རྔ་བ་ཀུན་བཟང་།
རྡ་ས་ནི་རི་མཐོ་ས་གཙང་གི་བོད་ཆུང་ཆུང་ཞིག་ཡིན་ཟེར་ན་ཆོག་གི ། དེ་སྔ་གནས་འདི་ན་ཡུལ་སྐོར་དང་འགྲིམ་འགྲུལ་མཁན་ཧ་ཅང་མང་བས། ལྷོད་ལྷོད་བྱེད་ནས་བསྡད་ས་ལ་དེ་ཙམ་སྟབས་བདེ་མེད་པས། དམིགས་སུ་བཀར་ཏེ་ལོ་མང་པོ་བསྡད་མྱོང་མེད་མོད། ཚོགས་འདུ་དང་གུང་སེང་ཞོར་ལ་བསླེབས་པ་མ་གཏོགས་འགྲོ་བ་ཉུང་ཉུང་ཡིན།
སྐད་ཆ་དྲང་མོར་བཤད་ན་ངས་དེ་སྔ་རྒྱུས་ཡོད་པའི་འཚིག་ཇ་ཁང་དང་དཔེ་དེབ་ཁང་། ཇ་ཁང་། ཆང་ཁང་། མཚན་ཚོགས་ཁང་སོགས་དུ་མ་ཞིག་སྒོ་བརྒྱབ་པ་འདྲ། མི་མེད་ལུང་སྟོང་དུ་འགྱུར་བའི་རྡ་ས་ཁྱེད་མཐོང་དུས། ད་གཟོད། མི་ལོ་དུ་མའི་ཡར་སྔོན་གྱི་རྡ་ས་དྲན། སྐབས་དེ་དུས་ང་སློབ་ཆུང་གི་སློབ་མ་ཡིན། ཨ་བོའི་ནང་ལ་དགུན་ཁའི་གུང་སེང་ལ་ཡོང་གི་ཡོད།
དྲང་པོར་བརྗོད་ན་སྐབས་དེར་རྡ་སའི་སྲང་ལམ་ནི་འཚང་ཀ་ཤིག་ཤིག་དང་། ཡར་མར་འགྲོ་མཁན་ས་ཐོག་གི་འབའ་འབུ་ལྟར་ཡིན། ལྷག་པར་ཏུ་བོད་པ་མང་། མདོ་དབུས་ཁམས་ཀྱི་མི་མང་བས་ནམ་ཡིན་ན་རྡ་ས་ལ་སླེབས་དུས། བོད་ལ་སླེབས་པའི་ཚོར་སྣང་སྐྱིད་པོ་ཞིག་ཡོད།
ལམ་ཁ་གཡས་གཡོན་ན་བོད་པའི་ཚོང་པ་ཆུང་ཆུང་རྣམས་ཀྱི་ཁམས་སྐད་དང་ཨམ་སྐད་དབུས་སྐད་རེ་བཤད་ཡོང་དུས། ད་གཟོད་སེམས་ནང་བརྗོད་དཀའ་བའི་དགའ་སྣང་དང་། རྒྱང་རིང་ན་ཡོད་པའི་སྤུན་ཟླ་རྣམས་ཡིད་ལ་དབང་མེད་དུ་དྲན། དེ་ནི་ཕལ་ཆེར་ངའི་འདས་ཟིན་པའི་རྡ་སའི་ཚོར་སྣང་སྐྱིད་ཤོས་དང་། ནམ་ཡང་བརྗེད་དཀའ་བའི་རྨི་ལམ་ལྟ་བུའི་བོད་ཆུང་ཆུང་དེ་ཡིན།
འོན་ཀྱང་། དེ་རིང་ངས་དེ་ལྟར་རྡ་སའི་སྲང་ལམ་ནས་རེ་རེ་བཞིན་ཞིབ་ལྟ་ཞིག་བྱེད་དུས། དེ་སྔ་ཡོད་པའི་རྡ་ས་ཧ་ལམ་འགྱུར་ཟིན་པར་འདྲ། ལྟོས་དང་། གསུམ་མདོ་གན་གྱི་ཟུར་ན་ཡོད་པའི་ཁམས་སྐད་བཤད་མཁན་གྱི་ཨ་མ་མོག་མོག་ཚོང་མཁན་དེ་དང། ཆོལ་གསུམ་ཇ་ཁང་། ཨ་མདོའི་བག་ལེབ་ཚོང་མཁན་ཨ་ཅ་དམར་རེ། བོད་ལ་གྱོན་པའི་ཚོང་པ་རྣམས། སྐྲ་རིང་གི་གསར་རྒོད་རྣམས་མཐོང་ས་མི་འདུག།
ད་དུང་། ཚོང་ཁང་དང་། ཇ་ཁང་། ཟ་ཁང་སོགས་སྔར་ཡོད་ཀྱི་གནས་དག་ལ་རྒྱ་གར་བ་ཏག་ཏག་མཐོང་ཡོང་དུས། གློ་བུར་ཏུ་ཕ་ཡུལ་དྲན་གི། གཅིག་བྱས་ན་ངའི་བྱིས་དུས་ཀྱི་བག་ཆགས་དང་འབྲེལ་བ་ཟབ་མོ་ཡོད་ཀྱི་རེད། གང་ལྟར་དེ་རིང་འགྲོ་ཁ་རྡ་ས་ལ་ཕྱིར་མིག་ཞིག་ལྟ་དུས། རང་སེམས་ལ་བརྗེད་དཀའ་བའི་སྐྱོ་སྣང་ཞིག་བྱུང་ལ། འདས་ཟིན་པའི་རྡ་སའི་སྤུན་ཟླ་རྣམས་ཡིད་ལ་ལྷང་ལྷང་ངང་དྲན་ཞོར་ལ། འགྲུལ་སྐྱེལ་རླངས་འཁོར་ནང་ལ་འཛུལ་དགོས་བྱུང་ཐལ།
རྔ་བ་ཀུན་བཟང་།
2021/8/21
ཞེ་གི་སྙན་གི
རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་དང་དེ་གའི་མི་མང་ང་ཚོ་བོད་གཞུང་དང་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་རེད། བོད་མི་ཁ་ཤས་ཀྱིས་མི་གཞན་ལ་ཟུར་ཟ་དང་བརྙས་བཅོས་ཐུབ་ཚོད་བྱེད་པའི་བྱ་སྤྱོད་འདི་ཧ་ཅང་ཐབས་རྡུག་པ་དང་མ་རབས་སྡུག་ཆག་རེད། ཁོའམ་ཡང་ན་མོ་བོད་པ་གཙང་མ་མ་རེད་ཟེར་བ་འདི་རྒྱུན་ལྡན་མིན་པའི་སྐད་ཆ་རེད།མི་སེམས་ལ་ཧ་ཅང་ཕོག་གི་རེད། དེང་སྐབས་བོད་པ་དང་ཕྱི་རྒྱལ་བ་གཉེན་སྒྲིག་པའི་མི་མང་པོ་ཡོད། གཏམ་གླེང་དང་སྤྱོད་ཚུལ་ལ་དོ་སྣང་བྱེད་དགོས། ཁ་ནས་ ༧སྤྱི་ནོར་༧ གོང་ས་མཆོག་ཟེར་དགོས་དོན་ཅི་ཡིན། ཁ་ནས་བྱང་ཆུབ་སེམས་དཔའ།ལག་ནས་མ་ཎི་འདྲེན་དོན་འདི་ཅི་ཡིན། མི་ལ་མགོ་སྐོར་གཏོང་བ་དང་རང་གིས་རང་ལ་མགོ་སྐོར་གཏོང་བའི་གོམས་སྲོལ་འདི་ངེས་པར་བཀག་འགོག་བྱེད་དགོས།
ཚོར་སྣང་དེ་ལྟ་བུ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་བྱུང་། བོད་པ་ཙམ་མ་ཟད་རྒྱ་གར་བ་ཡང་བོད་སྐད་བདེ་པོ་འདུག
ཀློག་པ་པོ་ཡོངས་ལ་ཁ་དྲོད། ཨརྱ་ལགས་དེ་བས་བཀའ་དྲིན་ཆེ།