འཇམ་གཅེས།
ཟླུམ་གཟུགས་གོ་ལའི་ཁྱོན་འདིར་འཚོ་ཞིང་གནས་པའི་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་ནང་ནས་འགྲོ་བ་མིའི་རིགས་ནི་དགའ་སྡུག་གི་ཚོར་བ་རྣོ་ཞིང་། ལེགས་ཉེས་བླང་དོར་གྱི་གནས་ལ་འཇུག་པར་བྱེད་པའི་བློ་གྲོས་སམ་རྣམ་དཔྱོད་ནི་སྲོག་ལྡན་ཀུན་གྱི་ནང་ནས་ཆེས་ཕུལ་དུ་བྱུང་བ་ཡིན། དེ་བཞིན་དགའ་སྡུག་དང་རེ་དོགས། འགྲན་སེམས་དང་རྣམ་རྟོག་གིས་མཚོན་པའི་ཕན་གནོད་ཀྱི་བསམ་བློའི་འགྱུར་བ་སོགས་ཀྱི་རྣམ་གྲངས་ཀྱང་ཆེས་མང་ཤོས་སུ་གྱུར་ཡོད།
དེའི་ཕྱིར་སྐབས་འདིར་གང་གླེང་བར་བྱ་བའི་བརྗོད་བྱའི་སྙིང་པོ་ནི་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་བརྒྱུད་རིམ་ནང་དུ་མ་མཐའི་ཆ་རྐྱེན་ལྟ་བུ་སྟེ་ཀུན་སྤྱོད་ཀྱི་སྐོར་ནས་སྙིང་བསྡུས་ཤིག་ཡིན། དེ་ཡང་བོད་གངས་ཅན་པའི་ཡུལ་གྲུ་འདིར་མཚོན་ན་དམ་པའི་ལྷ་ཆོས་རིང་ལུགས་དང་འབྲེལ་བའི་རིག་གཞུང་གི་ཐད་ནས་བཤད་ན་རྒྱལ་བའི་ལུང་གིས་ཟིན་པ་དང་། སྙིང་རྗེའི་བདག་ཉིད་འཕགས་མཆོག་འཇིག་རྟེན་མགོན་པོའི་གདུལ་ཞིང་ཡིན་པས་མི་རྣམས་ཀྱང་ཆུང་བྱིས་པའི་དུས་ནས་གཞན་ཕན་གྱི་བསམ་བློ་སྟེ། བྱམས་སྙིང་རྗེ་སོགས་བརྩེ་བའི་སེམས་པ་རང་ཆས་སུ་མངའ་བ་དང་། མཚན་སྔགས་ཡི་གེ་དྲུག་མ་སློབ་མི་དགོས་པར་རང་ཤུགས་ཀྱིས་ངག་འདོན་བྱེད་པ་སོགས་སྒྲུང་གཏམ་དང་དངོས་བྱུང་གཉིས་ཀ་ནས་ཡ་མཚན་སྐྱེ་དགོས་པ་དང་ཡིད་སྨོན་ཤོར་དགོས་པ་སོགས་ཧ་ཅང་གཏིང་ཟབ་མོ་བཤད་རྒྱུ་ཡོད་ལ་དོན་དངོས་ཀྱི་ཐོག་ལ་བརྟགས་ཤིང་དཔྱད་ནའང་རྒྱུ་མཚན་དང་དཔང་པོ་གང་འཚམ་ཡོད་པར་འདོད།
ཡིན་ནའང་འདས་ཟིན་པའི་དུས་རབས་བཅུ་དགུ་པའི་ཡས་མས་ནས་འགོ་བཙུགས་ཏེ་གློག་ལྟར་མྱུར་བའི་འཇིག་རྟེན་ཁྱོན་ཡོངས་ཀྱི་འགྱུར་འགྲོས་ཀྱི་དབང་གིས་གོ་ལའི་རྒྱ་ཁྱོན་ཡང་རིམ་བཞིན་ཇེ་ཆུང་ལྟ་བུར་ཕྱིན་ཏེ་དེང་གི་དུས་སུ་འཛམ་བུ་གླིང་པའི་མི་རྣམས་ཀྱིས་ནི་རིགས་རུས་དང་དབུལ་ཕྱུག །མཆོག་དམན་སོགས་གང་གིས་ཀྱང་མཚམས་མི་གཅོད་པར། ཆབ་དཔལ་རིག་གསུམ། དམག་དོན་ཚན་རྩལ་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་གནས་ལ་རེ་བ་བྱེད་ཀྱིན་ཡོད་པ་ལྟར་དུས་རབས་ཉེར་གཅིག་པའི་འཇིག་རྟེན་འདི་ཡང་འགྲོ་བ་མིའི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར་ཡུལ་གྲུ་སོ་སོའི་ཆབ་དཔལ་རིག་གསུམ་ཡོངས་རྫོགས་རང་རང་གི་ཁོར་ཡུག་ལས་ཡོངས་སུ་བརྒལ་བཞིན་པ་དང་ལྷན་དུ། གདོད་མའི་རིགས་རུས་དང་ཡུལ་གོམས་གཤིས་ལུགས་སོགས་ཀྱང་ཁྱོན་ཡོངས་ནས་འགྱུར་ལྡོག་འགྲོ་བཞིན་པ་ནི་སུས་ཀྱང་འགོག་མི་ནུས་པའི་དུས་ཀྱི་ཆོས་ཉིད་ཡིན་པ་སྨྲོས་མེད་ཡིན།
འོན་ཏང་དུས་ཀྱི་འགྱུར་ལྡོག་གང་འདྲ་ཞིག་གི་ཁུག་སོ་རུ་ལྷུང་རུང་རིགས་ཀྱིས་སྤྲད་པའི་ལས་འགན་ནམ། ཡང་ན་རིགས་ཀྱི་འོས་འགན་ཡོད་དོ་ཅོག་ནི་ནམ་ཡང་འདོར་མི་རུང་པའི་མཇིང་པའི་སྒང་གི་རྡོག་ཁྲེས་ལྕི་ཤོས་དག་ཡིན་ལ། འགན་ཁུར་དེ་དག་བསྒྲུབ་པ་ལ་ཐོག་མར་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་ཞིག་དགོས་པ་ནི་མ་མཐའི་ཆ་རྐྱེན་ཡིན། མི་ཆོས་རིང་ལུགས་ཀྱི་ངོས་ནས་བཤད་ནའང་ཁྱེད་ལ་རིན་ཐང་སྣ་ཚོགས་པ་ཞིག་ཡོད་པའི་ནང་ནས་ཀུན་སྤྱོད་ཅེས་པའི་ཡིག་འབྲུ་གཉིས་ཀྱི་བརྗོད་བྱ་འདི་ནི་ཆེས་གལ་ཆེ་ཤོས་སུ་ཆགས་ཡོད།
སྤྱིར་མ་བརྟགས་མ་དཔྱད་པའི་དབང་དུ་བྱས་ཚེ་ཀུན་སྤྱོད་ཅེས་པའི་ཐ་སྙད་འདི་ནི་བཀོལ་སྤྱོད་ཧ་ཅང་གཏོང་བདེ་བའི་ཚིག་འབྲུ་གཉིས་ཡིན་མོད། ཞིབ་ཏུ་བསམ་ན་ཀུན་སྤྱོད་ཀྱི་ངོ་བོ་དང་འབྱུང་ཁུངས་སོགས་ནི་འཛམ་གླིང་འདིའི་སྟེང་གི་མཁས་པ་དག་གིས་འདོད་ཚུལ་ལམ་ངོས་འཛིན་ཚུལ་མི་འདྲ་བའི་རྣམ་གྲངས་ཧ་ཅང་མང་བ་འདི་ལ་གཞིག་ནས་བཤད་ནའང་འགྲོ་བ་མིའི་སེམས་ཁམས་དང་། དེ་དང་མཐུན་པའི་ཤེས་རིག་སོགས་ཁྱོན་ཡོངས་ཀྱི་གྲུབ་ཆ་མང་པོ་ཞིག་ལ་བརྟེན་ཡོད་པ་གསལ་པོར་ཤེས་ནུས།
གལ་ཏེ་ཁྱེད་ཉིད་ཀུན་སྤྱོད་ཀྱིས་དབུལ་བའི་སྐྱེ་བོ་ཞིག་ཡིན་ཚེ། ཁྱོད་ལ་ཤེས་ཡོན་དང་། དཔལ་འབྱོར། སྟོབས་ཤུགས་དང་མིང་གནས། གོ་ཐོབ་དང་འཇོན་ཐང་སོགས་ཇི་ཙམ་གྱི་ཁྱད་ཡོན་ལྡན་ཡང་དེ་དག་ཡོད་དོ་ཅོག་ནི་ཕྱི་ཚུལ་ཙམ་ལས། དོན་དམ་པའི་འགྲོ་བ་མིའི་རིན་ཐང་གི་ལྟ་བའི་ཐོག་ནས་བཤད་ན་ཁྱོད་ནི་ཅི་ཡང་མེད་པའི་དབུལ་ཞིང་ཕོངས་པའི་ཉམ་ཐག་ངོ་མ་དེ་ཡིན་པ་ཤེས་དགོས། ལྷག་པར་དུ་ཀུན་སྤྱོད་ཀྱི་འབྱུང་ཁུངས་སམ་རྒྱུ་རྐྱེན་དེ་བཞིན་ཤེས་ཡོན་དང་འབྲེལ་ཆེ་བའི་དབང་དུ་བྱས་ན། དེང་གི་དུས་འདིར་རང་རིགས་བརྒྱ་ཆ་བདུན་བཅུ་ལྷག་ཙམ་ནི་ཤེས་རྨོངས་ཀྱི་དབང་བསྒྱུར་འོག་ནས་མགོ་བོ་གྱེན་དུ་དགྱེ་མ་ཐུབ་པའི་རྐྱེན་གྱིས་ཀུན་སྤྱོད་ཀྱི་ཚད་གཞི་ཡང་མིང་གི་ལྷག་མ་ཙམ་དུ་ཟད།
སྤྱིར་འགྲོ་བ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་དང་སྲོལ་རྒྱུན་གྱི་ལམ་ལུགས། ཁྱིམ་ཚང་གི་སློབ་གསོ། སེམས་ཁམས་སོགས་ལས་གྲུབ་པའི་ཀུན་སྤྱོད་དེ་དག་ཀྱང་ཕྱིའི་རིག་གཞུང་དང་ལྟ་སྤྱོད་འདྲ་མིན་གྱི་ཤུགས་རྐྱེན་གྱིས་དེང་གི་དུས་འདིར་གདོད་མའི་གཤིས་སྤྱོད་ཕལ་མོ་ཆེ་དག་ནི་རང་རྐྱ་མི་འཕེར་བ་དང་ཡང་ན་ཚུགས་ཀ་ཤོར་བཞིན་པའི་སྐབས་ཤིག་ཡིན་ལ། ང་ཚོས་རང་ཉིད་དང་རང་ཉིད་ཀྱི་སྤྱི་ཚོགས་ལ་བློ་ཁ་ཅུང་ཟད་ཕྱོགས་ནས་ཀུན་སྤྱོད་ལ་ཞིབ་འཇུག་ཡང་དག་པ་ཞིག་བྱས་ཚེ་བློས་བཟོད་པར་དཀའ་བའི་གནས་སྟངས་ཡ་ང་བ་དང་ཡིད་མུག་དགོས་པ་མང་པོ་ཞིག་ནི་མཐོང་ཆོས་སུ་ཡོད་མུས་ཡིན་ཏེ།
དཔེར་ན། རྒན་གཞོན་ལ་གོ་རིམ་དང་བརྩི་འཇོག་མེད་པ། བྱས་ཅན་གྱི་མི་ཡི་བཀའ་དྲིན་མི་ཚོར་བ། རང་ཉིད་གཅེས་འཛིན་ཁོ་ན་ལས་གཞན་གྱི་ཕྱིར་དུ་བཟོད་སེམས་དང་བསམ་ཤེས་མེད་པ། ཆེན་པོ་ལ་ངོ་སྲུང་དང་ནུས་མེད་ལ་མཐོང་ཆུང་། རང་ཉིད་ཀྱི་ཚུགས་ཀ་ཡོངས་སུ་ཤོར་ནས་གཞན་གྱི་ཟེར་རྗེས་སུ་འབྲང་པར་དགའ་བ། རྟོག་དཔྱོད་དང་འཆར་སྒོ་གང་ཡང་མེད་པར་འོལ་ཚོད་ཀྱིས་གསར་འགྲོགས་ཆེ་བ། རང་འཁྲིའི་བྱ་བར་མི་བརྩོན་པར་གཞན་གྱི་བྱ་སྤྱོད་ལ་ཐེ་གཏོགས་དགའ་བ། ཧམ་སེམས་དང་འདོད་རྔམས་ཤུགས་ཆེ་བས་ཆོག་ཤེས་མེད་པ་དང་རང་ལྟ་མཆོག་འཛིན་གྱིས་གཞན་ལ་མཐོང་མི་འཇོག་པ་སོགས་ནི་ཀུན་སྤྱོད་ཀྱིས་ཚོད་འཛིན་མ་ཐུབ་པའི་འཐུས་ཤོར་དག་ཡིན།
མདོར་ན་ཀུན་སྤྱོད་ནི་འགྲོ་བ་མིའི་སྤྱི་ཚོགས་དང་མི་སྒེར། དེ་བཞིན་དམ་པའི་ལྷ་ཆོས་རིང་ལུགས་དང་།འཇིག་རྟེན་མི་ཆོས་རིང་ལུགས་སོགས་ཕྱོགས་ཡོངས་ལ་མེད་དུ་མི་རུང་བའི་གཞི་རྩའི་རིན་ཐང་གལ་ཆེ་ཤོས་དེ་ཡིན་པ་ནི་ང་ཚོ་གངས་ཅན་པའི་ངག་རྒྱུན་དུའང་”རྟོགས་པ་ལྷ་དང་མཉམ་ཡང་། །ཀུན་སྤྱོད་མི་དང་བསྟུན་དགོས།།”ཞེས་པའི་དམ་པའི་ལྷ་ཆོས་དང་འབྲེལ་བའི་དཔེ་དང་། “ཡ་རབས་མ་རབས་སྤྱོད་པའི་འབྱེད། །”ཅེས་འཇིག་རྟེན་མི་ཆོས་ཀྱི་དཔེ་སོགས་གདོད་མ་ནས་མཁས་བླུན་ཡོངས་ཀྱི་ངག་ཏུ་རླུང་ལྟར་གྲགས་པ་དང་། སྐྱེ་བོ་གང་དག་བཟང་ངན་དང་ལེགས་ཉེས་ཀྱི་གཞི་འཛིན་ས་ནི་ཀུན་སྤྱོད་ཁོ་ན་ལ་རག་ལས་པ་ཡིན།
མདོར་ཧྲིལ་གྱིས་བསྡུ་ནས་བཤད་ན། ཀུན་སྤྱོད་ལེགས་ཉེས་ཀྱིས་ཁྱོད་ཀྱི་མི་ཚེའི་མདུན་ལམ་ཁ་ལོ་བསྒྱུར་ནུས་ལ། ཀུན་སྤྱོད་ལེགས་ཉེས་ཀྱིས་ཁྱེད་ཉིད་སྐྱེ་བོ་གང་ཞིག་ཡིན་མིན་གྱི་ཚད་ཐིག་ཀྱང་འཕེན་པར་བྱེད།
རྒྱུ་མཚན་དེ་དག་ལ་བསམས་ནས་ནམ་ཡང་ཀུན་སྤྱོད་ལ་སྣང་མེད་དུ་གཏང་མི་རུང་སྟེ། རང་ཉིད་ནི་སྐྱེ་བོ་ཀུན་གྱི་གྲོགས་སུ་འགྱུར་དགོས་པ་ལས་ནམ་ཡང་དགྲ་བོར་འགྱུར་མི་རུང་བ་དང་། རང་ཉིད་ནི་ཞི་བདེ་དང་རྒྱལ་ཁའི་ངང་དུ་འཇིག་རྟེན་འདིར་འཚོ་འདོད་པ་ལས། སྡུག་བསྔལ་དང་ཕམ་ཁའི་འོག་ཏུ་སུས་ཀྱང་འཚོ་འདོད་མི་བྱེད་པ་ནི་གཏན་ཚིགས་ཀྱིས་བསྒྲུབ་ག་ལ་དགོས།
མཐའ་དོན། ཀུན་སྤྱོད་ཅེས་པ་ནི་ཀུན་ནས་སློང་བྱེད་ཀྱི་བསམ་པ་བཟང་ངན་གྱིས་བཅོས་པའི་ལུས་ངག་གི་རྣམ་འགྱུར་ཞིག་ལ་གོ་དགོས་པ་ནི་ང་རང་ཉིད་ཀྱི་འདོད་ཚུལ་ཡིན། འོན་ཏང་མཁས་པ་ལ་ལས་ཀུན་སྤྱོད་ནི་ཕྱོགས་ཡོངས་ཀྱི་འདྲ་མཉམ་གྱི་རིན་ཐང་ངམ་ཐོབ་ཐང་ཞིག་ལ་ངོས་འཛིན་པ་དང་། ཡང་ལ་ལས་ཀུན་དང་མཐུན་པའི་བྱ་སྤྱོད་ལ་ངོས་འཛིན་བྱེད་ཀྱིན་འདུག་མོད། ཚུལ་དེ་དག་ལ་བསམས་ན་ཀུན་སྤྱོད་ཀྱི་དོན་ལྡོག་གམ་མཚན་གཞི་ལ་ད་དུང་མཐའ་གཅིག་ཏུ་འདི་ཡིན་ངོས་འཛིན་པར་དཀའ་བའི་གནས་སུ་མཐོང་ཞེས་གཟུར་གནས་བློ་གྲོས་ཀྱི་འཇུག་པ་ཡངས་པའི་རིགས་མཐུན་སྤུན་གྲོགས་དག་ལ་དཔྱད་པའི་སྒོ་མོ་ཙམ་དུ་གུས་མིང་པ་འཇམ་གཅེས་སམ་པིར་མིང་ལྷ་རྒོད་ཀྱིས་སྤྱི་ལོ་2015 ཟླ་12 ཚེས་25 ཉིན་རང་ཤག་ཏུ་བྲིས་པའོ།།
ཀུན་སྤྱོད་ལེགས་ཉེས་མི་བཟང་ངན་གྱི་ཚད་ཐིགས་འཇོག་པ་ན་མགོན་པོ་ཀླུ་སྒྲུབ་ཀྱིས་མི་ཡི་རིགས་ལ་དབྱེ་བ་བཞི་འཇོག་ཡོད་པར་ཇི་ལྟར་འགྲེལ་ལམ།
རིང་ལུགས། ཅི་རྫོ་ལི་ཡིན་པའི་ཁུལ་རེད། ཧ་ཧ་ཧ། ཀུན་སྤྱོད་དང་བཟང་སྤྱོད་གཉིས་ཀྱི་ལམ་ཕྱོགས་ནི་ཁ་ཁ་སོ་སོ་རེད། ཀུན་སྤྱོད་ཡིན་ན་བཟང་སྤྱོད་ཡིན་མི་དགོས་བ་དང་། བཟང་སྤྱོད་ཡིན་ན་ཀུན་སྤྱོད་ཡིན་དགོས་བ་ཞིག་ཀྱང་མ་ཡོད་དོ། ཧོ་ཧོ་ཧོ།
་་་་་་་་ སྙིང་རྗེའི་བདག་ཉིད་འཕགས་མཆོག་འཇིག་རྟེན་མགོན་པོའི་གདུལ་ཞིང་ཡིན་པས་མི་རྣམས་ཀྱང་ཆུང་བྱིས་པའི་དུས་ནས་གཞན་ཕན་གྱི་བསམ་བློ་སྟེ། བྱམས་སྙིང་རྗེ་སོགས་བརྩེ་བའི་སེམས་པ་རང་ཆས་སུ་མངའ་བ་དང་། མཚན་སྔགས་ཡི་གེ་དྲུག་མ་སློབ་མི་དགོས་པར་རང་ཤུགས་ཀྱིས་ངག་འདོན་བྱེད་པ་སོགས་་་་་་་
་་་་་་་་་་ མདོར་ཧྲིལ་གྱིས་བསྡུ་ནས་བཤད་ན། ཀུན་སྤྱོད་ལེགས་ཉེས་ཀྱིས་ཁྱོད་ཀྱི་མི་ཚེའི་མདུན་ལམ་ཁ་ལོ་བསྒྱུར་ནུས་ལ། ཀུན་སྤྱོད་ལེགས་ཉེས་ཀྱིས་ཁྱེད་ཉིད་སྐྱེ་བོ་གང་ཞིག་ཡིན་མིན་གྱི་ཚད་ཐིག་ཀྱང་འཕེན་པར་བྱེད། ་་་་་་་་་