སེར་ཤུལ་རིན་ཆེན་དོན་གྲུབ།
ང་ནི་འགན་འཁྲི་གླེང་རྒྱུར་དགའ། ཡིན་ཡང་རང་ཉིད་ཀྱིས་འགན་འཁྲི་ཁུར་ཐུབ་ཀྱི་མེད། ང་ནི་ཞིབ་འཇུག་བྱ་རྒྱུར་དགའ། རེད་དེ་རང་ཉིད་ལ་ཞིབ་འཇུག་བྱེད་ཐུབ་ཀྱི་མེད། འགལ་ཟླ་འདིས་རང་ཉིད་སྤྱི་ཚོགས་ཀྱི་ཞབས་ཞུ་པ་ལས་སྤྱི་ཚོགས་ཀྱི་ཟ་འདྲེར་འགྱུར་བཞིན་ཡོད། ང་ལ་ཡོད་པ་ནི་བྱེད་སྟངས་འདིར་ནོངས་འགྱོད་དང་རྗེས་སུ་རིག་པ་བསྒྲིམ་རྒྱུའི་དམ་བཅའ་འཇོག་རྒྱུ་ཙམ་ཡིན། དེ་རིང་ཡང་ངས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཞིབ་འཇུག་ལ་གཞོལ། དེ་རིང་ངའི་གོམ་སྟབས་གྲང་འཁྱག་གིས་བསྡམས་པའི་(རྡོ་རྗེ་གླིང་)དར་རྒྱས་གླིང་གི་ཁྲོམ་གཞུང་དུ་སྤོ་བཞིན་ཡོད། འདི་ཕྱོགས་སུ་ཡོད་པའི་བོད་པའི་གདོང་དབྱིབས་དང་གཟུགས་རིས་འདྲ་བའི་མི་ཚོགས་དག་མཐོང་ཐེངས་རེེར་ངས་ཁོང་ཚོ་ལ་ཅི་ཞིག་བཤད་འདོད་སྐྱེས། རེད་དེ། ཁོང་ཚོའི་སྐད་ནི་བོད་སྐད་མ་ཡིན་པར་རྒྱ་གར་སྐད་དང་། ཤར་བའི་སྐད། བལ་ཡུལ་གྱི་སྐད་གང་རུང་ཡིན་པས་ངས་བོད་སྐད་ནང་བཞིན་གྱི་ཁོང་ཚོར་གླེང་མོལ་བྱེད་ག་ལ་ཐུབ། ང་མཚོན་ན་དར་རྒྱས་གླིང་ཞེས་པའི་རྒྱ་བོད་འདྲེས་མའི་གྲོང་ཚོ་འདིར་བསླེབས་པ་དང་པོ་ཡིན་ལ་རྒྱ་གར་དུ་བསླེབས་པའི་མི་ལོ་བཅུ་ཕྲག་རིང་མཐོ་སྒང་བོད་ཀྱི་ས་ཆ་དང་འདྲ་བར་གྲང་ངར་ཆེ་ལ་རི་ངོས་གཟར་བའི་ས་ཆ་འདི་འདྲ་བར་མྱོང་རོལ་བྱས་པའང་དང་པོ་ཡིན། ས་མཐོ་རི་གཟར་དུ་ཚེ་སྲོག་ཐོག་མར་འབུས་པའི་གངས་ཕྲུག་ང་ལྟ་བུར་མཚོན་ན་ས་ཆ་འདིར་སྐྱིད་པའི་སྣང་བ་བར་མེད་དུ་བྱུང་ལ་རང་གི་དུང་ཞེན་གྱིས་གློད་མ་མྱོང་བའི་ཕ་ཡུལ་གངས་ལྗོངས་ཀྱི་དྲན་གསོ་དངོས་མ་ཞིག་ཀྱང་བྱུང་། འདི་ནི་ངའི་འགྲུལ་བཞུད་ཁྲོད་ཀྱི་ཚ་སོབ་སོབ་ཀྱི་མྱོང་བ་ཞིག་ཀྱང་ཡིན། ང་ལ་སེམས་ཁྲལ་ཞིག་བྱུང་བ་ནི་ང་ཚོ་བོད་གངས་ཅན་པ་ནམ་ཞིག་ན་འདི་ཕྱོགས་ཀྱི་བོད་མི་ཚོ་ནང་བཞིན་གདོང་རིས་དང་། གཟུགས་དབྱིབས། ཆས་གོས་སོགས་བོད་པ་དང་འདྲ་བ་ལས་རང་གི་སྐད་དང་། ཡི་གེ། མི་རིགས་ཀྱི་འདུ་ཤེས་སོགས་རྩ་ཡལ་དུ་ཕྱིན་མི་ཡོང་ངམ་སྙམ་པའི་སྔངས་སྐྲག་ཅིག་བྱུང་། དེང་སྐབས་ཤ་རུས་ཀྱི་རིགས་རྒྱུན་མ་གཏོགས་དོན་ངོ་མའི་ཆ་ནས་མི་རིགས་གཞན་དུ་འགྱུར་ཟིན་པའི་བོད་མི་འདི་ཚོ་ཡང་དེ་སྔོན་དེང་གི་རྒྱལ་ཁབ་འདྲ་མིན་དུ་གནས་པའི་བོད་པ་ཚོ་ནང་བཞིན་སྤྱི་ཚོགས་གཞན་ཞིག་དང་། ཁོར་ཡུག་གཞན་ཞིག་ཏུ་རང་གི་བུ་ཕྲུག་གསོ་བཞིན་འཚོ་བ་སྐྱེལ་ན་བསྡད་ཡོད་ངེས། འདི་ལྟར་བསམ་དུས་དེང་སྐབས་ཡུལ་ལུང་སོ་སོ་ན་ཡོད་པའི་བོད་མི་ཚོར་མི་རིགས་གཞན་གྱི་གོམས་སྲོལ་གྱིས་མི་མངོན་པས་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཤུགས་རྐྱེན་འདིས་ག་ལེ་ག་ལེར་རྒྱལ་ཁབ་སོ་སོར་ཁ་འཐོར་བའི་བོད་མི་ཚོར་ཁྱབ་ན་དེ་ནི་བོད་མི་རིགས་ཀྱི་ཆེས་འཇིགས་སུ་རུང་བའི་ཉེན་ཁ་ཞིག་ཡིན། འདི་ལྟར་བསམ་ཞིང་བསམ་སྐབས་གང་མགྱོགས་བོད་མི་རིགས་ཀྱི་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་རྒྱུའི་རང་སྐྱོང་གི་གནས་བབ་ཐོབ་རྒྱུའི་དགོངས་འཆར་དེ་ནི་ངེས་པ་དོན་གྱི་བོད་མི་རིགས་ལ་གལ་གནད་ཆེ་བ་ཞིག་ཅིས་མ་ཡིན་སྙམ་པ་ཡང་ཡང་འཆར། འདི་ནི་འགྲུལ་བཞུད་ཀྱི་ཟིན་ཐོ་ཙམ་ཞིག་ཡིན། ༢༠༡༢/༣/༡ ལ་གྲང་ངར་གྱི་ལྷགས་པ་འུར་འུར་ལྡང་བའི་དར་རྒྱས་གླིང་དུ་བྲིས།།
འགྲུལ་བཞུད་རིག་པས་བསྐོར་བའི་སེམས་ཁྲལ་གྱི་གཏམ་ཞིག་སྤེལ་བར་བསྔགས་བརྗོད་ཞུ། རྒྱ་མིན་བོད་མིན་དེ་ཚོར་བལྟས་ནས། བོད་པ་ཚང་ལ་དེ་འདྲ་ཡོང་དྭོགས་བྱེད་པ་ནི་རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་རེད། བོད་ཀྱི་སྐད་དང་ཡི་གེ་ནི་བོད་པ་ཙམ་མ་ཟད་ཕྱི་རྒྱལ་ཆེས་མཐོའི་སློབ་གྲྭའི་སློབ་གཞིའི་ཁོངས་སུ་སླེབས་ཡོད། སྒོས་སུ། བོད་ཀྱི་སངས་རྒྱས་ཆོས་ལུགས་སོགས་རིག་གཞུང་ལ་ཆེད་ལས་མི་སྣའི་ངོ་བོར་བཞུགས་པ་དང་བཞུག་འདོད་ཀྱི་མི་སྣ་ས་སྟེང་ཁྱབ་ནས་ཡོད་པས་ཐུགས་ལྷོད་ལྷོད་གནང་། གྲོགས་པོ་ལགས།
བུ་བཀྲ་ཤིས་ལགས། དངོས་གནས་འཁྲུགས་འདུག མི་རིགས་རང་གི་རིག་གཞུང་མི་རིགས་རང་གིས་བཟུང་ན་མི་ཉམས་པར་ཡོང་ངེས་ཀྱང་ཕྱི་རྒྱལ་སྣ་ཆེ་ཁ་ཤས་ཀྱིས་བོད་ཡིག་སྦྱང་གི་འདུག བོད་ཀྱི་རིག་གཞུང་དར་ས་རེད་ཟེར་བ་ནི་བྱིས་པའི་གཏམ་འབའ་ཞིག་གོ། བསམ་བློ་ཡག་པོ་ཐོངས།
ཚོར་མེད་ཀྱི་ལབ་གླེང་འགའ་རེ་སྐྱུག་བཞིན་མི་ཚེ་ལྷོ་མཐའ་ནས་རྫོགས་པའི་ཨ་ཁུ་འདི་སྙིང་རེ་རྗེ་མི་ཤེས་ཤེས་མདོག་བྱེད་བཞིན་དོན་སྙིང་གི་ཁ་མདོག་མེད་པའི་བླ་རྒན་ངོ་ནག་ཅིག་ག་རེ་ཡིན་ན་་་་་་་་་་་་་་་་ཧ་ཧ་ཧ་བདག་འཛིན་བདེན་འཛིན་ཀུན་བརྟགས་ལྷན་སྐྱེས་་་་་་་་་་་་
གོ་མེད་ཚོར་མེད་ཟེར་བར་ཁས་ལེན་མེད། བདག་འཛིན་ཀུན་བཏགས་དང་ལྷན་སྐྱེས་ལ་དགོད་བྲོ་བའི་ངང་ཚུལ་བསྟན་པ་ནི་བོད་ཀྱི་རིག་གཞུང་ལ་མཐོང་ཆུང་བྱས་པ་རེད། འདི་ཁྱོད་ཚོས་སེམས་ཁྲལ་བྱས་པའི་དོན་སྙིང་རེད་དམ།