བོད། ལྷ་ཀླུ་གཉན་གསུམ།
འགྲོ་བ་མི་ཟེར་ནས་འོང་དུས། འཛམ་གླིང་འདིར་སྐྱེ་བའི་འགུལ་བསྐྱོད་ཅན་གྱི་ནུས་པ་ལྡན་པའི་སྲོག་ཆགས་གཞན་དག་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། དེ་ནི་ཟ་ཤེས་པ་དང་འཐུང་ཤེས་པ། ཉལ་ཤེས་པ་དང་འགྲོ་ཤེས་པ་ཙམ་མ་ཡིན། མཐོ་རིམ་སྲོག་ཆགས་ཤིག་སྟེ། འགྲོ་བ་མི་ཞེས་པའི་ཀླད་པའི་འཁོར་ནུས་ལ་འབུར་ཐོན་རང་བྱུང་གི་ཁྱད་ཆོས་ཡོད་པ། བདེ་སྡུག་རང་བྱུང་གི་དགོས་འདོན་ཆེ་བ། སྨྲ་ཤེས་པ་དང་དོན་རྟོགས་པ་ཞིག་ཡིན་དུས། སྐད་ཡིག་དང་གོམ་གཤིས་གང་དུ་སྐྱེ་བའི་མི་རིགས་སུ་ཞིག་ཡིན་ཡང་། འགྲོ་བ་མི་ཞེས་པའི་ཐོབ་ཐང་དེ་ཉིད་ལོང་སྤྱོད་བྱེད་པའི་བདག་དབང་སྐྱེ་བ་ནས་འཆི་བའི་བར་དུ་ཡོད་དགོས་པ་ཡིན་ལ། དེ་དག་མེད་པར་གཏོང་མཁན་གྱི་སྐྱེ་བོ་སྒེར་དང་གཞུང་། ཚོགས་པ་སྐྱིད་སྡུག་སོགས་གང་ནས་བྱུང་ན་དེ་དག་ལ་བདེན་པ་ཁུངས་ཐུབ་ཀྱིས་ལན་འདེབས་དང་རྩོད་ལེན་བྱེད་རྒྱུ་དེ་ཡང་འོས་སུ་ཡོད་པ་དང་། དེ་དག་བྱེད་མཁན་དག་ལ་བདེན་པ་དང་དྲང་བདེན་ལ་དགའ་བའི་སྐྱེ་བོ་གང་ན་སུ་ཡོད་པ་དེ་དག་གིས་ཀྱང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་ཆགས་ཡོད་ལ། དེ་ལྟར་མ་བྱས་པ་ཡིན་ན་ནི། རང་ཉིད་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དེ་ཙམ་གྱིས་གཞན་གྱི་ཐོབ་ཐང་ལ་ཡ་ལན་མ་བྱས་པ་ཡིན་ན། མི་རིང་བར་གནམ་འོག་གི་ས་གནས་གང་དུ་ཡང་འགྲོ་བ་མིའི་རང་བྱུང་གི་ཐོབ་ཐང་གི་གོང་ཚད་ཆུང་ནས་ཆུང་དུ་གྱུར་ཞིང་། སྐབས་ཤིག་མེད་པར་ཆགས་དུས། འགྲོ་བ་མིའི་རྒྱུད་ཀྱི་རང་བྱུང་གི་བརྩེ་བ་དང་བྱམས་པའི་སྟོབས་དེ་ཡང་གཏན་ནས་མེད་པར་གྱུར་འགྲོ་བ་ཡིན་ལ། དེ་དུས་འགྲོ་བ་མི་ཟེར་བ་འདི་ཡི་མིང་དེ་ཡང་བརྗེ་བོ་བརྒྱབས་ནས། འགུལ་ནུས་ལྡན་པའི་དུད་འགྲོ་ལས་སྨྲ་ཤེས་པའི་དུད་འགྲོ་ཞིག་ཆགས་པ་ཡིན། དེ་ཡིན་དུས། ས་གནས་གང་དུ་སྐྱེ་བའི་སྐྱེ་བོ་སོ་སོའི་རང་རང་ནས་འགོ་བརྩམས་དེ་སྲིད་གཞུང་ངན་པའི་ཇུས་ངན་དང་གཡོ་འཐབ་ཁྲོད། རང་ཉིད་ཀྱི་མི་ཚེ་ཐུང་ཐུང་དེ་འགྲོ་བ་མིའི་རང་བྱུང་གི་གོད་ཆག་ལ་གཏོར་བཤིག་གཏོང་མཁན་གྱི་མི་ཚེ་ཆུད་ཟོས་སུ་མི་གཏོང་བར་རེ་འདུན་ཆེན་པོ་ཡོད།
ཡར་ཐོན་ཅན་གྱི་འགྲོ་བ་མི་ནི། །
འགྲོ་བ་མི་ལ་སྨྲ་ཤེས་ཡོད། །
འགྲོ་བ་མི་ལ་ཕན་སེམས་ཡོད། །
འགྲོ་བ་མི་ལ་གནོད་སེམས་ཡོད། །
འགྲོ་བ་མི་ལ་མཁོ་ཅི་་ཡོད། །
མཁོ་བའི་སྨྲ་ཤེས་དགོས་ཤིང་། །
མཁོ་བའི་བྱམས་སེམས་དགོས་ལ། །
མི་མཁོའི་གནོད་སེམས་མི་དགོས། །
མི་མཁོའི་གདུག་རྩུབ་མི་དགོས། །
འགྲོ་བ་ཡར་འགྲོ་དགོས་ཤིང་། །
འགྲོ་བ་མར་འགྲོ་འོས་མིན། །
མི་མཁོའི་གནོད་སེམས་མི་དགོས། །
མཁོ་བའི་བྱམས་བརྩེ་དགོས་འདུག །
ཡར་ཐོན་མི་ཁྱུས་ཁེངས་འགྱུར་ཅིག །