་་་་་་་་་དྲེད་པོ་ཧོར།
སྤྱི་སྤྱོད་རླངས་འཁོར་མདུན་ནས་མདུན་དུ་རྒྱུ།།
མདུན་གྱི་ལམ་ནག་མཐའ་ནས་མུ་ལ་ཟུག །
ཡུལ་ལུང་ཞིང་ཐང་ནམ་མཁའི་མཐའ་དང་འབྲེལ། །
གནམ་གྱི་མཐོངས་ན་སྤྲིན་དཀར་དར་བཞིན་ཆགས།།
ཁྲི་གདུགས་ཉི་མ་སྤྲིན་དཀར་གསེབ་ནས་ཤར།།
འོད་ཀྱི་དྲོད་རླབས་འགྲུལ་འཁོར་སྒང་ལ་ཕོག །
ཐོག་ཁའི་ལྕགས་ཤོག་དྲོས་པའི་ཚ་རླབས་ཀྱིས།།
འགྲུལ་པ་རྒན་པོའི་གདོང་ནས་ཐིགས་པ་འཛར། །
དྲི་གཞོན་རླུང་བུ་སྒེའུ་ཁུངས་བར་ནས་ལྡིང་།།
རྒྱ་གར་བུ་མོའི་སྐྲ་ལོ་རླུང་གིས་བསྒུལ།།
སྐྲ་ལོའི་རྒྱབ་ཏུ་དཔྱངས་བའི་མེ་ཏོག་དྲི།།
སྣ་ཡི་དབང་པོར་ཡང་ཡང་འཐུལ་ཞིང་གཡོ།།
ཧིན་གཞས་སྙན་པོ་སྒྲ་སྒམ་སྦུག་ནས་གྲགས།།
ལུས་སེམས་མ་ལུས་དབྱངས་ཀྱི་ཀློང་ལ་བསྐྱལ།།
ཕོ་མོ་རྒན་གཞོན་མེད་པར་འགྲུལ་པ་རྣམས།།
གཞས་ཀྱི་གདངས་དང་འགྲོགས་ཏེ་མགོ་སྐེ་ལྡེམ།།
ཁ་ཆེ་རྒན་མོས་རས་ནག་གཡང་ཤམ་གྱོན།།
ཧིན་དྷི་སྐྱེས་པའི་དཔྲལ་བར་ཚོན་གྱིས་བྱུགས།།
ཆོས་ལུགས་ཆས་གོས་མི་རིགས་སོ་སོ་ཡིས།།
འགྲུལ་འཁོར་དམར་པོ་ཧྲིལ་གྱིས་ཁེངས་ནས་འདུག།
སྔོ་ལྗངས་དབྱར་གྱི་དཔལ་ཡོན་དགུང་ལ་འཕྱུར།།
མཐའ་ཡི་ཞིང་ཐང་སྙེ་མས་ཡོངས་སུ་བལྟམས།།
ལམ་གྱི་ཟུར་ནས་ལྗོན་པས་གྲལ་བསྒྲིགས་ཏེ།།
བསུ་མའི་ཟོལ་གྱིས་ཡལ་འདབ་གཡོ་བར་བྱེད།།
གཅེས་པའི་རང་ཡུལ་རྒྱང་རིང་ཡུལ་དུ་ལུས།
རྒྱུས་མེད་མི་ཡུལ་ལྷོ་མཐའི་ལམ་མཐུལ་དུ།།
ཆ་མེད་འགྲུལ་པའི་ཚོགས་དང་ལྷན་ཅིག་ཏུ།།
སྟབས་བདེ་འགྲུལ་བཞུད་ཐུང་ཐུང་འདི་ལྟར་འདས།།
༠༧/༠༦/༢༠༡༦