བཀྲ་ཤིས་དོན་འགྲུབ།
བསྟར་ལ་བསྒྲིགས་པའི་ཡིག་གཟུགས་དེ་ཚོ་ནད་འབུ་རེ་དང་འདྲ་བར
ངའི་ཀླད་པར་འཚང་སྟེ་རྡབ་གསིག་ཚོད་མེད་གཏོང་གི་འདུག
ལུང་པ་མཐའ་མེད་ཅིག་ནས ངས་མིང་ཚིག་དང་ཐ་སྙད་ཁྱུ་དང་ཁྱུ་བྱས་ནས་འདེད་དེ
ཉིན་དང་མཚན་རྨི་ལམ་དང་མངོན་སུམ་གང་ས་ནས་འགྲུལ་བཞུད་བྱས་མོད
གོམ་པའི་འདེགས་འཇོག་རེ་རེར་མདུན་ཕྱོགས་ཀྱི་ནམ་མཁའ་དང་གདོང་ཐུག་ཐེབས་འགྲོ་བས
མུ་མཐུད་དེ་འགྲུལ་བཞུད་བྱེད་ཐབས་བྲལ
ཁྱོད་ཀྱི་ཆུང་མ་དང་བུ་ཕྲུག་དེ་དག་ཁྱོད་ཀྱི་བཙོན་ཁང་ཡིན་ན
རས་གོས་དམར་པོ་འདི་དང་གཟུགས་མེད་ཀྱི་དངོས་པོ་འདི་དག
ང་རང་འཆིང་བྱེད་ཀྱི་ལྕགས་སྒྲོག་ཡིན་པར་མ་ཟད་ཞེ་འཁྲེང་ས་ཡང་ཡིན
དེ་བས ཁྱོད་དང་ང་ཡི་འཇིག་རྟེན་དེ་རི་བོའི་ཕ་རོལ་དང་ཆུ་མོའི་ཚུ་རོལ་ཡིན་ནམ
ཡང་ན ཁང་པ་གྲུ་བཞི་ཞིག་གི་ནང་བརྩིགས་ཡོད་པའི་ཁ་བྱང་མི་གཅིག་པའི་དཔེ་དེབ་གྲུ་བཞི་གཉིས་ཡིན
ངའི་སྙིང་ཉེ་ཤོས་དེ་ང་དང་འབྲལ་མེད་དུ་ཡོད་པའི་གྲིབ་གཟུགས་འདི་ཡིན་ནའང
གྲིབ་གཟུགས་འདི་དུས་ངེས་མེད་དུ་དུག་སྦྲང་ནག་རིལ་ཆེན་པོ་རེར་འགྱུར་ནས
ངའི་གཟུངས་ཁྲག་ཚོད་མེད་དུ་འཇིབ་པར་བྱེད་པས
གྲིབ་གཟུགས་འདི་དང་ཁ་མ་བྲལ་གྱི་བར་དུ
ང་རང་འཇིགས་སྐྲག་དང་དོགས་ཟོན་གྱིས་འཚོ་དགོས་པ་འདྲ
ལས་ཁུངས་ཟེར་བའི་ཁང་མིག་གཅིག་ནས
རྩེད་ཆས་དང་འདྲ་བའི་ཡིག་གཟུགས་མང་པོ་གོ་རིམ་བསྒྲིགས་ཏེ
རང་ཉིད་ཀྱི་གྲིབ་གཟུགས་འཚོལ་གྱིན
ཁྱོད་དང་ང་ཡི་བར་ཐག་འཚོལ་གྱིན
མུ་མཐུད་དེ་འགྲུལ་བཞུད་བྱེད་ཀྱིན
སྙན་ངག་ཟེར་བའི་ཐོན་རྫས་རེ་གསར་བསྐྲུན་བྱས་ཏེ
འཚོ་བ་ཟེར་བའི་འགྲུལ་སྐྱེལ་རླངས་འཁོར་འདི་ལ་ཞིག་བཟོ་ཞིག་བྱེད་ཐུབ་ན
ས་རུབ་དུས་ཀྱི་མུན་པ་ཡར་ཡོར་དེས་བདག་ལ་འཐུམ་བརྒྱབས་ནའང་འགྱོད་པ་མི་འདུག
ཀླད་པའི་ནང་ལ་འཚང་ཁ་ཤིག་ཤིག་གིས།།
འོང་བའི་ནད་འབུ་ཉེན་ཁ་ཚ་བ་དག།
གཅིག་གཅིག་གཉིས་མེད་དབྱུག་པ་ལེབ་རྡུང་གིས།།
ཤུལ་མེད་རྡུལ་དུ་མཛོད་ཅིག་བུ་རྒོད་པོ།།