སྐབས་རེ་གྲང་བའི་ལུས་པོ་འདར་ཞིང་གཡོ། །སྐབས་རེ་ཚ་བས་རྔུལ་ནག་འཐོན་པར་བྱེད།།
ཉིན་སྲིབ་རི་གྲོང་གཅིག་གི་འཁོར་ཕྱོགས་ཀྱིས། །མི་རྟག་རྣམ་འགྱུར་རེས་མོའི་འཕྲུལ་བཞིན་སྟོན། །
གཅེས་པའི་ལུས་ཀྱི་རྣམ་འགྱུར་མི་བརྟན་བཞིན། །ནང་གི་སེམས་ལ་གསང་བ་ཟབ་མོ་སྟེ །།
ཐམས་ཅད་ཕྱི་རོལ་སྐྱོན་ལ་རག་ལས་ན། །སེམས་ཀྱི་གཤིས་ལུགས་ལྟོས་མེད་མི་འགྱུར་བགྲོངས། །
སྐྱོ་བའི་ཤུགས་ལ་སྤྲོ་བའི་འཛུམ་མདངས་ཤིག །དགའ་བའི་མཇུག་ཐོག་སྡུག་གི་མུན་ནག་རེ།།
ལུག་གུ་རྒྱུད་དུ་འགྲོ་བའི་ཚོར་སྣང་འདི། །ཕྱི་རོལ་གཟུགས་སུ་མ་གྲུབ་རང་མྱོང་ཙམ། །
འཇིག་རྟེན་ཤར་ནུབ་སྐྱེ་འགྲོ་བདེན་བདེན་གྲུབ། །ངར་འཛིན་ལྕགས་ཀྱི་ཐག་པས་དམ་དམ་འཛིན།།
སྣང་ཡུལ་གཟུགས་དང་འཛིན་པ་ཟུང་འཇུག་གིས། །ཐམས་ཅད་འདི་ལྟར་འཐད་སྙམ་ཡིད་བློ་འཁྲུལ། །
ཆོས་ཀྱི་གྲགས་པའི་ཚུལ་གསུམ་གནམ་ལྕགས་ཐོག །ཀླུ་ཡི་དབང་པོའི་མཐའ་བྲལ་དཔག་ཆེན་མདའ། །
བདེན་འཛིན་ཡུལ་ལ་འཕངས་པའི་ཟིལ་ཤུགས་ཀྱིས། །འཛིན་སྟངས་སྒྱུ་མ་གང་གི་རང་བཞིན་སྟོན། །
སྡུག་དུས་སེམས་གསོ་གཏོང་བའི་མ་མ་དང་། །དགའ་སྤྲོའི་གྲོང་དུ་འགྲིམ་པའི་བརྩེ་གྲོགས་ཏེ། །
མདོར་ན་རྣམ་ཀུན་མཁོ་བའི་ཞི་བསིལ་ཆོས། །རིན་ཐང་ངེས་པ་རྙེད་པའི་སྐལ་བཟང་ཞིག །
སྐྱིད་ཆུའི་ལྷ་ཁང་མཇལ་བའི་སྣང་བརྙན་འདི། །དྲན་པའི་རྩིག་ངོགས་འདི་ལས་ཡལ་ཐབས་དཀའ།།
མི་རྗེ་སྲོང་བཙན་སྒམ་པོའི་མཛད་པའི་རྗེས། །ད་དུང་ས་མཐའ་འདི་ནའང་ཉམས་མེད་གནས།།
ཐིམ་ཕུག་རྒྱལ་སའི་སྙན་གྲགས་རྒྱང་ནས་ཐོས། །མངོན་སུམ་གྱུར་ལ་སོམ་ཉིའི་ཀློང་དུ་ཚུད།།
ཐོན་མི་ཨ་ནུའི་ཕྱག་རིས་བསུབ་དཀའ་ཡང་། །བྱིས་པའི་ལག་རྩེད་འགའ་ལ་ཞེ་ནས་སྐྱོ།།
ཐུབ་བསྟན་སྙིང་ནས་དད་པའི་རྒྱལ་ཁབ་འདིར། །བཀའ་བསྟན་རྟེན་དུ་གྱུར་པའི་ཡིག་རིགས་རྨོངས།།
ར་སྐད་ལུག་སྐད་བསྲེས་པའི་བྲིས་རྒྱུན་འདིས། །མི་རིང་ཀླ་ཀློའི་ཡུལ་དུ་འགྱུར་ངེས་སྙམ།།
བདེན་ཕུག་རྫུན་ལ་བཅོལ་བའི་འཇིག་རྟེན་ཁམས། །འདི་ཞེས་དོན་མཐུན་སྨྲ་སྒོའི་བསྒྲགས་གཏམ་གྱིས།།
ཡིད་བློ་འགུགས་པའི་རེ་བ་མ་མཆིས་ཀྱང་། །གང་ཤར་སོར་མོ་འགུལ་འདི་ཁོ་བོའི་ལས།།
སྣ་ཚོགས་རྟེན་འབྱུང་རིག་པའི་འཆར་སྣང་ལས། །འཛིན་སྟངས་དངོས་འགལ་འདི་ཡིས་ཕུང་ན་ཡང་།།
རྩ་བྲལ་སེམས་ཀྱི་དེ་ཉིད་མ་མཐོང་བས། །རེ་ཞིག་ཚོགས་དྲུག་འདི་ལ་ཡིད་རྟོན་བྱེད།།
རེ་དོགས་སྒྱུ་མ་འབུམ་གྱི་ཁང་བཟང་དུ། །དབང་མེད་ལས་ཀྱི་བུ་ཆུང་ངལ་ཞིང་དུབ།།
ཡིན་རློམ་ན་ཆུང་མཛེས་མའི་གཡོ་རྫུན་འོག །ད་དུང་འགྲོ་ལྔ་འདི་ལས་ཐར་བར་དཀའ།།
ཕྱི་རུ་མཛེས་པའི་ངུར་སྨྲིག་རྒྱལ་མཚན་གྱིས། །དྲང་སྲོང་ཆེན་པོའི་རྗེས་སུ་སྙེག་འདྲ་མོད།།
ནང་དུ་དུག་གསུམ་ཕུང་པོའི་འགྱིང་སྟངས་ཀྱིས། །དམྱལ་མེ་བུད་ཤིང་ཁྲལ་དུ་བབ་པ་འདྲ།།
སྙན་ངག་སྙན་པོའི་དབྱངས་སུ་མ་གྱེར་ཞིང་། །སྡེབ་སྦྱོར་སྡེབ་པའི་ཁྲིམས་དང་མ་འགལ་བར།།
རང་མྱོང་རང་གི་སྨྱུ་གུའི་རྩེ་མོ་ནས། །སེམས་པ་སེམས་ཀྱི་འཁོར་ཕྱོགས་རིས་སུ་ཕབ།།
ཚ་བའི་རོང་དུ་གོམས་པའི་ལུས་པོ་འདིས། །འབྲུག་ཡུལ་དགུན་གྱི་ལྷག་པའི་དབལ་ལ་འགྲན།།
སེམས་ཀྱི་ཚོར་སྣང་བརྗོད་རྒྱུ་མ་རྫོགས་ཀྱང་། །རེ་ཞིག་མལ་ས་འདི་ལ་ཡིད་སྨོན་ཤོར།།
སྤྱི་ལོ་༢༠༡༡ཟླ་བ་༡ཚེས་༣༠དགོན་མོར་འབྲུག་གི་སྤ་གྲོ་སྟག་ཚང་ནས་རྒྱལ་ས་ཐིམ་ཕུག་ཏུ་འབྱོར་མ་ཐག་བཀྲ་ཤིས་བདེ་ལེགས་མགྲོན་ཁང་དུ་གྲང་རེག་གིས་ལག་འདར་བཞིན་འབྲོང་ངུར་ཕོ་ཉས་སྦྱར་བའོ།།
བོད་གཡག་འདིའི་སྤར་མཐོང་དུས། ངའི་ཨ་མ་བྲོག་མོ་དྲིནཅན་གྱིས། ང་ཆུང་དུས་སུ། སེམས་ཅན་དུད་འགྲོ་དྲིན་ཆེན་ཚོ་ཟེར་ས་དེ་དྲན་བྱུང་། བོད་ཀྱི་ཕྱུགས་རིགས་འཕེལ་རྒྱས་དང་། ཚེ་རིང་ཚེ་ཐར་ཡོང་བའི་སྨོན་ལམ་ཡོད།
གཡག་དེ་ནི་ངོ་མ་ཟང་གི
ར་རྩེ་དེ་ཡི་རྣོ་ལུགས་ལ
ཕ་ནི་འབྲོང་རྒྱུད་ཞིག་ཡིན་པ་འདྲ།
འོག་གི་སྤུ་དེ་ཡི་མང་ལུགས་ལ།
མ་རྒྱུད་སེང་གེ་ཡིན་པ་འདྲ།
ཐོད་པ་དེ་ཡི་དཀར་ལུགས་ལ།
ལས་མ་དག་པ་ཞིག་ཡིན་ངོ་འདུག
ཤ་ཤེད་དེ་ཡི་རྒྱས་ལུགས་ལ།
རང་སྲོག་ཤོར་བའི་རྟགས་སུ་འདུག
ཡག་པོ་ཞེ་དྲག་བྲིས་འདུག
ཕྱོགས་མེད་རྩོམ་གྲོགས་རྣམ་པར་མཚམས་དྲི་དང་ཁོ་བོའི་རྩོམ་འདི་བཀླགས་པ་དང་མཆན་བུ་བཏབ་པར་དགའ་བསུ་ཡོད་ལགས་
འབྲུག་ཡུལ་དེ་ངོ་མ་ཁྱད་མཚར་ཞིག་ཡོད་པ་འདྲ། འབྲོང་ངུར་ལགས་དེར་སླེབས་པ་ཙམ་གྱིས་མི་རྟག་སྟོང་ཉིད་ཀྱི་ཉམས་ཤར་མགུར་གླུ་དེ་འདྲ་ཐུགས་ལ་འཁྲུངས་འདུག གནས་བྱིན་ཅན་ཞེས་པ་ཕལ་ཆེར་དེ་འདྲ་ཡིན་པ་འདྲ། གནས་དེར་སླེབས་ཚེ་དེ་འདྲའི་ཉམས་སྣང་འཆར་གྱི་ཡོད་ན། ང་ཡང་ཐེངས་གཅིག་འགྲོ་འདོད།
འབྲོང་ངུར་ལགས་ཀྱིས་གཡག་གི་དཔར་དེ་རྩོམ་མགོར་ཅིའི་ཕྱིར་བཀོད་མིན་རྒྱུ་མཚན་མ་ཤེས། འབྲེལ་བ་ཅི་ཞིག་ཡོད་དམ། ཁྱེད་ཀྱིས་གཡག་རྒོད་དེའི་རྒྱབ་མདུན་གྱི་གནས་ལུགས་འབྲེལ་བཤད་ཅིག་གནང་ན་འགྲིག་གམ།
ངས་བལྟས་ན་གཡག་ཉམ་ཆུང་དེ་དང་ཁྱེད་ཀྱི་རྩོམ་ཡིག་རྫིག་པོ་དེ་གཏན་ནས་མཚུངས་མ་སོང་།