་བརྒྱུད་རིམ་རབ་རིབ་ཅིག་བསྟན་གྱིན་ཡོད་པའི་ཚོར་སྣང་བྱུང་།
ཨ་ཁུ་ཀླུ་སྨྱོན་ལགས། སྔོན་གྱི་སྙན་ངག་དང་དེང་གི་རྩོམ་ཡིག་གཉིས་མི་གཅིག་གིས་བྲིས་པ་ཨེ་ཡིན་འདོད་ཀི
ཁོ་བོ་ནི་ས་གྱར་བའི་སྤྲང་ཕྲུག་ཞིག་ཡིང་ཡང་། བོད་ཀྱི་རིག་གཞུང་ནས་ཕམ་ཁ་ཉོ་མྱོང་མེད་པའི་བོད་པ་གཙང་མ་ཞིག་དང་། རྩོམ་རིགས་དཔྱད་བརྗོད་སོགས་ལ་དེ་བས་ཇུས་ཏོག་འགོ་པ་ཞིག་ཡིན། དེར་བརྟེན་ཁྱེད་ཚོས་གོ་སྐབས་དེ་མི་གནོང་བ་མི་བྱེད་པའི་རེ་བར་ཆེ་།
ཨ་ཁུ་ཀླུ་སྨྱོན་གྱིས་རང་རྣམ་རང་མོས་བུ་མོའི་ངུ་ངག་་དེ་གོ་བདེ་དོན་འདུས་ཀྱི་སྙན་ངག་སྙན་མོ་བྲིས་འདུག