ཡུ་བལ་ ནོཨ་ ཧ་ར་རིས་བརྩམས། ཐུབ་བསྟན་རྒྱལ་མཚན་གྱིས་བསྒྱུར།
ལེའུ་དང་པོ། ནང་བསམ་བློའི་གསར་རྗེ།
དང་པོ། ཁྱད་འཕགས་མིན་པའི་སེམས་ཅན།
ལོ་ངོ་ཐེར་འབུམ ༡༣་༥ ཙམ་གྱི་གོང་བེམ་གཟུགས་དང་། ནུས་པ། དུས། བར་སྣང་བཅས་ཐོག་མར་ཆོས་སུ་གྲུབ་ཅིང་། དེ་ལ་འབར་གས་ཆེན་པོ་ཞེས་གྲགས། དེ་ལྟ་བུའི་འཇིག་རྟེན་འདིའི་གཞི་རྩའི་ཁྱད་ཆོས་སྟོན་པའི་རྣམ་གཞག་དེ་ལ་དངོས་ཁམས་ཚན་རིག་ཟེར།
བེམ་གཟུགས་སོགས་གྲུབ་ནས་ལོ་ངོ་འབུམ་གསུམ་གྱི་རྗེས་སུ་བེམ་གཟུགས་དང་ནུས་པ་གཉིས་གཞི་གཅིག་ཏུ་བསྡེབས་སྟེ་རྡུལ་ཕྲན་ (Atom) གྲུབ་པ་དང་། རྡུལ་ཕྲན་མང་པོ་འདུས་པ་ལས་འདུས་རྡུལ་ (Molecules) གྲུབ་བོ། རྡུལ་ཕྲན་དང་འདུས་རྡུལ་དེ་དག་གཅིག་ནས་དུ་མ་འདུས་ཚུལ་སོགས་ཀྱི་རྣམ་གཞག་སྟོན་པའི་གཞུང་དེ་ལ་རྫས་སྦྱོར་ཚན་རིག་ཟེར།
སའི་གོ་ལ་འདིའི་སྟེང་ལོ་ངོ་ཐེར་འབུམ་ ༣་༨ ཙམ་གྱི་གོང་འདུས་རྡུལ་དུ་མ་ཚོགས་པ་ལས་སྐྱེ་ལྡན་ (Organism) ཞེས་པ་སྔར་བས་ཀྱང་བཀོད་པ་སྣ་ཚོགས་པའི་ཕུང་པོ་རགས་པ་དེ་འདྲ་གྲུབ་འགོ་བཙུགས་ཡོད་པ་དང་། དེ་ལྟ་བུ་སྐྱེ་ལྡན་གྱི་རྣམ་གཞག་སྟོན་པའི་གཞུང་དེ་ལ་སྐྱེ་དངོས་ཚན་རིག་ཅེས་བརྗོད་དོ།
མི་ལོ་སྟོང་ཕྲག་བདུན་ཅུ་ཙམ་གྱི་སྔོན་དུས་ན་འགྲོ་བ་སད་མིའི་ (Homo sapiens) སྡེར་གཏོགས་ཀྱི་སྐྱེ་ལྡན་དེ་དག་གནས་གཅིག་ཏུ་འདུས་ཏེ་སྔར་བས་ཀྱང་ཆེས་རགས་པའི་བཀོད་པ་ལྟ་བུ་ཞིག་གྲུབ་འགོ་བཙུགས་ཤིང་དེ་ལ་རིག་གཞུང་ངམ་སྤྱི་ཚོགས་ (Culture) ཟེར། དེ་ལྟ་བུ་འགྲོ་བ་མིའི་སྤྱི་ཚོགས་སམ་རིག་གཞུང་གི་འཕེལ་རིམ་སྟོན་པའི་རྣམ་གཞག་དེ་ལ་ལོ་རྒྱུས་སམ་བྱུང་རིག་ (History) ཟེར།།
འགྲོ་བ་མིའི་བྱུང་རབས་ཀྱི་འགྲོས་ལ་ཤུགས་རྐྱེན་ཆེ་བའི་གསར་བརྗེ་གཞི་རྒྱ་ཆེ་བ་གསུམ་བྱུང་ཡོད། དེ་ཡང་། ལོ་ངོ་སྟོང་ཕྲག་བདུན་གྱི་ཡར་སྔོན་ན། ཐོག་མར་ནང་བསམ་བློའི་གོ་རྟོག་གི་གསར་བརྗེ་བྱུང་བ་དང་། ལོ་ཆིག་ཁྲི་ཉིས་སྟོང་ཙམ་གྱི་གོང་བཟོ་ལས་གསར་བརྗེ་བྱུང་འགོ་བརྩམས་ཤིང་། མཐའ་མ་འདས་པའི་ལོ་ལྔ་བརྒྱ་ཙམ་གྱི་སྔོན་ཚན་རྩལ་གྱི་གསར་བརྗེ་འགོ་བཙུགས་ཡོད་པ་དང་། གསར་བརྗེ་འདི་ལ་བརྟེན་ནས། འགྲོ་བ་མིའི་ལོ་རྒྱུས་ཡོངས་རྫོགས་མཇུག་སྡུད་སྲིད་པ་དང་། ཡང་ན། སྔར་མེད་བྱུང་རབས་གསར་པ་ཞིག་ཀྱང་འགོ་འཛུགས་སྲིད།
དཔེ་དེབ་འདིའི་ནང་གོང་ཞུའི་གསར་བརྗེ་ཆེན་པོ་གསུམ་གྱིས་འགྲོ་བ་མི་དང་། སྐྱེ་ལྡན་གཞན་ལ་ཤུགས་རྐྱེན་ཅི་བྱུང་སྐོར་གླེང་རྒྱུ་ཡིན།
སྤྱིར་འགྲོ་བ་མི་ནི་བྱུང་རབས་འབྲི་བའི་སྲོལ་མ་དར་བའི་སྔོན་ཚུད་ནས་ཡོད་ཅིང་། དེང་རབས་ཀྱི་མི་དང་འདྲ་ཆོས་མཚུངས་པའི་སེམས་ཅད་དེ་འདྲ་ལོ་ངོ་ཐེར་འབུམ་ ༢་༣ ཙམ་གྱི་སྔོན་དུ་བྱུང་ཡོད་ནའང་། དེ་དག་མི་རབས་མང་པོའི་རིང་རང་ཉིད་དང་ཁོར་ཡུག་མཉམ་སྤྱོད་བྱེད་པའི་སྐྱེ་ལྡན་གཞན་ལས་ཁྱད་དུ་འཕགས་པའམ་འབུར་དུ་ཐོན་པ་སོགས་གང་ཡང་བྱུང་མེད།
གལ་ཏེ་ཁྱེད་རང་ལོ་ངོ་ཐེར་འབུམ་གཉིས་ཀྱི་གོང་ཤར་ཨ་ཧྥི་རི་ཀར་རྐང་འགྲོས་སུ་ཕྱིན་ན། ཆ་རྒྱུས་ཡོད་པའི་མིའི་བྱ་བྱེད་སྣ་ཚོགས་ཤིག་མཐོང་སྲིད་ངེས་རེད། དེ་ཡང་། ཕྲུ་གུ་པང་དུ་མཁྱུད་བཞིན་པའི་བྱམས་ལྡན་གྱི་ཨ་མ་དང་། འདམ་ནང་དུ་རྩེད་མོར་རོལ་བཞིན་པའི་བསམ་མེད་བྱིས་པ། བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་པའི་སེམས་ཚོར་རྒོད་པའི་གཞོན་ནུ། ཡིད་ཐང་ཆད་དེ་སོས་དལ་ ངང་འདུག་སྙིང་སྤྲོ་བའི་རྒན་རབས་པ། ས་ཁུལ་དེ་གའི་མཛེས་མ་ཚོ་བཀུག་ཐབས་བྱེད་ཀྱིན་པའི་ཕོ་རྩལ་སྣ་དགུ་རྫོགས་པའི་གྱད་མི་དང་། ཉམས་མྱོང་གིས་ཕྱུག་པའི་བུད་མེད་རྒན་རབས་པ་སོགས་ཇི་སྙེད་ཅིག་མཐོང་སྲིད།
གདོན་མའི་མི་རྣམས་ཀྱང་རྩེ་འཇོ་ལ་རོལ་པ་དང་། ཕན་ཚུན་གྲོགས་པོའི་འབྲེལ་ལམ་འཛུགས་པ། ཐོབ་དང་གོ་ས་ལ་འགྲན་བརྩོད་བྱེད་པ་སོགས་རང་ཅག་དང་འདྲ་པོ་ཡོད་མོད། ཁྱད་ཆོས་དེ་རྣམས་སྤྲ་དང་། (Baboons) ཆིམ་པན་ཛི། (Chimpanzees) གླང་པོ་ཆེ་ (Elephant) སོགས་ལའང་ཐུན་མོང་དུ་ཡོད་གཤིས་འགྲོ་བ་མིའི་ཐུན་མིན་གྱི་བྱ་བྱེད་གང་ཡང་མིན། ནམ་ཞིག་རང་གི་བུ་རབས་ཚ་རྒྱུད་ཅིག་ཟླ་བར་བསྐྱོད་པ་དང་། རྡུལ་ཕྲན་གྱི་ཆ་ཆུང་དུ་ཕྱེ་བ། རིགས་རྫས་ཀྱི་གསང་རྒྱ་བརྟོལ་པ། བྱུང་རབས་བྲིས་པ་སོགས་ཀྱི་ལས་ལ་འཇུག་པར་གྱུར་སྙམ་དུ་བསྐལ་པ་ཡ་ཐོག་གི་མི་སུས་ཀྱང་བསམ་མྱོང་མེད། ལོ་རྒྱུས་འབྲི་སྲོལ་མ་བྱུང་བའི་ཡར་སྔོན་དུ་འཚོ་གནས་བྱས་པའི་མི་རྣམས་ཀྱི་སྐོར་ཤེས་དགོས་པའི་གནད་དོན་གལ་ཆེ་ཤོས་དེ་གང་ཞེ་ན། ཁོང་ཚོ་ནི་མི་རྒོད་ (Gorillas) དང་། སྲིན་བུ་མེ་ཁྱེར། (Fireflies) ཉ་ཕིག་ཕིག་ (Jellyfish) ལ་སོགས་པ་དང་འདྲ་བར་ཁོར་ཡུག་ལ་ཤུགས་རྐྱེན་མི་ཆེ་ཞིང་། ཁྱད་འཕགས་མིན་པའི་སེམས་ཅན་ཞིག་ཡིན་པ་དེའོ།།
སྐྱེ་དངོས་ཚན་རིག་པས་སྐྱེ་ལྡན་སྲོག་ཆག་རྣམས་ཉེ་རིགས་ (Species) ལ་གཞིགས་ནས་སྡེ་ཚན་ཕྱེ་བར་བྱེད། ཅི་སྟེ་སེམས་ཅན་གཉིས་ཕན་ཚུན་འདོད་པ་སྤྱོད་པ་དང་། རྒྱུད་འཛར་ (Offspring) སྐྱེ་སྤེལ་བྱེད་ཀྱི་ཡོད་ན་དེ་གཉིས་ཉེ་རིགས་གཅིག་ཏུ་གཏོགས་པར་གྲགས། མེས་པོའི་འབྲེལ་བས་དམ་དུ་བཅིངས་ནས་ཡོད་པའི་རྟ་དང་བོང་བུ་གཉིས་ལ་
ལུས་ཀྱི་ཁྱད་རྟགས་འདྲ་མཚུངས་དུ་མ་ཡོད་མོད། མ་བསྐུལ་བར་ཕན་ཚུན་འདོད་པ་མི་སྤྱོད་ཅིང་། དེ་གཉིས་དབར་ཕན་ཚུན་འཁྲིག་འདོད་ཀྱི་རྣམ་པ་ཆེར་མི་སྔོན། དེ་ལྟ་ནའང་། རྟ་དང་བོང་བུ་འདྲེས་པ་ལས་བྱུང་བའི་རྒྱུད་འཛར་ཏེ་དྲེལ་ལ་རིགས་རྒྱུད་སྤེལ་བའི་ནུས་པ་མེད། དེར་བརྟེན། བོང་བུའི་ཌི་ཨེན་ཨེ་ (DNA) ལ་འགྱུར་ལྡོག་བྱུང་རུང་རྟ་དང་ཆ་མཚུངས་མི་སྲིད་ཅིང་། རྟ་ལ་ཡང་དེ་བཞིན་ཡིན། དེ་ལྟ་བུ་རིགས་མི་འདྲ་བའི་སེམས་ཅན་གཉིས་པོ་ཉེ་རིགས་མི་མཚུངས་ཤིང་། འཕེལ་འགྱུར་གྱི་ལམ་བུ་ཐ་དད་དུ་བསྐྱོད་བཞིན་པ་ལྟར་སྣང་མོད།
དོན་དུ་དེ་ལས་ལྡོག་ཏེ། གླང་ཁྱི་ཁ་ལུག་ (Bulldog) དང་། སི་པཻན་རྒྱ་ཁྱི་ (Spaniel) གཉིས་ཕྱི་ཚུལ་ནས་མི་འདྲ་ནའང་།དེ་གཉིས་ལ་ཌི་ཨེན་ཨེ་འདྲ་མཚུངས་ཡོད་ཅིང་ཉེ་རིགས་ཀྱང་གཅིག་པ་ཡིན། ཁྱི་རིགས་དེ་གཉིས་ཕན་ཚུན་འདོད་པ་སྤྱོད་པ་མ་ཟད་རྒྱུད་འཛར་ཡང་སྐྱེ་འཕེལ་བྱེད་པ་དང་། དེ་དག་འདུས་པ་ལས་བྱུང་བའི་ཁྱི་ཕྲུག་དེ་དག་ཀྱང་། ཁྱི་རིགས་
གཞན་དང་འཁྲིག་པ་སྤྱོད་ནས་ཁྱི་ཕྲུག་སྐྱེ་བར་བྱེད་དོ།།
མེས་པོ་གཅིག་ལས་མཆེད་པའི་ཉེ་རིགས་རྣམས་རྒྱུད་ཀྱི་སྡེ་ཚན་གཅིག་ཏུ་གཏོགས་ཤིང་། དཔེར་ན། སེངྒེ་ (Lion) དང་། སྟག (Tiger) གཟིག (Leapard) རྩྭ་གཟིག་གམ་གུང་གཟིག་ (Jaguars) བཅས་ནི། པན་ཐེ་རའམ་(Panthera) གཟིག་རྒྱུད་གཅིག་ཏུ་གཏོགས་ཀྱང་ཉེ་རིགས་མི་འདྲ་བ་ཡིན། སྐྱེ་དངོས་ཚན་རིག་པས་སྲོག་ལྡན་རྣམས་
ལེ་ཊན་གྱི་ཡིག་འབྲུ་གཉིས་ལས་གྲུབ་པའི་རྒྱུད་ (Genus) དང་ཉེ་རིགས་ (Species) ཀྱི་སྒོ་ནས་མིང་འདོགས་པར་བྱེད་ཅིང་། དེ་ཡང་སེངྒེ་ལྟ་བུ་ལ་དཔེ་མཚོན་ན། པན་ཐེ་ར། ལིའོ། (Panthera leo) ཞེས་ཟེར་ཞིང་། གོ་དོན་ནི། པན་ཐེ་རའི་རྒྱུད་ཀྱི་ལིའོ་ཉེ་རིགས་ཞེས་པའམ། གཟིག་གི་རྒྱུད་པ་དང་། སེངྒེའི་ཉེ་རིགས་ཞེས་པའི་དོན་ལ་འཇུག་གོ། དཔེ་དེབ་འདི་ཀློག་པ་པོ་ཕལ་ཆེར་ཧོ་མོ། སེ་པྰིན། (Homo sapiens) ཡིན་ངེས་ལ་དེ་ཡང་། རྒྱུད་པ་དང་མི་དང་། ཉེ་རིགས་སད་མིའོ།
རྒྱུད་པ་གཅིག་ལས་མཆེད་པའི་སེམས་ཅན་རྣམས་སླར་ཡང་ཁྱིམ་ (Family) གྱི་སྒོ་ནས་སྡེ་ཚན་ཕྱེ་བར་བྱེད།དཔེར་ན། སེངྒེ་(Lion) དང་། གཟིག (Cheetah) ཁྱིམ་གནས་བྱི་ལ་ (House cat) སོགས་ནི་ཞི་མིའི་ཁྱིམ་ (Cat Family) དུ་གཏོགས། སྤྱང་ཀི་ (Wolf) དང་། ཝ་མོ། (Fox) ཅེ་སྤྱང་ (Jackal) བཅས་ནི་ཁྱིའི་ཁྱིམ་ (Dog Family) དུ་གཏོགས། གླང་ཆེན། (Elephant) གླང་པོ་ཆེ་བལ་བཟང་། (Mammoth) མསི་ཊོ་ཌོན་གླང་ཆེན་ (Mastodon) བཅས་ནི་གླང་པོ་
ཆེའི་ཁྱིམ་དུ་ (Elephant Family) གཏོགས་སོ། ཁྱིམ་དེ་དང་དེའི་ཁོངས་མི་བྱེ་བྲག་པ་ཞིག་གི་རྒྱུད་པ་ཡར་དེད་ན་ཡ་ཐོག་གི་ཕ་རྒྱུད་མ་རྒྱུད་གང་རུང་ཞིག་ལ་ཐུག་འགྲོ་བ་རེད། དཔེར་ན། ཞི་མིའི་ཁྱིམ་རྒྱུད་དུ་གཏོགས་པའི་ཁྱིམ་གསོས་བྱི་ལ་ཆུང་ངུ་དེ་ནས་བཟུང་། གཏུམ་དྲག་ཅན་གྱི་སེངྒེ་ལ་སོགས་པ་ཐམས་ཅད་ལོ་ངོ་ཐེར་འབུམ་ཉེར་ལྔ་ཙམ་གྱི་གོང་དུ་འཚོ་གནས་བྱས་པའི་ཞི་མིའི་རྒྱུད་པ་ཞིག་ནས་མཆེད་པ་ཡིན།
བྱུང་རབས་ཁྲོད་རང་ཅག་སད་མི་རྣམས་ཀྱང་ཁྱིམ་བྱེ་བྲག་པ་ཞིག་གི་ཁུངས་གཏོགས་ཡིན་མོད། གནས་ཚུལ་དེ་སྔོན་དུས་སུ་གསང་རྒྱ་དམ་པོ་བསྡམས་པའི་གནས་ཚུལ་ཞིག་ཡིན། དུས་ཡུན་རིང་པོའི་རིང་སད་མི་རྣམས་ཀྱིས་རང་ཉིད་སེམས་ཅན་གཞན་ལས་རྣམ་པ་ཐམས་ཅད་དུ་ཐ་དད་ཡིན་པ་ལྟར་བལྟས་མོད། དེ་ལྟ་ན་རང་ཅག་ནི་སྤུན་མཆེད་དང་ཚ་བོ་ཚ་མོ་སོགས་དང་། ཐ་ན་ཕ་མ་ཡང་མེད་པའི་ད་ཕྲུག་ལྟ་བུ་ཞིག་ཏུ་ཐལ་འགྲོ་བས། དོན་དངོས་ལ་དེ་འདྲ་ཞིག་ག་ལ་ཡིན། ང་ཚོས་ཁས་ལེན་འདོད་ཡོད་མེད་ཇི་ལྟར་ཡང་། ཁོ་བོ་ཅག་ནི་སྐད་ཅོར་ཚ་བའི་མི་རྒོད་ (Great Apes) ཞིག་གི་རྒྱུད་པ་ཡིན་པ་མ་ཟད། ད་ལྟ་འཚོ་བཞིན་པའི་ང་ཚོའི་གཉེན་ཚེ་ཉེ་ཤོས་ནི་ཆིམ་པན་ཛི་ (Chimpanzee) དང་། གྷོ་རི་ལ་(Gorilla) ཨོ་རན་གྷུ་ཊན་ (Orangutan) བཅས་ཡིན་ཞིང་། དེ་དག་ལས་ཀྱང་ཆེས་ཉེ་ཤོས་ནི་ཆིམ་པན་ཛི་ཡིན། ལོ་ངོ་ཐེར་འབུམ་དྲུག་གི་གོང་རོལ་ཞིག་ན་མི་རྒོད་མོ་ཞིག་ལ་སྤྲེལ་ཕྲུག་མོ་གཉིས་ཁོ་ན་ཡོད་པ་དང་། གཅིག་ལས་ཆིམ་པན་ཛིའི་རྒྱུད་པ་མཆེད་ཅིང་། གཞན་དེ་ལས་ང་ཚོའི་མེས་པོ་རྣམས་མཆེད་དོ།།
ཤེས་མི་རུང་བའི་གསང་བ་ཞིག
སད་མི་འགྲོ་བ་དང་འབྲེལ་བའི་ཉན་མི་སྤྲོ་བའི་གསང་བ་གཞན་ཞིག་ཡོད་པ་ནི། ང་ཚོ་ལ་ཀླ་ཀློའི་ཁྱུ་ཚོགས་ལྟ་བུའི་གཉེན་ཚེ་དུ་མ་ཡོད་མྱོང་བར་མ་ཟད། གཅེན་གཅུང་ཡང་མི་ཉུང་བ་ཞིག་ཡོད་པ་རེད། སད་མི་ནི་འདས་པའི་ལོ་ངོ་སྟོང་ཕྲག་གཅིག་ཙམ་གྱི་དུས་ཡུན་ནང་འཚོ་བཞིན་པའི་མིའི་འགྲོ་བ་གཅིག་པུ་དེ་ཡིན་པར་བརྟེན། རང་ཅག་ལས་ཐ་དད་པའི་མིའི་འགྲོ་བ་གཞན་ཞིག་མེད་པར་རློམ་ཀྱི་ཡོད་ཀྱང་། ཧོ་མོ་ (Homo) ཞེས་པའི་ཚིག་འདི་ནི་མིའི་རྒྱུད་པར་གཏོགས་པའི་སྲོག་ལྡན་སྤྱི་ལ་ཁྱབ་མཉམ་དུ་འཇུག་ཅིང་། གནའ་སྔ་མོར་སད་མི་ལས་གཞན་པའི་མིའི་འགྲོ་བ་མང་དག་ཅིག་ཡོད་མྱོང་བ་རེད། དཔེ་དེབ་འདིའི་མཇུག་ཏུ་གླེང་འཆར་ཡོད་པ་བཞིན། འབྱུང་འགྱུར་མི་རིང་བར་སད་མི་ལས་ཐ་དད་པའི་མིའི་འགྲོ་བ་གཞན་ཞིག་དང་འཐབ་བརྩོད་བྱེད་པའི་དུས་སྐབས་ཤིག་ཀྱང་ཡོང་སྲིད་པ་རེད། འདིར་གསལ་བཤད་ཞུ་རྒྱུར། གུས་པས་སད་མི་ (Sapiens) ཞེས་པའི་ཐ་སྙད་འདི་མིའི་ཉེ་རིགས་ཀྱི་སད་མི་ (Homo sapiens) ཁོ་ན་ལ་སྤྱོད་བཞིན་ཡོད་ལ་འགྲོ་བ་མི་ (Human) ཞེས་པ་འདི་མིའི་རྒྱུད་པར་གཏོགས་པ་ཀུན་ལ་གོ་དགོས།
མིའི་འགྲོ་བ་ནི་ལོ་ངོ་ཐེར་འབུམ་ ༢་༥ ཙམ་གྱི་སྔོན་ཤར་ཨ་ཧྥི་རི་ཀར་ (Australopithecus) ཨུས་ཊྲ་ལོ་པི་ཐེཁུས་སམ་ལྷོ་གནས་མི་རྒོད་ཅེས་པ་ལས་ཐོག་མར་མཆེད་ཅིང་། མི་ལོ་ཐེར་འབུམ་གཉིས་ཀྱི་གོང་། དེ་ལྟ་བུའི་གདོན་མའི་མི་སྡེ་ཁག་ཅིག་རང་གིི་ཁྱིམ་གཞིས་དང་ཁ་གྱེས་ཏེ་ནུབ་ཨ་ཧྥི་རི་ཀ་དང་། ཡུ་རོབ། ཨེ་ཤ་ཡའི་ས་ཁུལ་དུ་འགྲུལ་བཞུད་བྱས་སྟེ་ཁྱིམ་གཞིས་ཀྱང་ཆགས། གྲང་ངད་ཆེ་བའི་ནུབ་ཡུ་རོབ་ཀྱི་ནགས་གསེབ་ཅིག་ཏུ་འཚོ་གནས་བྱེད་པ་དང་། ཚ་གདུག་ཆེ་བའི་ཨིན་ཌོ་ནེ་ཤི་ཡའི་ཤིང་ནགས་ཁྲོད་དུ་འཚོ་གནས་བྱེད་པ་གཉིས་ལ་ལུས་ཀྱི་ཁྱད་རྣམ་མི་འདྲ་བ་དགོས་པར་སོང་། མིའི་གྲངས་འབོར་ཡང་ཕྱོགས་ཁག་སོ་སོར་གྱེས་ཤིང་། དེ་ལས་ཉེ་རིགས་མི་གཅིག་པའི་མིའི་འགྲོ་བ་ཁ་ཤས་བྱུང་ཡོད། ཚན་རིག་པས་དེ་དག་རེ་རེ་ལའང་ལེ་ཊེན་སྐད་ཡིག་ཐོག་མིང་ཆེན་པོ་རེ་བཏགས་ཡོད་པ་རེད།
ཡུ་རོབ་དང་ནུབ་ཨེ་ཤ་ཡར་གནས་པའི་མི་རྣམས་ལས་ (Homo neanderthalensis) ནན་ཌར་ལུང་གཤོངས་ཀྱི་མི་ཞེས་པའི་ཉེ་རིགས་ཀྱི་རྒྱུད་པ་དེ་བྱུང་ཞིང་། ཡོངས་གྲངས་སུ་ནན་ཌར་ཐལ་ (Neanderthals) ནན་གཤོངས་བ་ཞེས་འབོད་ཀྱི་ཡོད། ནན་གཤོངས་བ་ནི་རང་ཅག་སད་མི་ལས་གཟུགས་སྟོབས་ཆེ་ཞིང་། ཡུ་རོབ་དང་ཨེ་ཤ་ཡའི་ས་མཚམས་སུ་འཁྱགས་རོམ་དུས་རབས་ཀྱི་གྲང་ངར་ལ་བསྟུན་འགྱུར་ལེགས་པར་ཟིན་པའི་མི་རྒྱུད་ཅིག་ཡིན། ཨེ་ཤ་ཡའི་ཤར་ངོས་སུ་མི་ལོ་ས་ཡ་གཉིས་ཙམ་འཚོ་གནས་ཐུབ་ཡོད་པའི་ཧོ་མོ་ ཨི་རེཀ་ཊས་ (Homo erectus) འགྲེང་མི་ཞེས་པ་ཞིག་བྱུང་ཡོད་ཅིང་། དུས་ཡུན་རིང་ཤོས་འཚོ་གནས་ཐུབ་པའི་མིའི་ཉེ་རིགས་དེ་འགྲེང་མི་ཆགས་ཡོད། རང་ཅག་སད་མི་ཡང་དུས་ཡུན་རིང་པོ་དེ་འདྲ་འཚོ་གནས་མི་ཐུབ་པར་གྲང་། སད་མི་ཉེ་རིགས་རྣམས་ད་ནས་བརྩིས་པའི་མི་ལོ་སྟོང་ཕྲག་གཅིག་ལས་མང་བ་འཚོ་ཐུབ་མིན་ཐེ་ཚོམ་ཡིན་པས་ས་ཡ་གཉིས་ཙམ་འཚོ་ཐུབ་མིན་བརྩོད་པ་ནི་རྟོག་ལྡན་གྱི་དྲི་བ་ཞིག་ག་ལ་ཡིན།
ཨིན་ཌི་ནེ་ཤ་ཡའི་ (Indonesia) ཡུལ་གྱི་ཇ་བ་ (Java) ཞེས་པའི་གླིང་ཕྲན་དེར་ཧོ་མོ་ སོ་ལན་སིས་ (Homo solensis) སོ་ལོའི་གཤོངས་མི་ཞེས་པ་ཚ་བའི་ཡུལ་དུ་འཚོ་གནས་ཐུབ་པའི་མི་རྒྱུད་ཅིག་བྱུང་། ཨིན་ཌོ་ནེ་ཤ་ཡའི་ཡུལ་གྱི་ཧྥི་ལོར་སི་ (Flores) ཞེས་པའི་གླིང་ཕྲན་ཆུང་ཆུང་ཞིག་ཡོད་པ་དེར་གནས་པའི་མི་རྣམས་ལ་གཟུགས་པོ་ཐུང་དུ་
འགྲོ་བའི་བསྟུན་འགྱུར་ཞིག་བྱུང་། འཚོ་ངོས་ཀྱི་མཐོ་ཚད་ཆག་སྐབས་གླིང་ཕྲན་དང་། སྐམ་ས་ཆེན་པོའི་དབར་འགྲོ་འོང་བདེ་བས་མི་རྣམས་ཧྥི་ལོར་སི་གླིང་ཕྲན་དུ་འབྱོར། དུས་ཕྱིས་འཚོ་ཡི་མཐོ་ཚད་འཕར་ཆ་བྱུང་ནས་། ཕྱིར་ལོག་མ་ཐུབ་པའི་མི་རེ་ཟུང་གླིང་ཕྲན་དེར་གཏན་དུ་ལུས། ཁུལ་དེར་འཚོ་བའི་ཆ་རྐྱེན་ཞན་པས་གཟུགས་བོང་ཆེ་ཞིང་འཚོ་བཅུད་མང་བ་དགོས་པའི་མི་རྣམས་སྔོན་དུ་ཤི་ཞིང་། གཟུགས་བོང་ཆུང་བའི་མི་རྣམས་འཚོ་གནས་ལེགས་པར་ཐུབ་ཡོད། ཧྥི་ལོར་སུ་གནས་འཆའ་བའི་མི་རྣམས་ག་ལེར་མིའུ་ཐུང་དུ་འགྱུར་བ་དང་། ཧོ་མོ་ ཧྥི་ལོར་རན་སི་ས་ (Homo floresiensis) ཞེས་གྲགས་པའི་མི་རིགས་དེ་དག་རིང་ཚད་ལ་མི་ཊར་གཅིག་ཙམ་དང་། ལྗིད་ཚད་ལ་ཀི་ལོ་གྷ་རམ་ཉེར་ལྔ་ཙམ་ལས་མེད། དེ་ལྟ་ནའང་། ཁོང་ཚོས་རྡོ་ཡི་ཡོ་ཆས་བཟོ་བསྐྲུན་ཐུབ་ཀྱི་ཡོད་ཅིང་། གླིང་ཕྲན་དེ་གའི་གཟུགས་བོང་ཆུང་གྲས་ཀྱི་ཉེ་རིགས་གླང་པོ་ཆེ་ཡང་གསོད་ཐུབ་ཀྱི་ཡོད།
ཕྱི་ལོ་ ༢༠༡༠ ལོར་ཚན་རིག་པ་ཚོས་སར་བྷི་རྱི་ (Siberia) ཡུལ་གྱི་ཌེ་ནི་སོ་ཝ་ (Denisova) བྲག་ཕུག་སྔོག་འདོན་བྱས་སྐབས། འགྱུར་རྡོའི་ངོ་བོར་འཕེལ་འགྱུར་ཟིན་པའི་མཛུབ་རུས་ཤིག་རྙེད་སོན་བྱུང་བ་དང་། དེ་ལས་ གཏིང་བརྗེད་ཟིན་པའི་འུ་ཚོའི་སྤུན་མཆེད་ཅིག་སླར་ཡང་རྙེད་སོན་ཐུབ་ཡོད། རིག་རྫས་དཔྱད་ཞིབ་པ་ཚོས་འཛུབ་རུས་དེ་ནི་ཌེ་ནི་སོ་ཝའི་མི་ (Homo denisova) ཞེས་སྔར་ཤེས་རྟོག་མེད་པའི་འགྲོ་བ་མིའི་ཉེ་རིགས་ཤིག་གི་ཡིན་པར་བརྫོད། དེ་བཞིན་གླིང་ཕྲན་དང་། ཡུལ་ལུང་གཞན་གྱི་བྲག་ཕུག་གཞན་དང་གཞན་དུ། ད་དུང་འཚོལ་ཞིབ་མ་ཐུབ་པར་ལུས་་བསྡད་པ་ཡང་ཇི་སྙེད་ཅིག་ཡོད་སྲིད།
ཡུ་རོབ་དང་ཨེ་ཤ་ཡའི་གླིང་དུ་མིའི་འགྲོ་བ་འཕེལ་བཞིན་པ་དང་དུས་མཚུངས། ཤར་ཨ་ཧྥི་རི་ཀའི་ས་ཁུལ་དུ་ཡང་མུ་མཐུད་ནས་འཕེལ་འགྱུར་བྱུང་ཡོད། མིའི་འགྲོ་བ་འཕེལ་རིམ་བཞིན། ཉེ་རིགས་མི་གཅིག་པ་ཡང་དུ་མ་བྱུང་ཡོད། དཔེར་ན། ཧོ་མོ་ རུ་ཌོལ་ཧྥེན་སིས། (Homo rudolfensis) རུ་ཌོལ་མཚོ་ཁའི་མི། ཧོ་མོ་ ཨེར་གྷསི་ཊ། (Homo ergaster) ལས་མི་དང་། མཐའ་མ་རང་ཅག་གི་ཉེ་རིགས་ཏེ་ཧོ་མོ། སེ་པྰིན། (Homo sapiens) ཡིན་ཞིང་། དེ་ལ་ང་ཚོས་འཛེམ་བག་མེད་པར་སད་མི་ཞེས་པའི་མིང་བསྙད་ཡོད།
ཉེ་རིགས་དེ་དག་ལས་ཁ་ཤས་གཟུགས་སྟོབས་ཧ་ཅང་ཆེ་ཞིང་། ཁག་ཅིག་མིའུ་ཐུང་ལྟ་བུ་ཡིན། རེ་འགའ་གཏུམ་དྲག་ཅན་གྱི་རྔོན་པ་ཡིན་ཞིང་། ལ་ལ་ནི་སྔོ་དང་རྩི་ཤིང་འཐུ་ནས་འཚོ་བཞིན་པའི་འགྲོ་བ་གཉོམ་ཆུང་དེ་འདྲ་ཡིན་པ་རེད། ཡང་ཁ་ཤས་གླིང་ཕྲན་གཅིག་ཁོ་ནར་འཚོ་སྡོད་བྱས་ཡོད་ཅིང་། ཁག་ཅིག་གླིང་ཆེན་གཞན་དུ་ཡང་བརྟོལ་ཡོད། དེ་ལྟ་ནའང་། ཉེ་རིགས་དེ་དག་ཐམས་ཅད་འགྲོ་བ་མིའི་རྒྱུད་པར་གཏོགས་ཤིང་། ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན།
དེ་ཡང་ཉེ་རིགས་དེ་དག་རྒྱུད་པ་ཟམ་མ་ཆད་པར་གཅིག་ནས་གཅིག་ཏུ་མཆེད་ཡོང་བ་ལྟ་བུ་འདོད་པ་སྟེ། ལས་མི་ལས་འགྲེང་མི་དང་། འགྲེང་མི་ལས་ནན་ཌར་གཤོངས་མི་མཆེད་ཅིང་། དེ་ལས་རང་ཅག་རྣམས་མཆེད་པར་འདོད་པ་ནི་ལྟ་ཚུལ་ཡང་དག་ཅིག་གཏན་ནས་མིན། གོང་ཞུས་ལྟ་ཚུལ་དེ་ལ་བརྟེན་ནས་འཛམ་གླིང་འདིའི་སྟེང་དུས་གཅིག་ལ་མིའི་ཉེ་རིགས་གཅིག་ལས་མང་བ་འཚོ་གནས་བྱེད་མེད་པར་འདོད་པའམ། ཡང་ན། གདོན་མིའི་ཉེ་རིགས་ཡོད་དོ་ཅོག་ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་མེས་པོ་གོང་མ་ཤ་ཏག་ཡིན་ཤག་ཏུ་འདོད་པ་སོགས་མདོར་ན། མིའི་འགྲོ་བ་འཕེལ་རིམ་ཐད་གོ་བ་ལོག་པ་ཞིག་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད། དོན་དངོས་ཐོག་འདས་པའི་ལོ་ངོ་ས་ཡ་གཉིས་ཀྱི་གོང་ནས་ལོ་ངོ་ཆིག་ཁྲི་ཙམ་གྱི་བར། འཛམ་གླིང་འདི་འགྲོ་བ་མིའི་ཉེ་རིགས་མི་འདྲ་བར་མང་པོ་དུས་མཉམ་དུ་འཚོ་གནས་བྱས་པའི་ཁྱིམ་གཞིས་ཤིག་ཆགས་ཡོད། དེ་ལྟར་མིན་པའི་རྒྱུ་མཚན་གང་ཡང་མེད་དེ། དེང་གི་ཆར་ཝ་སྐྱེས་དང་། དོམ། དེ་བཞིན་ཕག་གི་ཉེ་རིགས་མི་འདྲ་དུ་མ་ཡོད་པ་ལྟར། ལོ་ངོ་སྟོང་ཚོ་དུ་མའི་སྔོན་འཛམ་གླིང་འདིར་འགྲོ་བ་མིའི་ཉེ་རིགས་མི་འདྲ་བ་དྲུག་ཙམ་བྱུང་ཡོད། ལར་ནས་སྤྱི་སྲོལ་དང་མི་མཐུན་པ་དེ་ནི་སྔར་གྱི་ཉེ་རིགས་སྣ་ཚོགས་པའི་རང་བཞིན་དེ་མ་ཡིན་པར། ད་ཆར་ཉེ་རིགས་སྣ་ཚོགས་པའི་རང་བཞིན་མེད་པ་དེ་ཡིན། སད་མི་ཚོས་གཉེན་ཚེ་གོང་མ་དག་དྲན་ངོགས་ནས་བསུབ་ཐབས་བྱས་པའི་རྒྱུ་མཚན་ནི་འོག་ཏུ་འཆད་པར་འགྱུར་རོ།།
བསམ་བློའི་རིན་བབ།
མིའི་ཉེ་རིགས་ནང་ཕན་ཚུན་དབར་མི་འདྲ་བའི་ཆ་ཡོད་པ་དེ་ལྟར་ཡང་། དེ་དག་དབར་འདྲ་མཚུངས་ཀྱི་ཆ་གཏན་ནས་མེད་པ་ག་ལ་ཡིན། མིའི་ཀླད་པ་ནི། སེམས་ཅན་གཞན་ལས་ལྟོས་ས་ལྟོས་འཇོག་གིས་ཆེ་བ་ཡོད་ཅིང་། སྤྱིར་བཏང་ལྗིད་ཚད་ཀི་ལོ་གྷ་རམ་དྲུག་ཅུ་ཅན་གྱི་ནུ་གསོས་སེམས་ཅན་ཞིག་གི་ཀླད་པའི་ཆེ་ཚད་ལ་ཁུ་བིག་སེན་ཊི་མི་ཏར་ ༢༠༠ ཙམ་ཡོད། མི་ལོ་ས་ཡ་གཉིས་དང་ལྔ་བརྒྱའི་གོང་གི་གདོན་མའི་སྐྱེས་པ་ཕོ་མོ་དག་གི་ཀླད་པའི་ཆེ་ཚད་ལ་ཁུ་བིག་སེན་ཊི་མི་ཊར་ ༦༠༠ ཙམ་ཡོད་པ་དང་། དེང་དུས་སད་མི་རྣམས་ཀྱི་ཀླད་པའི་ཆེ་ཚད་ནི་ཁུ་བིག་སེན་ཊི་མི་ཊར་ ༡༢༠༠ ནས་ ༡༤༠༠ ཙམ་ཡིན་ཞིང་། ནན་གཤོངས་བའི་ཀླད་པ་ནི་དེ་ལས་ཀྱང་ཆེ་བ་ཡོད་པ་རེད། ང་ཚོའི་སྣང་ངོར་གང་ལ་ཀླད་པ་ཆེ་བ་ཡོད་པ་དེ་དག་འཕེལ་འགྱུར་ཁྲོད་འདེམས་སྒྲུག་བྱེད་ཤག་ཏུ་འདོད་ཅིང་། ང་ཚོ་ལ་རྣམ་དཔྱོད་ཀྱི་རྩལ་གཞན་ལས་ལྷག་པ་ཡོད་པའི་སྤོབས་སེམས་ཀྱིས་རབ་ཏུ་མྱོས་ཏེ། ཀླད་པ་ཇི་ཙམ་ཆེ་ནའང་། ཀླད་ཆེན་གྱི་ནུས་པ་དེ་ཙམ་ཆེ་བ་འདོད་ཀྱི་ཡོད། འོན་ཀྱང་ཚོད་དཔག་དེ་དག་དངོས་འབྲེལ་བདེན་པ་ཡིན་ན། ད་ཚོད་ཞི་མི་ཁྱིམ་ནས་སིལ་གྲངས་བརྩི་ཐུབ་པའི་ཞི་མི་དང་། མཁའ་དབྱིངས་རྟག་དཔྱད་ཀྱི་ལས་རིམ་བཀོད་བསྒྲིགས་ནུས་པའི་སྦལ་པ་ཡང་ཡོད་དགོས་ཚོད་རེད། སེམས་ཅན་གྱི་ཁྱུ་ཚོགས་ནང་ཀླད་བོང་ཆེ་བ་ཧ་ཅང་དཀོན་པའི་རྒྱུ་མཚན་གང་ཡིན་ནམ།
དོན་དངོས་ཐོག་ཀླད་བོང་ཆེ་བ་ནི་ལུས་ཕུང་གི་དཀའ་ངལ་འཕར་མ་ཞིག་ཡིན་ཞིང་། ལྷག་པར་ཐོད་རུས་ཆེན་པོ་ཞིག་གི་ནང་དུ་བཅུག་སྟེ་ཕར་ཚུར་འགྲོ་བསྐྱོད་ཀྱང་བདེ་པོ་མེད། དེ་ལས་ཀྱང་དཀའ་ཁག་ཆེ་བ་ནི་འཚོ་བཅུད་མཁོ་འདོན་བྱེད་རྒྱུ་དེ་ཡིན། སད་མིའི་ཀླད་པ་ནི་གཟུགས་པོ་ཁྱོན་གྱི་ལྗིད་ཚད་ལས་བརྒྱ་ཆ་གཉིས་གསུམ་ཙམ་ཟིན་གྱི་ཡོད་མོད། གཟུགས་པོ་ངལ་གསོ་བཞིན་པའི་གནས་སྐབས་སུ་འཚོ་བཅུད་བརྒྱ་ཆ་ཉེར་ལྔ་ཙམ་དགོས་ཀྱི་ཡོད། དེ་ལྟ་ནའང་། མི་རྒོད་གཞན་ཚོའི་ཀླད་པར་འཚོ་བཅུད་བརྒྱ་ཆ་བརྒྱད་ཙམ་ལས་དགོས་ཀྱི་མེད། གདོན་མའི་མི་ཚོས་
ཐབས་ལམ་མི་འདྲ་བ་གཉིས་ལ་བརྟེན་ནས་ཀླད་པར་འཚོ་བཅུད་མཁོ་འདོན་བྱེད་ཀྱི་ཡོད། དང་པོ། ཟས་ཚོལ་ཕྱིར་དུས་ཚོད་མང་ཙམ་གཏོང་རྒྱུ་དང་། གཉིས་པ། ཤ་སྒྲིམ་གྱི་ཟུང་བཅུད་ཉམས་རྒྱུད་དུ་གཏོང་རྒྱུ་དེ་ཡིན། སྲིད་གཞུང་ཞིག་གིས་སྡེ་སྲུང་གི་སྔོན་རྩིས་ནས། ཤེས་ཡོན་གྱི་སྔོན་རྩིས་ཆེད་འཆར་དངུལ་སྤོ་བཤུ་བྱེད་པ་ལྟར། འགྲོ་བ་མི་ཚོས་ཀྱང་ཤ་སྒྲིམ་ནས་དབང་རྩ་ཕྲ་གཟུགས་ལ་འཚོ་བཅུད་སྤོ་བཤུ་བྱས་ཡོད། ཐབས་བྱུས་དེ་སྰ་ཝན་རྩ་ཐང་དུ་འཚོ་གནས་བྱེད་པར་ཐབས་ལམ་ལེགས་པོ་ཞིག་ཡིན་མིན་སྔ་ས་ནས་ཁ་ཚོན་གཅོད་མི་བཏུབ། ཇི་ལྟར་ཆིམ་པན་ཛི་རྣམས་ཀྱིས་ཁ་བརྩོད་བརྒྱབ་ནས་སད་མི་འགྲོ་བ་རྣམས་ཆམ་ལ་ཕབ་མི་ཐུབ་ཀྱང་། མི་རྒོད་གཅིག་ཁོ་ནས་འགྲོ་བ་མི་སུ་ཞིག་གི་གཟུགས་ཕུང་ཡིན་ནའང་དཀའ་ཚེགས་མེད་པར་རྩ་གཤག་གཏོང་ཐུབ་ཀྱི་ཡོད།
དེང་གི་དུས་སུ་ང་ཚོའི་ཀླད་པ་ཆེན་པོ་ཡོད་པ་ལྟར་གོ་ཆོད་ཀྱི་ཡོད་དེ། ང་ཚོས་ཆིམ་པན་ཛི་ལས་མགྱོགས་པའི་སྣུམ་འཁོར་བཟོ་སྐྲུན་བྱས་ཡོད་པ་མ་ཟད། ངོ་ཐུག་ནས་འཐབ་རྒོལ་བྱེད་མི་དགོས་པར་ཐག་རིང་ས་ནས་ཕ་རོལ་པོ་གསོད་ཐུབ་པའི་མེ་མདའ་སོགས་ཀྱང་བཟོ་སྐྲུན་བྱས་ཡོད། འོན་ཀྱང་། སྣུམ་འཁོར་དང་མེ་མདའ་སོགས་གསར་བསྐྲུན་ཐུབ་ནས་དུས་ཡུན་རིང་པོ་གང་ཡང་སོང་མེད། འདས་པའི་ལོ་ཐེར་འབུམ་གཉིས་ཙམ་གྱི་རིང་། འགྲོ་བ་མིའི་གཟུགས་པོའི་ནང་གི་དབང་རྩ་ཕྲ་གཟུགས་རྣམས་རྒྱུན་ཆད་མེད་པར་སྐྱེ་འཕེལ་བྱེད་ཡོད་མོད། མེ་རྡོ་ལས་གྲུབ་པའི་ཆུ་གྲི་དང་། རྩེ་མོ་རྣོ་བའི་མཚོན་ཆ་རེ་ཟུང་ཙམ་ལས་ཡ་མཚན་ཆེ་བའི་གསར་གཏོད་གང་ཡང་སྟོན་རྒྱུ་མེད། འོ་ན། མི་ལོ་ཐེར་འབུམ་གཉིས་ཀྱི་དུས་ཡུན་ནང་། མིའི་ཀླད་པར་དེ་ལྟ་བུའི་འཕེལ་འགྱུར་ཆེན་པོ་བྱུང་བའི་རྒྱུ་རྐྱེན་ངོ་མ་དེ་གང་ཡིན་ཞེ་ན། ཁ་གསང་ནས་བརྗོད་ན། ང་ཚོས་ཤེས་ཀྱི་ཡོད་མ་རེད།
འགྲོ་བ་མིའི་ཐུན་མིན་གྱི་ཁྱད་གཤིས་གཞན་ཞིག་ཡོད་པ་ནི། རྐང་པ་གཉིས་ཀྱི་སྟེང་འགྲེང་ནས་འགྲོ་ཐུབ་པ་དེ་རེད། གོག་འགྲོས་མི་དགོས་པའི་རྒྱུ་མཚན་གྱིས་གཡས་གཡོན་དུ་ཉེན་ཁ་ཡོད་མེད་བརྟག་སླ་ཞིང་། ལག་པས་ལག་བརྡ་བྱེད་པ་དང་། རྡོ་གཡུག་པ་སོགས་གཞན་དུ་བེད་སྤྱོད་བྱེད་འཐུས། ལག་པའི་ལས་ཀ་འཕར་མ་ཇི་ཙམ་མང་བ་ལས་ཐུབ་པ་དེའི་ཚོད་ཀྱི་དེ་ལྡན་མི་རྣམས་ལ་ཁེ་ཕན་ཆེ་བ་ཡོད་པ་དང་། རིམ་བཞིན་ལག་མཐིལ་དང་མཛུབ་མོ་ལ་གནས་པའི་དབང་རྩ་ཕྲ་གཟུགས་ལ་འཕེལ་འགྱུར་བྱུང་ཞིང་། དེའི་རྗེས་འབྲས་སུ་མིས་ལག་པས་ཡར་ཐོན་ཅན་གྱི་ཡོ་ཆས་བཟོ་སྐྲུན་དང་བེད་སྤྱོད་ཐུབ་པ་སོགས་རྙོག་ཟིང་ཅན་གྱི་ལས་ཀ་ཅི་རིགས་བྱེད་ཐུབ་པར་འགྱུར། ཡོ་ཆས་བཟོ་སྐྲུན་གྱི་བདེན་དཔང་རྙིང་ཤོས་དེ་ནི། མི་ལོ་ས་ཡ་༢་༥ སོང་ཟིན་པ་དང་། གནའ་ཤུལ་དཔྱད་ཞིབ་པ་ཚོས་ཡོ་ཆས་བཟོ་སྐྲུན་དང་བེད་སྤྱོད་གཏོང་སྟངས་སོགས་ལ་བརྟེན་ནས་གདོན་མའི་འཚོ་བ་རྒྱུས་ལོན་བྱེད་ཀྱི་ཡོད།
དེ་ལྟར་ཡིན་མོད་ཀྱང་། འགྲེང་ནས་འགྲོ་ཐུབ་པའི་ཁྱད་ཆོས་དེ་ལ་ཉེས་སྐྱོན་མེད་པ་མིན་ཏེ། རང་ཅག་གི་ཡབ་མེས་ཚོའི་རུས་སྒྲོམ་ནི་ལྟོས་འཇོག་གི་མགོ་བོ་ཅུང་ཟད་ཆུང་ལ་རྐང་ལག་བཞི་ཀ་བཙུག་ནས་གོག་འགྲོས་བྱེད་མཁན་ཞིག་གི་ཆེད། མི་ལོ་ས་ཡ་མང་པོའི་དུས་ཡུན་ནང་རིམ་པས་འཕེལ་འགྱུར་བྱུང་ཡོད་པས། ད་ཆ་ཡར་ལངས་ནས་གོམ་པ་རྒྱག་མཁན་ཞིག་ལ་བསྟུན་འགྱུར་བྱུང་སྐབས་གདོང་ལེན་བྱེད་དགོས་པའང་ཡོད། ལྷག་པར་ཀླད་རུས་ཆེན་པོ་ཞིག་ཐེག་པར་དཀའ་ཚེགས་མེད་པ་མིན། དེ་ལྟ་བུ་འགྲོ་བ་མིའི་འཆར་སྣང་དང་། ལས་ཕྱོད་ཆེ་བའི་ལག་པ་དེའི་
ཉེར་ལེན་ནས་མཇིངས་རྩ་འཆུས་པ་དང་། ལྟག་རྒྱབ་ན་བ་སོགས་ཡོང་གི་ཡོད།
བུད་མེད་ཚོས་གདོང་ལེན་བྱེད་དགོས་པ་ནི་དེ་ལས་མང་བ་ཡོད། འགྲེང་སྟབས་ཀྱི་ཆེད་དུ་སྟ་ཟུར་རམ་དཔྱི་མགོའི་ཁ་ཞེང་དོག་པོ་དགོས་པས་མངལ་ཁ་བཅུམ་འགྲོ་བ་དང་དུས་མཚུངས། མངལ་གནས་བྱིས་པའི་མགོ་བོ་ཡང་ཆེ་རུ་འཕེལ་འགྱུར་འགྲོ་བཞིན་པ་རེད། དུས་སྐབས་དེར་ཕྲུ་གུ་བཙས་རྒྱུ་ནི་བུད་མེད་ཀྱི་འཆི་རྐྱེན་གཙོ་བོ་ཞིག་ཏུ་གྱུར། འོན་ཀྱང་། མ་འབྱར་གྱི་མགོ་བོ་ལྟོས་འཇོག་གིས་ཆུང་ཆུང་དང་མཉེན་པོ་ཡིན་སྐབས་ཕྲུ་བུ་སྔ་བསྣུར་གྱིས་བཙས་ཐུབ་ཚེ་ཨ་མ་ལ་ཉེན་ཁ་ཆུང་བ་དང་། ཕྲུ་གུ་མང་བ་སྐྱེ་ཐུབ་ཀྱི་ཡོད་པའི་འབྲས་རྟགས་སུ། རང་བྱུང་འདེམས་སྒྲུག་ཁྲོད་སྔ་བཙའ་ལ་གོ་ས་ཆེ་བ་ཟིན་ཡོད། སེམས་ཅན་གཞན་དང་བསྡུར་ན། ཕྲུ་གུའི་ཡན་ལག་ཕལ་མོ་ཆེ་འཚར་ལོང་ཡོངས་སུ་མ་རྫོགས་པའི་སྔོན་ཚུད་ནས་བཙའ་བ་ནི་སྔ་ཐལ་དང་དུས་ལ་མ་བབས་པ་ཞིག་ཡིན། རྟེའུ་དག་སྐྱེས་ནས་རིང་པོ་མ་ལོན་པར་བང་འགྲོས་ཐུབ་པ་དང་། ཞིམ་ཕྲུག་ཡང་སྐྱེས་ནས་བདུན་ཕྲག་ཁ་ཤས་ནང་ཨ་མ་ལ་མ་བརྟེན་པར་ཟས་འཚོལ་བར་འགྲོ་
ཐུབ་ཀྱི་ཡོད། དེ་ལྟ་ནའང་། བྱིས་པ་རྣམས་ནི་འཚར་ལོང་དང་། བདག་སྐྱོང་། ཤེས་ཡོན་སྦྱོང་བ་སོགས་ལོ་ངོ་མང་པོའི་རིང་གཞན་ལ་བརྟེན་དགོས་ཀྱི་ཡོད།
འགྲོ་བ་མིའི་ཐུན་མིན་སྤྱི་ཚོགས་ཀྱི་ནུས་པ་དང་། དཀའ་རྙོག་མང་དག་ཅིག་གོང་ཞུས་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་བྱུང་བ་དང་། ཨ་མ་ཁེར་རྐྱང་ཞིག་གིས་རང་ཉིད་དང་ཕྲུ་གུའི་ཆེད་ལྟོ་ཆས་འདང་ངེས་ཤིག་འཚོལ་ཐུབ་ཁག་པོ་རེད། མི་ཞིག་སྐྱེད་པར་སྡེ་ཞིག་དགོས་ཞེས་པའི་ཁ་དཔེ་ལྟར་སྤུན་མཆེད་དང་། ཁྱིམ་མཚེས་སོགས་ཀྱི་རོགས་སྐྱོར་ལ་མ་བརྟེན་པར་ཕྲུ་གུ་སྐྱེད་སྲིང་བྱེད་མི་ཐུབ། དེར་བརྟེན། སྤྱི་ཚོགས་ཀྱི་འབྲེལ་ལམ་ཇི་ཙམ་བཟང་བ་འཛུགས་ཐུབ་ན་དེ་ཙམ་འཕེལ་འགྱུར་ཁྲོད་འཚོ་གནས་བཟང་བ་ཐུབ་ཀྱི་ཡོད། ལར་ནས་མིའི་འགྲོ་བས་ཕྲུ་གུ་སྔ་ཐལ་གྱིས་བཙའ་གི་ཡོད་པས། སྤྱི་ཚོགས་ཀྱི་འབྲེལ་ལམ་འཛུགས་ཐབས་སོགས་ཀྱི་སྐོར་ལ་སློབ་གསོ་རྒྱག་ཀྱང་སེམས་ཅན་གཞན་དང་བསྡུར་ན་ཧ་ཅང་གི་འཇུག་བདེ་བ་ཡོད། ནུ་གསོས་སེམས་ཅན་ཕལ་མོ་ཆེ་མངལ་ནས་སྐྱེས་སྐབས་སྲེག་ཐབ་ནས་འཕྱུང་བའི་རྫ་ཆས་དང་འདྲ་བར། བཟོ་དབྱིབས་ལ་བརྗེ་བསྒྱུར་བྱེད་པར་བརྩམས་ན་ཆག་རྒྱུ་ལས་མ་འདས། འོན་ཏང་། མངལ་ནས་སྐྱེས་མ་ཐག་པའི་བྱིས་པ་ནི་ཁྲོ་ཐབ་ནས་འཕྱུང་མ་ཐག་པའི་ཞུན་ཤེལ་དང་གཉིས་སུ་མེད་པར་བཟོ་དབྱིིབས་བརྗེ་བ་དང་། འཐེན་རྒྱོང་བྱེད་པ་སོགས་ཅི་རིགས་བྱེད་འཐུས། དེང་གི་ཆར། བྱིས་པ་ཚོ་ཡེ་ཤུ་བ་དང་། ནང་པ། མ་རྩ་རིང་ལུགས་པ་དང་། སྤྱི་ཚོགས་རིང་ལུགས་པ། དམག་འཁྲུག་ལ་དགའ་བའམ། ཞི་བདེ་ལ་མོས་པ་སོགས་བསམ་བློའི་སློབ་གསོ་ཅི་རིགས་རྒྱག་ནུས་པ་ཡང་རྒྱུ་མཚན་དེ་ལ་བརྟེན་ནས་བྱུང་།
ཀླད་པའི་བོང་ཚད་ཆེ་བ། ཡོ་ཆས་བེད་སྤྱོད་ཤེས་པ། ཤེས་རྟོག་གི་ནུས་པ་བཟང་བ། སྤྱི་ཚོགས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ་སོགས་ལ་ང་ཚོས་དགེ་མཚན་ཆེ་བ་བལྟ་གི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་འགྲོ་བ་མི་རྣམས་ས་སྒང་འདིའི་སྟེང་དབང་ཆེ་ཤོས་ཀྱི་གོ་ས་ཐོབ་ཡོད་པ་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད། འདས་པའི་ལོ་ངོ་ཐེར་འབུམ་གཉིས་ཙམ་གྱི་རིང་འགྲོ་བ་མིས་ཁེ་ཕན་དེ་ཐམས་ཅད་ལོངས་སུ་སྤྱོད་ཡོད་ནའང་། ཁོང་ཚོའི་འཚོ་བ་ནི་ངན་ངོན་ཙམ་དང་ཉག་ཕྲ་བ་ཡིན། དེར་བརྟེན། ལོ་ངོ་ས་ཡ་གཅིག་ཙམ་གྱི་སྔ་རོལ་དུ་འཚོ་བའི་མི་རྣམས་ཀྱི་མགོ་ལ་ཀླད་པ་ཆེན་པོ་དང་། ལག་ན་མཚོན་ཆ་རྣོ་པོ་ཐོག་རྒྱུ་ཡོད་ཀྱང་། སྲོག་ཆགས་གཞན་གྱིས་གཙེས་པར་དོགས་པའི་འཇིག་སྣང་ཁོ་ནའི་འོག་འཚོ་གནས་བྱས་ཡོད་ཅིང་། ཁོང་ཚོས་རྔོན་བྱ་ཆེན་པོ་གསོད་རྒྱུ་ལྟ་ཅི། རྩི་ཤིང་འཐུ་བ་དང་། འབུ་སྲིན་བཟུང་བ། སྲོགས་ཆག་ཆུང་ཆུང་ཟ་བ། ཤ་ཟན་སེམས་ཅན་གཞན་གྱིས་ཟ་ཤུལ་ཤི་རོ་བཅས་ལ་བརྟེན་ནས་ཁ་གསོས་ཀྱི་ཡོད།
གདོན་མིའི་མིས་བཟོས་པའི་མཚོན་ཆ་ཕལ་མོ་ཆེ་ནི། རུས་པ་བཅག་གཏོར་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། དེ་ཡང་རྐང་དམར་ཐོབ་ཕྱིར་དུ་ཡིན་པ་རེད། ཉམས་ཞིབ་པ་ཁག་ཅིག་གིས་རྐང་དམར་འདོན་ཟ་བྱེད་རྒྱུ་དེ་གདོན་མིའི་འགྲོ་བའི་ཆེད་ལས་ལྟ་བུ་ཡིན་པར་འདོད་ཀྱི་ཡོད། ཇི་ལྟར་ཤིང་རྟ་མོས་ལྗོན་པའི་གཞུང་རྟ་བརྐོས་ཏེ་འབུ་སྲིན་ལེན་པ་ལ་མཁས་པ་ལྟར། ཡ་ཐོག་གི་མི་རྣམས་ཀྱང་རུས་པ་བཅག་ནས་རྐང་དམར་འདོན་པ་ལ་བྱང་ཆུབ་སྐད། རྒྱུ་མཚན་ཅིའི་ཕྱིར་རྐང་དམར་འདོན་གྱི་ཡོད་དམ་ཞེ་ན། བརྗོད་པར་བྱ་སྟེ། སེངྒེ་ཁྱུ་ཚོགས་ཤིག་གིས་རྟ་ཕྲ་སྐེ་རིང་ཞིག་བསད་ནས་ཧེབ་ཟ་བྱེད་བཞིན་པ་མཐོང་ན། རེ་ཞིག་སེངྒེ་རྣམས་ལྟོ་མ་འགྲང་གི་བར་དུ་སྒུགས་རྒྱུ་ལས་མ་འདས། དེ་ནས་ཅེ་སྤྱང་དང་འཕར་བ་རྣམས་ཀྱི་རེས་མོས་འཁོར་བས་ཁྱེད་ཀྱིས་དེ་དག་ལའང་བར་ཆད་གཏོང་མི་ནུས། སྤྱང་རིགས་དེ་དག་ཀྱང་ཡིད་ཚིམ་ནས་ཐོན་པ་ན། ཁྱེད་དང་ཁྱེད་ཀྱི་རོགས་པ་ཚོའི་རེས་མོས་འཁོར་བ་ཡིན་པས་ད་གཟོད་གཞིས་ནས་ཤི་རོ་
་ལ་བཅར་ཕོད་ཅིང་། ཤ་རྒྱུས་སོགས་ཟ་ལོ་བ་ག་རེ་ལྷག་ཡོད་མེད་འཚོལ་བར་བྱེད་ཀྱི་རེད།
འདི་ནི་ང་ཚོའི་བྱུང་རབས་དང་སེམས་ཁམས་ལ་རྒྱུས་ལོན་བྱེད་ཐབས་ཀྱི་ལྡེ་མིག་ལྟ་བུ་ཡིན། ཧོ་མོའི་རྒྱུད་པར་གཏོགས་པའི་འགྲོ་བ་རྣམས་ཉེ་དུས་བར་གཟན་ཕྲེང་གི་དབུས་ན་གནས་ཡོད། མི་ལོ་ས་ཡ་མང་པོའི་རིང་འགྲོ་བ་མི་རྣམས་ཀྱི་སྲོག་ཆགས་ཆུང་བའི་རིགས་ཁོ་ནར་གཤོར་ཞིང་། དུས་མཚུངས་རང་ཉིད་ཀྱང་སྲོག་ཆགས་ཆེ་བ་གཞན་གྱི་རྔོན་བྱ་ཡིན་པ་རེད། མི་ལོ་ ༤༠༠ ༠༠༠ ཙམ་གྱི་སྔ་རོལ་ན་ད་གཟོད་གཞི་ནས་འགྲོ་བ་མིའི་ཉེ་རིགས་རེ་ཟུང་གིས་སྲོག་ཆགས་ཆེ་བའི་རིགས་ཉིན་ལྟར་རྔོན་རྒྱག་པའི་འགོ་བཙུགས་ཡོད་པ་དང་། འདས་པའི་ལོ་ངོ་ཆིག་འབུམ་ཙམ་གྱི་ནང་འགྲོ་བ་སད་མི་བྱུང་བ་དང་དུས་མཉམ་དུ་འགྲོ་བ་མི་ཡང་གཟན་ཕྲེང་གི་དབུས་ནས་རྩེ་མོར་ཐོད་རྒལ་བྱས་པ་རེད།
འདི་ལྟ་བུ་གཟན་ཕྲེང་གི་དབུས་ནས་རྩེ་མོར་ཐོད་རྒལ་བྱས་པར་འཇུག་འབྲས་ངེས་ཅན་ཞིག་ཡོད། སྟག་དང་། ཉ་ཆེན་ལྟ་བུར་མཚོན་ན། ལོ་ངོ་ས་ཡ་མང་པོའི་རིང་གདན་ཐོབ་འདི་ལ་རིམ་གྱིས་འཕེལ་འགྱུར་བྱུང་ཡོད་པས། དེ་གཉིས་ཀྱིས་སྣོད་བཅུད་གཉིས་ལ་གོད་ཆགས་ཆེན་པོ་བཟོ་མི་ཐུབ་པའི་རྟེན་འབྲེལ་དུ་གྲུབ་ཡོད། དཔེར་ན། སེང་གེ་རྣམས་སྔར་བས་ཉེན་ཚབས་ཆེ་བར་འགྱུར་ན། རི་དྭགས་རྣམས་ཀྱང་སྔར་བས་ཇེ་མགྱོགས་སུ་འཕེལ་འགྱུར་བྱུང་བ་དང་། ལྕེ་སྤྱང་རྣམས་སྔར་བས་མཉམ་རུབ་བྱེད་མཁས་པ། བསེ་རུ་རྣམས་སྔར་བས་གཏུམ་དྲག་ཇེ་ཆེར་འགྲོ་གི་ཡོད། འོན་ཏང་། འགྲོ་བ་མི་རྣམས་གློ་བུར་དུ་གཟན་ཕྲེང་གི་རྩེ་མོར་ཐོད་རྒལ་བྱས་པར་སོང་། རང་བྱུང་ལ་དེ་ལྟ་བུ་རྟེན་འབྲེལ་འགྲིག་པའི་དུས་ཚོད་བྱུང་མེད་པ་མ་ཟད། འགྲོ་བ་མི་རྣམས་ཀྱིས་ཀྱང་རྟེན་འབྲེལ་བསྒྲིགས་ཐུབ་མེད་པ་རེད། གཞན་ཕྲེང་གི་རྩེ་མོར་གནས་ཞིང་། གཞན་ཟས་སུ་སྤྱོད་པའི་སྲོག་ཆགས་ཕལ་མོ་ཆེ་ནི་རྔམ་བརྗིད་ཆེ་བའི་སེམས་ཅན་ཁོ་ན་རེད། མི་ལོ་
ས་ཡ་མང་པོར་གདན་ཐོབ་དེར་གནས་པའི་འབྲས་རྟགས་སུ་སེམས་ཅན་དེ་དག་ལ་གདེང་ཚོད་ཧ་ཅང་ཆེན་པོ་ཡོད། སད་མི་ནི་དེ་ལས་བཟློགས་ཏེ་དབང་ཐང་ཞན་པའི་རྒྱལ་ཕྲན་ཞིག་དང་སྒོ་ཀུན་ནས་མཚུངས་པ་དང་། མུ་མེད་ཀྱི་རྩ་ཐང་ནང་གི་འཇིགས་པ་ལས་གྲོལ་ཏེ་ཡུན་རིང་འགོར་མེད་པར་བརྟེན། སོ་སོའི་གདན་ཐོབ་དེར་འཇིགས་སྣང་དང་སེམས་ཁྲལ་གྱིས་གནར་ནས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་ནི་སེམས་ཅན་གཞན་ལས་ཀྱང་གདུང་རྩུབ་དང་། ཉེན་ཁ་ཆེ་བ་ཡོད། འཇིག་ཡེར་བའི་དམག་འཁྲུག་དང་། ཁོར་ཡུག་ཉམས་ཆག་སོགས་འདས་ཟིན་པའི་གོད་ཆག་ཕལ་མོ་ཆེ་གཟན་ཕྲེང་ལ་ཐོད་རྒལ་བྱས་པ་ལས་བྱུང་བ་རེད།
ཡག་པོ་འདུག ཆ་ཚང་ལྟས་མ་ཚར་ཐ་་་་་་
ཡག་པོ་བསྒྱུར་འདུག མུ་མཐུད་ནས་ཡིན་ད།
བསྐལ་པ་རྫོགས་ལྡན། ཚེ་ལོ་བརྒྱད་ཁྲི་བཞི་སྟོང་། ཚེ་ལོ་བཅུ་པ། མང་བཀུར་བའི་རྒྱལ་པོ། ད་དེ་ཚོ་འཇའ་ཡོལ་བགྱིད་ཡོད་པ་འདྲ། ཧ་ཧ།།
སད་མི་ཞེས་པའི་གོ་དོན་གསལ་བོ་རང་མ་བྱུང་། བོད་རྒྱལ་ཁྲི་སྲོང་སྐབས་ཀྱི་སད་མི་བདུན་དྲན་དུ་བཅུག་སོང་བ་ཙམ་རེད་འདུག
དུད་འགྲོའི་བྱུང་རབས་དང་། མིའི་བྱུང་རབས་གཉིས་ལ་ཁྱད་པར་ཆེ་ཙམ་ཡོད་དགོས་འདུག་སྙམ་ཡང་། ཚན་རིག་རིགས་པས་སྒྲུབ་ཐུབ་པ་ཞིག་ཨ་ཡིན་ནམ་སྙམ་མོ།།
ཇ་མ་ལགས་དང་། རྟ་དབྱངས་ལགས་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་བར་ཡག་བྱུང་། ད་ལན་གྱི་རྒྱུར་རྩོམ་འདི་ཚོད་ལྟའི་ཚུལ་དུ་སྤེལ་བ་ཡིན། དཔེ་དེབ་འདི་ཁོ་བོའི་བློ་ངོར་ཧ་ཅང་འཐད་ཅིང་། བོད་ཡིག་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་གཤམ་ཐུབ་ན་ཅི་མ་རུང་སྙམ་བཞིན་ཡོད། ཚོད་ལྟའི་འགྱུར་རྩོམ་འདི་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་ཡག་པོ་འདྲ་བྱུང་ན་དཀའ་ལས་རྒྱག་ངེས་ཡིན།
གླེང་སྟེགས་འདི་ལྟ་བུ་བརྒྱུད་ལྷན་རྒྱས་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་བརྗོད་ན་ཧ་ཅང་ཕན་ཐོག་འདུག
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུར། ཡིག་སྒྱུར་སྐབས་བརྗོད་དོན་རང་སོར་བསྒྱུར་དགོས་པ་ལས། ཡར་འཐེན་མར་འཐེན་བྱེད་མི་རུང་བར་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ཀྱང་ལམ་སྟོན་གནང་འདུག ཁྱད་པར་འགྱུར་གཞི་རྩོམ་ཡིག་དེ་ལྟ་གྲུབ་བྱེ་བྲག་པ་ཞིག་གི་ཁྱབ་ཁོངས་སུ་མེད་ན། དེ་འབྲེལ་གྱི་ཐ་སྙད་སྤྱོད་ན་འོས་འཚམ་མ་མཐོང་། ཚེ་ལོ་བརྒྱ་པ་དང་བཅུ་པ་ཟེར་བ་དེ་དག་ཆོས་ལུགས་བྱེ་བྲག་པ་རེ་ཟུང་གི་ལྟ་ཚུལ་ལ་གཞིགས་ནས་གསུངས་པ་རེད། གུས་པའི་འགྱུར་རྩོམ་འདི་ལོ་རྒྱུས་རིག་པའི་དཔེ་དེབ་ཅིག་རེད་ལ། དེ་ཡང་དེང་རབས་དཔྱད་ཐབས་གཞིར་བཞག་བྱས་ནས་བྲིས་པ་ཞིག་རེད་འདུག ཁྱབ་ཁོངས་དེའི་ནང་ལོ་ཚིག་བརྩི་སྟངས་དང་། འགྲེལ་བཤད་བྱེད་སྟངས་ཤིག་ཡོད་ཙང་། ཉ་ཉུང་མ་བསྲེས་ན་བཟང་སྙམ། སྐུ་ཉིད་ཀྱི་མཆན་འགོད་སྐབས་གང་ཉིད་ཀྱི་རིག་གནས་རྒྱབ་ལྗོངས་ཁོ་ན་གཞིགས་ནས་གསུངས་གནང་གི་འདུག སྤྱིར་བཏང་གང་ཟག་སུ་ཡིན་ནའང་། རང་གི་བསམ་བློ་དང་གོམས་གཤིས་སོགས་རང་གི་ཆད་སྦྱོང་བྱས་པའི་རིག་གནས་དེའི་ཤུགས་རྐྱེན་ཐེབས་འོང་བ་ཆོས་ཉིད་ཅིག་རེད་ལ་དེ་ནོར་བ་རེད་ཟེར་གྱི་མེད། ཡིན་ནའང་། ཁྱབ་ཁོངས་དང་། བརྗོད་གཞི་ཚན་པ་གང་ཡིན་མ་ནོར་བར་བཀླགས་ན་འཇུག་བདེ་བར་སེམས།
ཐུབ་སསྟན་ལགས་སོགས་ཀྱི་བོད་ཡིག་ཐོག་སྒྱུར་རྩོམ་དང་། གསར་ཡོད་ཚད་དགའ་བསུ་མུ་མཐུད་ནས་ཞུ་མཁན་ཡིན་པས། ཐུགས་གཡེང་མ་གནང་རོགས་གནོངས།
ངས་ཀྱང་མི་རིགས་དཀར་པོའི་ལོ་རྒྱུས་རོབ་ཙམ་ཤེས་ཙང་། ཁོང་ཚོའི་དཔྱད་ཞིབ་དེ་དག་ནང་ལ་ག་རེ་ཆད་འདུག་སྙམ་ན། སྤྲ་མི་ནས་རྡོ་ཆས་དུས་རབས་ཀྱི་སྐོར་དེ་ནས་བཤད་པ་དང་། དེ་ནས་མི་ཡི་རུས་པ་རེད་ཟེར་བ་ལོ་ས་ཡ་མང་པོ་ཕྱིན་པ་འགྲེལ་བཤད་བྱེད་ན་ཡང་།
མིའི་སྲིད་པའི་དཔལ་ཡོན་དར་བའི་ཁུངས་ནི། ལོ་ལྔ་སྟོང་། དྲུག་སྟོང་ངམ། བདུན་སྟོང་ལྷག་ནས་ཡར་བསྟན་ཡ་གང་ཡང་མ་འདུག་སྙམ་ནས་བསྡད་ཡོད།
ད་དེ་ཚོ་གཡུག་ཁྱེད་རང་གི་སྒྲུར་རྩོམ་ནང་གི་སད་མི་ཚིག་འདི་ཡི་ཁུངས་སམ། ཡང་ན་དོན་གསར་པ་གང་སྟོན་སྙམ་པས་དེའི་ལན་ཅིག་ཡོད་ན་ཀུན་ལ་ཕན་ངེས་སོ།།
ནང་ཆོས་ཀྱིས་མི་རྣམས་བཏུལ་མ་ཐུབ་ན། ཚན་རིག་གི་ཡར་རྒྱས་དང་། མིའི་འདོད་རྔམས་གཉིས་ཀྱིས་ཛམ་གླིང་ཕུང་ལ་སྦྱར་མི་སྲིད་པ་མ་རེད་དོ།
ཚན་རིག་པས་བཤད་པའི་འདས་པའི་ལོ་རྒྱུས་ཀྱིས་འགྲོ་བ་མི་ལ་ཕན་ཐོགས་གང་ཡང་མེད། ཚན་རིག་པས་མ་འོངས་པའི་འགྲོ་བ་མི་དང་དུད་འགྲོ ཁོར་ཡུག་སྲུང་སྟངས་སྐོར་ལ། མ་འོངས་ལུང་བསྟན་ལྟ་བུའི་ཚོད་དཔག་བཤད་ཐུབ་ན་མི་རྣམས་ཀྱི་བསམ་བློ་བཅོས་སྒྱུར་ལ་ཕན་ཐོགས་འོངས་མི་སྲིད་མ་རེད།
ང་ཚོ་ཤར་ཕྱོགས་པའི་བོད་ཡིག་གི་རྩོམ་རིག་རྙིང་པའི་ནང་ལ། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་ཡབ་སྲས་གཙང་མའི་ཡར་སྔོན་གྱི་བརྒྱུད་པ་ལ་རྒྱལ་རབས་ཁྲི་ཁྲག་མང་པོ་ཡོད་པ་གསུངས་པ་དང་།
དེའི་ནང་ཡ་མཚན་ཤོས་གཅིག་ནི། སངས་རྒྱས་འོད་སྲུངས་སྐབས་ཀྱི་རྒྱལ་པོ་ཀྲི་ཀྲིའི་སྐོར་དང་། ཁོང་གི་རྨི་ལམ་ངན་པ་བཅུ་པོ་དག ད་ལྟ་ང་ཚོའི་དུས་རབས་ལ་བྱུང་ཟིན་པ་ཙམ་མ་ཟད་ལྷག་མ་ཡང་ལྷག་བསྡད་པ་འདི་ཚོའི་སྐོར་འགྲོ་གླེང་ཐུབ་ན། མངོན་པ་མཛོད་ནས་བཤད་པའི་རི་རབ་ནང་བཞིན་མིན་པ་འདྲ།
ད་དུང་དེ་ལས་ལྷག་པ་ཞིག་ནི། ཛམྦུ་གླིང་གི་རྒྱ་གར་སྐད་དོད་དུ། ཛམྦུ་དྭིབ་ཟེར་བ་འདིས་གང་བསྟན་ཡོད་དམ། ཟེར་ན། སྔར་རྒྱ་གར་འདི་དིང་གི་ཤྲི་ལངྐ་ནང་བཞིན་མཚོ་གླིང་ཞིག་ཡིན་དེ། ནང་པའི་གཏམ་བརྒྱུད་ནང་ལ་ཡོད་པ་རེད།
དེ་དིང་ཚན་རིག་པས་ཀྱང་རྒྱ་གར་འདི་ཡང་། ཨ་ཕི་རི་ཀ་ནས་གོ་ལའི་ཆ་ཤས་ཤིག་ཡར་ཡར་བསླེབས་ནས་མཐར་ཇོ་མོ་ལུང་མ་ལ་སོགས་པའི་ཧི་མ་ལའི་རི་བོ་དག་བྱུང་བ་གཉིས་ཏག་ཏག་ཁ་མཐུན་པ་འདི་ཚོ་ལ་ང་ནི་ཡ་མཚན་སྐྱེ་བཞིན་ཡོད།
ང་ཕྱི་རྒྱལ་བསླེབས་ནས་མི་ལོ་སུམ་བཅུ་ཙམ་བསླེབས་སོང་ཁོང་ཚོའི་རྩོམ་རིག་ཐོག་ཤེས་བྱ་ང་རང་དགོས་པའི་གསར་པ་གཅིག་རྙེད་མ་བྱུང་། མི་དགོས་པའི་མིའི་ལོ་རྒྱུས་ནང་ལ་གཅིག་གིས་གཅིག་ཐུབ་ཚོད་དང་། བཀོལ་སྤྱོད་དང་། དམར་གསོད་གཏོང་སྟངས་གཅིག་ལས་གང་ཡང་བྱུང་མི་འདུག་པས་་་་་་་་་་་་་་་ ད་རིང་དྲགས་སོང་་་་་་
མཁྱེན་ལྡན་པ་ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུར། སད་མི་ཞེས་པའི་ཐ་སྙད་འདི་ཐོག་མའི་བྱུང་ས་ཁྱེད་ཀྱིས་ཁ་སྔོན་གསུངས་པ་ལྟར། ཆོས་རྒྱལ་ཁྲི་སྲུང་སྡེ་བཙན་སྐབས་བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་མི་བདུན་ཞེས་པ་དེ་རེད་ལ་པདྨ་བཀའ་ཐང་སོགས་སུའང་ཐ་སྙད་དེ་ག་རང་བེད་སྤྱོད་གནང་འདུག སྦ་གསལ་སྣང་ལ་སོགས་པའི་མི་བདུན་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཐོག་མར་ཞུགས་པས་རིག་སད་པའམ་བསམ་བློའི་རྨོངས་གཉིད་ལས་སད་པའི་ཆ་ནས་དེ་ལྟར་བཏགས་པ་ཡིན་ཤས་ཆེ། དེའི་སྐོར་སྐུ་ཉིད་ནས་མཁྱེན་ངེས་ལགས་ན། སྐབས་བབས་སྒྱུར་རྩོམ་འདིའི་ནང་སད་མི་ཞེས་པ་དེ་གང་ལ་གོ་དགོས་མིན་སྐོར་མདོ་ཙམ་ཞུས་ན། ཉེ་སྔོན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱིས་བོད་བསྒྱུར་་གནང་བའི་ཚན་རིག་གི་ཤེས་བྱ་དང་འབྲེལ་བའི་སློབ་དེབ་གསར་པ་ཁག་ཅིག་འགྲེམ་སྤེལ་གནང་ཡོད་པའི་ཁོངས་སྐྱེས་དངོས་ཚན་རིག་གི་ངོ་སྤྲོད་སློབ་དེབ་གཅིག་གི་ནང་ལ་མིའི་བྱུང་རབས་སྐོར་བཤད་པའི་སྐབས་སུ་ཐ་སྙད་འདི་བེད་སྤྱོད་བྱས་པ་མཐོང་འཕྲལ་ཐ་སྙད་འཇུག་པོ་ཞིག་བསམ་ནས་ཕྲན་གྱིས་ཀྱང་དེ་མུར་བེད་སྤྱོད་བྱས་པ་ཡིན། སྤྱིར་བཏང་མི་རྒྱུད་དཔྱད་རིག་པ་. Anthropologist ཞེས་པ་མིའི་བྱུང་རབས་དཔྱད་རིག་པ་དང་། ཚན་རིག་པ་ཚོས་སྐྱེ་ལྡན་སྲོག་ཆག་རྣམས་ཉེ་རིགས་དང་རྒྱུད་ཀྱི་སྒོ་ནས་སྡེ་ཚན་ཕྱེ་བར་བྱེད་པའི་སྐོར་མ་རྩོམ་ནང་རྒྱས་པར་བཤད་འདུག རྒྱུད་གཅིག་པའི་སྲོག་ཆག་ཡིན་ན་ཉེ་རིགས་གཅིག་པ་ཡིན་པའི་ཁྱབ་པ་མེད་པར་བཤད། གནའ་དུས་སུ་གླིང་འདིར་རྒྱུད་པ་མི་ཡིན་ཞིང་། ད་ལྟ་འཚོ་བཞིན་པའི་མི་དེ་དང་མི་མཚུངས་པའི་མིའི་ཉེ་རིགས་ཤིག་ཡོད་པས་འགྲོ་བ་མི་ Human ཞེས་པ་འདི་ད་ལྟ་འཚོ་བཞིན་པའི་མི་ཁོ་ན་ལ་གོ་རྒྱུ་མིན་ལ། ད་ལྟ་ནི་བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ལྟར་གྱུར་ཟིན། དེས་ན་མིའི་རྒྱུད་པ་ལ་ཉེ་རིགས་དུ་མ་ཡོད་པ་ལས་ད་ལྟ་འཚོ་བཞིན་པའི་ང་ཚོའི་བརྒྱུད་པ་དེ་ལ་ Homo Sapiens ཞེས་བཏགས་ཡོད། Homo ཞེས་པ་འགྲོ་བ་མི་དང་། Sapiens སེ་པེནྶ་ ཞེས་པའི་ཐ་སྙད་འདི་བྱེ་བྲག་ང་ཚོ་དང་འདྲ་བའི་རིགས་ལ་བཏགས་པ་ཞིག་རེད། Sapiens སེ་པེནྶ་ཞེས་པ་ལེ་ཊིན་གྱི་ཚིག་གཅིག་ཡིན་པ་དང་། རྣམ་དཔྱོད་དང་ལྡན་པའམ་རིག་པ་དང་ལྡན་པའི་དོན་ལ་འཇུག མདོར་བསྡུས་ན་ང་ཚོས
་རང་ཉིད་གང་དུ་གཏོགས་པའི་མིའི་ཉེ་རིགས་འདི་མིའི་ཉེ་རིགས་གཞན་ལས་རྣམ་དཔྱོད་བཟང་བ་ཡོད་ཤག་བྱས་ནས་མིང་དེ་ལྟར་བཏགས་པ་རེད། བྱས་ཙང་སྐབས་འདིར་སད་མི་ཞེས་པའི་ཐ་སྙད་འདི་ Sapiens ཞེས་པའི་དོན་ལ་བསྒྱུར་འདུག་པ་ཡག་པོ་འདྲ་ཞིག་མཐོང་སོང་། གཞན་ཨིན་ཡིག་གི་ཐ་སྙད་རང་སོར་བཞག་ན་དགོས་པ་ཆེར་མེད་ལ་དཔྱོད་ལྡན་ལྟ་བུ་དོན་བསྒྱུར་བྱེད་རིགས་ཀྱང་། དེས་མིའི་ཉེ་རིགས་ཤིག་ལ་གོ་དགོས་པ་བསམ་བློ་འཁོར་དཀའ་ཞིང་འཁྲུལ་གཞི་ཆེ་བ་ཡོད། དེས་ན་སད་མི་ཞེས་པའི་ཐ་སྙད་འདི་སྤྱད་ཚེ་རབ་བྱུང་གི་ཐོག་མར་སད་མི་མི་བདུན་ལ་གོ་བ་ནི་སྐབས་དོན་དང་མ་འབྲེལ་བས་ད་རིག་སད་མཁན་ལྟ་བུ་ཞིག་ལ་གོ་དགོས་པ་འདྲ་ཞེས་མ་ཡིག་དང་བུ་ཡིག་གཉིས་ཀྱི་དབར་བར་ཐག་ཐུང་དུ་གཏོང་ཐུབ་ཀྱི་འདུག་སྙམ། འོན་ཏང་ཚན་རིག་ལོ་ཙྰ་བ་ཚོས་དགོངས་པ་དེ་ལྟར་བཞེས་ནས་ཐ་སྙད་བཏགས་ཡོད་མེད་མི་མི་ཤེས།
ཁྱེད་ཀྱི་མཆན་མཐའ་མ་དེ་དང་འབྲེལ་ནས་སྐད་ཆ་ཕྲན་བུ་ཞིག་ཞུ་འདོད་བྱུང་། ད་ཆ་ཚན་རིག་གི་ཡར་རྒྱས་ལ་བརྟེན་ནས་ཁོར་ཡུག་ལ་གོད་ཆག་སྣ་ཚོགས་བྱུང་དང་འབྱུང་བཞིན་པར་སོང་། མང་པོ་ཞིག་གིས་ཚན་རིག་པའི་བྱས་ཉེས་ལྟ་བུར་མཐོང་ནས་དགག་པ་གནང་ཡོོང་གི་འདུག འོན་ཀྱང་དེ་ལྟར་གནང་བ་དེ་རྒྱུག་པ་ལེབ་སྡུར་གྱི་དཔེ་རུ་སོང་འདུག་བསམ་གྱི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་སྡུག་བསྔལ་དང་བཀའ་ངལ་བྱུང་ན་དེའི་རྒྱུ་གང་ཡིན་འཚོལ་དགོས་གསུངས་ཡོད་པས་ང་ཚོས་ཀྱང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དག་གི་རྒྱུ་ལ་དཔྱད་པ་ན་ཚན་རིག་པ་ནི་མི་དགེ་བའི་ལས་ལྟ་བུ་དང་། མ་རྩ་རིང་ལུགས་ཀྱི་ལྟ་བ་ནི་རྩ་བ་མ་རིག་པ་ལྟ་བུ་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། སྐྱོན་བརྗོད་བྱེད་ས་ངོ་མ་དེ་མ་རྩ་རིང་ལུགས་ཡིན་པ་ཤེས་དགོས། ཚན་རིག་གི་ཡར་རྒྱས་དེ་མ་རྩ་རིག་ལུགས་པ་ཚོའི་བྲན་གཡོག་གམ་གཡོ་འོག་ཚུད་ནས་ད་ལྟའི་དཀའ་ངལ་ཚང་མ་བྱུང་བ་རེད། སྔོན་མ་དགེ་ཆོས་ཀྱིས་བོད་དེང་རབས་སྤྱི་ཚོགས་ཀྱི་རྗེས་མ་ཟིན་པར་རྗེས་ལུས་ཐེབས་ཡོད་པས་དགོངས་ཚུལ་བྱུང་ཡོད། འོན་ཀྱང་ད་ལྟའི་དུས་རབས་འདི་ལ་ང་ཚོ་བོད་མི་ཚོས་དེང་རབས་དང་ཡར་རྒྱས་ཞེས་པ་དེ་དང་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ལམ་ལུགས་གཉིས་འཁྲུལ་ནས་བོད་འདི་ཡང་མ་རྩ་རིང་ལུགས་ཀྱི་ཁྲོམ་ར་ཞིག་ཏུ་མི་འགྱུར་བས་ངེས་པ་མེད་པས་ཅི་ནས་གཟབ་དགོས་པར་མཐོང་ཞིང་། མཁྱེན་ལྡན་པ་རྣམས་པས་དེའི་སྐོར་བགྲོ་གླེང་དང་དཔྱད་བརྗོད་མང་ཙམ་གནང་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
མཁས་དབང་ཐུབ་བསྟན་ལགས་ཀྱིས། སྒྱུར་རྩོམ་ཁ་བརྡར་བཀྲམ་དང་། མཆན་བཅུ་གཉིས་པ་དང་། བཅུ་གསུམ་པའི་ལན་གནང་བར་བཀའ་དྲིན་ཆེ།
་་་་་་་་་་ སྦ་གསལ་སྣང་ལ་སོགས་པའི་མི་བདུན་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཐོག་མར་ཞུགས་པས་རིག་སད་པའམ་བསམ་བློའི་རྨོངས་གཉིད་ལས་སད་པའི་ཆ་ནས་དེ་ལྟར་བཏགས་པ་ཡིན་ཤས་ཆེ། ་་་་་་་་་
་
འདི་ཡང་ཕྱི་རྒྱལ་བོད་རིག་མཁས་པས་ཀྱང་། སྦ་གསལ་སྣང་སོགས་མི་བདུན་པོ་དག བསམ་བློའི་རྨོངས་གཉིད་སད་པའམ། སངས་རྒྱས་ཀྱི་རིགས་སད་པ་སོགས་ལ་སྦྱར་མི་རིགས་སྙམ་མོ། གང་ཡིན་ཟེར་ན། རྒྱལ་པོ་ཁྲི་སྲོང་སྐབས་སུ། བོད་པར་འདུལ་བའི་སྡེ་སྣོད་སྤེལ་བར། མཁན་ཆེན་ཞི་བ་ཚོས་བོད་མི་རྣམས་རབ་ཏུ་འབྱུང་བར་འོས་སམ་མི་འོས། ཐོག་མར་ཉམས་སད་པའམ། བརྟགས་དཔྱད་ཚོད་ལྟའི་ཆེད་དུ་བོད་ནང་རབ་འབྱུང་ཐོག་མ་བདུན་ལ། སད་མི་བདུན་དུ་གྲགས་པ་ལས། རྨོངས་གཉིད་སད་པ་དང་། ཉམས་སད་པ་གཉིས་ཀྱི་དག་སད་པའི་དག་ཆ་གཅིག་པ་ཡིན་ནའང། འདིར་རིགས་སད་པ་ལ་སྦྱར་མི་རིགས་སོ།།