རེབ་ཐོག་མདའ།
ཁེར་རྐྱང་འགྲུལ་བཞུད་སྣེ་ལ་འཐམ་བཞིན་བདག་ནི་ཅིག་ལ་འགྲོ་བཞིན་ཡོད།།
ཀྱག་ཀྱོག་མི་ཚེ་གདོང་གིས་བསུ་བཞིན་ཟླ་གཅིག་གྱེས་ཕྱག་ཞུ་དགོས་པས།།
ཕ་གཞིས་དྲོན་མོའི་བརྩེ་བ་མེད་ཀྱང་ལོ་ངོ་བཅུ་ཡི་ཞེ་མདའདང་གིས།།
འཁྲེང་སེམས་ལྕི་མོ་ཁོག་ལ་སྦྲུམ་བཞིན་རྡ་སའི་རུ་ལ་ཞེ་རེ་ཐོགས།།
ཧི་མ་ལ་ཡའི་ཚ་བོར་འཁྲུངས་པའི་སྟོད་ཀྱི་གངས་རྒན་དྲན་བཞིན་དུ།།
ནགས་ཀློང་སྟུག་པོའི་ལྗང་མདོག་བོར་བའི་མྱ་ངན་མགོ་བོ་སྒུར་བཞིན་དུ།།
ཚ་བའི་གྲོང་གི་མྱི་ཡི་རི་མོ་མིག་གིས་རིག་རིག་སྤྱོད་བཞིན་དུ།།
ལྷོ་ཕྱོགས་རྒྱ་མཚོའི་གྲུ་ཁ་ཞིག་ལ་ཀ་ཁའི་ལས་དབང་གླེང་དུ་འགྲོ།
ཉི་མ་ཟླ་བ་ཕྲག་ལ་ཁུར་བཞིན་མི་ཚེའི་གཙང་བོ་བརྒལ་དགོས་ཀྱང་།།
རྒྱུ་དང་འབྱོར་བའི་གཡོག་ལ་རྒྱུག་བཞིན་བཅོས་མའི་འཛུམ་ཆུང་སྟོན་དགོས་ཀྱང་།།
གཞན་སྐད་མཁྲེགས་མོ་ངག་ལ་འཐུང་བཞིན་གཞན་ཡུལ་གྲོང་ནས་འཚོ་དགོས་ཀྱང་།།
ཕ་སྐད་གཙང་མའི་ཁ་ལྕེ་མི་བོར་དམ་བཅའ་སྙིང་ལ་བརྐོས་ནས་ཡོད།།
རྡ་སའི་རི་ལ་བྲལ་འདོད་མེད་པ་རྡ་སའི་རི་གྲོང་ཕྱུག་པས་མིན།།
རྒྱང་རིང་གྲོང་ལ་གནས་ཚང་གཡོར་བ་རང་གི་ཁུག་མའི་དོན་དུ་མིན།།
མི་རིགས་རྩ་དོན་བོར་ལ་ཉེ་བའི་ས་སྒང་འདི་ཡི་གྲུ་ཁ་ནས།།
མེ་རུ་སྦར་བའི་མི་བུ་དེ་ཚོར་དྲང་བདེན་གནས་ལུགས་འཆད་དོན་ཡིན།།
ཟླ་བ་གཅིག་གི་ཉིན་མཚན་བར་ནས་ཚ་བ་རུམ་ནས་འགྲོ་དགོས་ཀྱང་།།
རླངས་འཁོར་མེ་འཁོར་སྒམ་གྱིོ་ནང་དུ་སེམས་པ་ཕྱིར་ལ་ཐོག་བཞིན་དུ།།
མ་ཅང་ཀྲེ་ལའི་བོད་པ་ཚང་ལ་ཞག་གཅིག་གནས་ཚང་གཡོར་བཞིན་དུ།།
གངས་རིའི་བུ་ཆུང་དགའ་སྐྱོ་འདྲེས་མའི་ཁེར་རྐྱང་འགྲུལ་བཞུད་བྱེད་ཀི་ཡོད།།
ཕ་ས་ལྟ་བུའི་མཛེས་སྡུག་མེད་ཀྱང་སེམས་པ་སྐྱིད་པའི་རྡ་ས་ནས།།
གཞོན་པའི་ལང་ཚོ་རི་ནས་རྫོགས་ཀྱང་སྨྱུ་གུ་ཐོགས་འདིས་སེམས་པ་སྐྱིད།།
བྱ་བྱེད་འདུ་འཛིའི་འུར་སྒྲ་མང་ཡང་ཕ་ཡུལ་འདྲ་བའི་གནས་མཆོག་འདི།།
བྲལ་གདུང་ལྕི་མོ་སྙིང་ལ་སྒོམ་བཞིན་བདེ་མོའི་བརྡ་ཞིག་འཇོག་གི་ཡིན།།
ང་རང་སོང་བའི་ཉིན་ཞག་འདི་ཚོར་གྲོགས་དག་བདེ་བའི་སྨོན་ལམ་ཡོད།།
ང་རང་མེད་པའི་རྡ་སའི་གྲོང་གི་སྙིང་སྡུག་སེམས་པ་སྐྱིད་པར་ཤོག།
ང་རང་མེད་པའི་མི་རྐྱང་ཁང་པ་གྲོགས་པོའི་གནས་ཚང་ཉན་པར་ཤོག།
ང་རང་མེད་པའི་རྡ་སའི་གྲོང་གི་བོད་པའི་བསམ་དོན་འགྲུབ་པར་ཤོག།
ལྷོ་ཕྱོགས་རྒྱ་མཚོ་བཏུང་ཐབས་ཡོད་ན་ཅུང་ཙམ་ཁ་ལ་བཏུང་གི་ཡིན།།
སེར་འབྲས་དགའ་གསུམ་ལོ་རྒྱུས་ཤིག་ཀྱང་བླ་རྒན་ཞིག་ལ་འདྲི་གི་ཡིན།།
ཕ་ཡུལ་བོར་བའི་ལོ་ཟླ་འདི་ཡང་ཕྱི་ཡི་མྱི་ལ་འཆད་ཀི་ཡིན།།
མེ་ལྕེའི་ཁྲོད་ཀྱི་མི་བུའི་ངོ་གདོང་ཉིན་མཚན་ཁྲོད་ནས་དྲན་གི་ཡིན།།
ཕྱི་ལོ་༢༠༡༢་ཟླ ༡༡་ཚེས ༡༨་ཉིན་རྡ་རམ་ས་ལ་ནས།
འེ་ཁྱོད་ཀྱང་དཔའ་བོ་ཁེར་རྒྱུགས་བྱས་ན་འདོད་ནི་མིན་ནམ། གླེག་རྟགས་ཤིག་སྟོན་མི་ཉན།