རྩེ་སྐར།
ཚེ་སྲོག་ནི་རླབས་ཆེ་བས། རང་དབང་དང་མང་གཙོའི་ལམ་ནས་བརྟན་ལྷིང་དང་ཞི་བདེ་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་མངོན་འདོད་ཡིན།
—–སྔོན་དུ་གླེང་བའི་གཏམ།
དང་པོ། རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་བསམ་འཁྱེར་དང་ཀུན་སློང༌།
ཁོ་བོ་ཡང་མིའི་ཚུགས་གཟུགས་དང༌། འདུ་ཤེས། ཀུན་སྤྱོད་བཅས་ཚང་བའི་འཛམ་གླིང་གི་འགྲོ་བ་མིའི་རིགས་སུ་གཏོགས་པ་ཞིག་པ་ཡིན་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་རིགས་བདེ་གནས་བརྟན་ལྷིང་གི་ཆེད་དུ་ཁྱབ་བསྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱེ་བོ་གཞན་རྣམས་ཇི་བཞིན་རོལ་མྱོང་དང་འགན་སྲུང་བྱེད་དགོས་པའི་གྲས་སུ་ཚུད་ཡོད། དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་དོན་ཚན་བཅུ་དགུ་པར། ༼སྐྱེ་བོ་རེ་རེར་བསམ་བློ་གཏོང་བ་དང༌། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད་༽ཅེས་འཛམ་གླིང་གི་འགྲོ་བ་མིའི་རིགས་སུ་གཏོགས་པ་ཐུན་མོང་ལ་གདམས་ཡོད་པ་དེ་བཞིན།
ཁོ་བོ་རང་ཉིད་ཀྱང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྩ་དོན་དེར་རང་འགུལ་གྱིས་བརྩི་སྲུང་དང༌། རང་ཉིད་ལ་རང་དབང་ཐོབ་ཐང་སྤྲད་ཡོད་པའི་ཆ་ཤས་དང་དུ་བླངས་ཏེ། འདིར་འགྲོ་བ་མིའི་རིགས་ཞི་བདེ་བརྟན་ལྷིང་གི་ཐོབ་ཐང་སྲུང་སྐྱོབ་འགན་ལེན་གྱི་ཐད་ཕྱོགས་ནས་སྐད་ཆ་འགའ་འགྲོ་བ་མིའི་རིགས་ཀྱི་རང་དབང་ཐོབ་ཐང་དང༌། མང་གཙོ། ཞི་བདེ་བཅས་ལ་དོ་སྣང་དང་དགའ་མོས་ཡོད་མཁན་གྱི་སྐྱེ་བོ་རྣམས་ལ་བརྗོད་ཀྱི་ཡིན་པས། ཁོ་བོའི་སྨྲ་བརྗོད་འདིར་སུ་ཞིག་གིས་སྒེར་གཅོད་ལྟ་བུའི་བསམ་འཁྱེར་གྱིས་སྣང་འཇོག་མི་བྱེད་པ་དང༌། སྨྲ་བསམ་བརྗོད་འདས་ཀྱི་ཉེས་མེད་ཉེས་འགེབ་དང་ཁྲིམས་འགལ་གྱི་བཏགས་མིང་འོག་བཀག་འགོག་བྱས་པ་ཡིན་ན། དེས་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་དམའ་འབེབས་བཏང་བ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཁྱབ་སྤེལ་གནང་བའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དེ་རྡོག་རལ་དུ་བཏང་བ་ཡིན།
གཉིས་པ། འགྲོ་བ་མིའི་རིགས་གཤིས་དང་མངོན་འདོད།
སྤྱིར་འགྲོ་བ་མིའི་རིགས་ནི་འཇིག་རྟེན་གྱི་འགྲོ་བ་གཞན་རྣམས་ལས་གཅིག་གྱུར་གྱི་ཤ་ཚུགས་དང༌། འདུ་ཤེས། བསམ་བློ། ཀུན་སྤྱོད་བཅས་ལྡན་ཞིང༌། ཚེ་སྲོག་ལ་བརྟེན་ནས་འགྲེང་བགྲོད་འཚོ་སྡོད་བྱེད་པའི་ཚོགས་སྡེ་ཞིག་དང༌། གོ་ལ་ཟླུམ་གཟུགས་འདིར་དབང་བསྒྱུར་འཚོ་རྟེན་བྱེད་པའི་ནུས་ཤུགས་ཐབས་སྤྱོད་ཀྱི་རིག་ཤེས་འགྲོ་བ་གཞན་ལས་རྩལ་དུ་མངའ་བའི་ཚོགས་སྡེ་ཁྱད་པར་བ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་དགོས་པ་ཞིག་ཡིན་ལ། འཛམ་གླིང་འདི་ཁྱིམ་ཚང་གཅིག་ཡིན་པའི་དབང་དུ་བཏང་ན་འགྲོ་བ་མིའི་རིགས་ཚོགས་ནི་ཁྱིམ་ཚང་དེར་བརྟེན་གནས་འཚོ་གཞིས་བྱེད་མཁན་གྱི་ཁྱིམ་མི་དག་དང་ཀུན་ནས་མཚུངས་སོ།།
གནའ་སྔ་མོ་གདོད་མའི་དུས་རབས་ནས་འཛམ་གླིང་འདིར་ལྟོས་བཅས་ཀྱིས་འགྲོ་བ་མིའི་རིགས་བྱུང་ཞིང༌། གནས་བཅའི་ཁོར་ཡུག་བྱེ་བྲག་པའི་དབང་གིས་གདོང་བྱད་དང་ཁ་དོག སྐད་ཡིག་དང་རིག་གཞུང༌། གོམས་སྲོལ་བཅས་ཕྱིའི་སྣང་ཚུལ་ཙམ་མི་གཅིག་པའི་གྲུབ་སྟངས་ཀྱི་ཆགས་རིམ་ཙམ་ཞིག་ལས་རྩ་བའི་ཆ་ནས་འགྲོ་བ་མིའི་རིགས་ཚང་མ་སྨྲ་ཤེས་ཤིང་དོན་གོ་བ། སྡུག་བསྔལ་མི་འདོད་པར་བདེ་བ་འདོད་པའི་བསམ་སྤྱོད་ཀྱི་འབྲེལ་ཐགས་གཅིག་ཏུ་མཉམ་པོར་སྦྲེལ་ནས་ཡོད་པ་ཞིག་ཡིན་ལ། ཇི་ལྟར་བཤད་ཀྱང་འཇིག་རྟེན་འདིར་མི་ཞིག་གི་སྐྱེ་བ་བླངས་ཏེ། དུས་ཡུན་ཅི་ཙམ་ཞིག་གི་བར་འཚོ་གསོན་ཐུབ་པ་དེ་ཙམ་གྱི་རིང་དུ་ཁོར་ཡུག་ཞི་འཇགས་དང༌། འཚོ་ཐབས་དབུལ་ཕོངས་མིན་པ་བཅས་བདེ་སྐྱིད་དང་བརྟན་ལྷིང་གི་འཚོ་བ་དྲོད་སོབ་སོབ་ཅིག་བསྐྱལ་འདོད་ཡོད་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་རྒྱུད་གཤིས་ལ་མངའ་བའི་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས་ཤིག་ཆགས་ཡོད།
ཡིན་ནའང་འགྲོ་བ་མིའི་རིགས་རྣམས་བདེ་སྐྱིད་ལ་ལོངས་སུ་སྤྱོད་འདོད་པའི་བསམ་འཁྱེར་དེ་འབྲེལ་རང་གཙོ་བོར་འཛིན་པའི་སྒེར་སེམས་ཀྱི་འདུ་ཤེས་ཤིག་ཀྱང་ལྷན་སྐྱེས་སུ་མངའ་ནས་ཡོད་ལ། སྒེར་སེམས་དང་ཧམ་འདོད་དེས་དབང་གིས་མི་དང་མིའི་བར། ཁྱིམ་ཚང་དང་ཁྱིམ་ཚང་བར། ཚོགས་སྡེ་དང་ཚོགས་སྡེའི་བར། མི་རིགས་དང་མི་རིགས་བར་བཅས་ཕན་ཚུན་གཉའ་གནོན་དང་འཕྲོག་བཅོམ། དབང་བསྒྱུར་དང་བཀོལ་སྤྱོད་བྱེད་པའི་ཡ་ང་བའི་བྲན་གཡོག་ལམ་ལུགས་ཀྱི་དུས་སྐབས་ཤིག་རིམ་ཅན་དུ་བྱུང་ཞིང༌། ལྷག་པར་དུ་འདོད་རྔམ་ཧམ་སེམས་ཀྱིས་མི་རྒྱུ་ཁོར་ཡུག་དང་བཅས་པ་བདག་བཟུང་དབང་བསྒྱུར་བྱེད་འདོད་པའི་བཙན་འཛུལ་འཐབ་འཛིང་གི་ལས་སྤྱོད་སྐྱི་གཡའ་བའི་ངང་ཚུལ་གྱིས། ཉེས་མེད་ཉམ་ཆུང་གི་འགྲོ་བ་མི་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་ཐལ་བར་བརླག་ཅིང༌། འཇིགས་སྣང་ཆེ་བའི་མེ་དཔུང་འུར་གྱིས་འབར་བ་ལྟར་འཐབ་རྩོད་གཡུལ་འགྱེད་བྱེད་པའི་དམག་འཁྲུག་གི་ལོ་ཟླ་སྟེ། དུས་རབས་ཉི་ཤུ་བའི་སྐབས་ཀྱིས་མཚོན་འདས་ཟིན་པའི་ལོ་རྒྱུས་ལ་སྤྱི་ཚོགས་ཁག་དང་མི་རིགས་ཁག་སོ་སོའི་ངོས་ནས་ཕྱིར་བལྟས་ཤིག་སློག་ན། དེ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང༌། བསམ་སྤྱོད། མཐུན་སྒྲིལ། གཅིག་རྟེན། ཞི་འཇམ། བདེ་སྐྱིད་བཅས་ཀྱི་དགོས་མཁོ་དང་འགལ་ཟླར་གྱུར་པའི་ཀླ་ཀློའི་ལས་སྤྱོད་ཅིག་ཏུ་འཁུམས་ཡོད་དོ།།
གསུམ་པ། འགྲོ་བ་མིའི་རིགས་ཀྱི་ཞི་བདེའི་ལངས་ཕྱོགས་དང་མང་གཙོའི་གོམ་ཁ།
ནམ་དུས་ཞིག་ནས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ལ་རྒོལ་བའི་ཀློ་ཀློའི་ཀུན་སྤྱོད་ཚད་བརྒལ་དེའི་སྐྱོན་ཉེས་འཇིགས་སྐྲག་ལས་ཡོལ་ཐབས་སུ། བསམ་དཔྱོད་ཀྱི་སྐྱེ་སྟོབས་འཕེལ་བའི་སྐྱེ་བོ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་སྟེ། ཀླ་ཀློའི་ཀུན་སྤྱོད་དེར་རྒོལ་བ་སྤྲོད་པའི་ལངས་ཕྱོགས་ཤིག་གི་སྣེ་ནས་འཇུས་ཤིང༌། འཛམ་གླིང་གི་འགྲོ་བ་མིའི་རིགས་ཚང་མ་ཞི་བདེ་དང༌། རང་དབང་བཅས་ལ་འདྲ་མཉམ་གྱིས་ལོངས་སུ་སྤྱོད་པའི་མང་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཏུ་བསྐྱོད་པའི་གོམ་པ་སྤོ་མགོ་ཚུགས་ཏེ། ད་ལྟ་མགོ་ཐོག་གི་དུས་རབས་ཉེར་གཅིག་པ་འདི་ལ་ཐུག་གི་བར་དུ་བསྐྱལ། བར་མཚམས་འདི་ལ་ཐུག་པའི་དུས་ཡུན་དེ་ཙམ་རིང་འཛམ་གླིང་གི་འགྲོ་བ་མིའི་རིགས་ཚང་མ་ཞི་བདེ་དང་རང་དབང་ལ་ཕྱོགས་པའི་ཞེ་འདོད་འོག་ཆེ་མཐོང་དང་བརྩི་བཀུར་གྱིས་ཁ་མིག་ཡར་ལྟ་དང༌། བླ་མ་ལྟར་སྐྱིད་སྡུག་རེ་བཅོལ་བྱེད་ས་ཞིག་ཡོད་པ་ནི་འགྲོ་བ་མིའི་རིགས་ཀྱི་ཚོགས་སྡེ་སྤྱི་ཁྱབ་ལ་ཐུགས་ཁུར་གཟིགས་རྟོགས་དང༌། ཞི་བདེར་ཕྱོགས་ཤིང་མང་གཙོའི་སྙན་པ་འཁུར་བའི་རླབས་ཆེན་ཀྱི་སྐྱེས་བུ་དག་གིས་མཚོན། ས་ཡི་གོ་ལ་ཟླུམ་གཟུགས་འདིའི་སྟེང་འཚོ་གནས་བྱེད་པའི་འགྲོ་བ་མིའི་རིགས་ལ་གཅིག་གྱུར་བདེ་གནས་ཀྱི་བདག་འགན་བཞེས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་རེད་ཅེས་བརྗོད་དུ་རུང་བ་ཞིག་རེད།
དེ་ལྟ་ནའང། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནི་སྔོན་ཆད་གང་ཞིག་གི་དོན་དུ་མཉམ་གནས་ཀྱིས་ཚུགས་ཤིང༌། ད་ལྟ་སུ་ཞིག་གི་ཆེད་དུ་མཉམ་འབྲེལ་མཐུན་སྒྲིལ་གྱིས་འགྲེང་ནས་ཡོད་དང་མེད་པའི་གནས་ལུགས་དེ་ད་ཆ་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་གསལ་ཐང་དུ་ཤེས་རྟོགས་ཐུབ་དགོས་པ་ཞིག་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱི་ལོ་ ༡༩༤༥ ལོའི་ཟླ་དྲུག་པའི་ནང་ཨ་རིའི་ཅིའི་ཅིན་ཧྲན་གྲོས་ཚོགས་ཐོག་མོས་མཐུན་གཅིག་གྱུར་བྱུང་བའི་རྒྱལ་ཁབ་ཁག་གི་འཐུས་མིས་མིང་རྟགས་བཀོད་ཅིང༌། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་དངོས་སུ་ཚུགས་པ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མའི་གྲོས་གཞིའི་བསྒྲགས་གཏམ་ནི་ཕྱི་ལོ་ ༡༩༤༢ ལོའི་ཟླ་ ༡ ཚེས་ ༡ ཉིན་ཨ་རི་དང༌། ཨུ་རུ་སུ། རྒྱ་ནག དབྱིན་ཇི་སོགས་རྒྱལ་ཁབ་ཉི་ཤུ་རྩ་དྲུག་གིས་ཧྥ་ཤི་སི་ ༼འཇར་མན་གྱི་ཤི་ཐེ་ལེ་དང་། ཨི་ཀྲ་ལིའི་མོ་སོ་ལི་ཉི། འཇར་པན་གྱི་ཏུང་ཐེ་དབྱིང་ཅིས་བཅས་ཀྱིས་སྣེ་ཁྲིད་བྱས་པའི་ཧྥ་ཤི་སི་ཚོ་ཁག་༽རང་ལུགས་པར་རྒོལ་གཏམ་སྤེལ་ཏེ། ཁ་གཏད་གཅོག་རྒྱུར་ཕན་ཚུན་མོས་མཐུན་དང་འཐབ་ཕྱོགས་གཅིག་གྱུར་གྱི་སྒོ་ནས་མིང་རྟགས་བཀོད་དེ་ཐུན་མོང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཞེས་པའི་མིང་ནི་ཕྱི་ལོ་ ༡༩༤༤ལོའི་ཟླ་ ༨ པར་ཨ་རི་དང༌། དབྱིན་ཇི། ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་གྱིས་དམག་འཁྲུག་ཞི་འཇགས་དང་བསྟུན་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་འཛུགས་འཆར་གཏན་འཁེལ་གྱི་གྲོས་བསྡུར་སྐབས། སྒྲིག་འཛུགས་ཀྱི་མིང་ལ་ཕྱི་ལོ་ ༡༩༤༢ ལོར་རྒྱལ་ཁབ་ཉི་ཤུ་རྩ་དྲུག་ཐུན་མོང་མཉམ་འབྲེལ་གྱིས་གཏན་ལ་ཕབ་པའི་བསྒྲགས་གཏམ་ནང་འཁོད་མཉམ་འབྲེལ་རྒྱལ་ཚོགས་ཞེས་བརྗོད་པའི་ཐ་སྙད་དེ་འོས་འཐུས་མོས་མཐུན་བྱུང་སྟེ། རྒྱལ་སྤྱིའི་སྒྲིག་འཛུགས་དེར་༼འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་༽ཞེས་གཏན་འབེབས་བྱས་པ་ཞིག་རེད།
རྒྱལ་སྤྱིའི་སྒྲིག་འཛུགས་སམ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཤིང་བསྒྲགས་གཏམ་དེ་སྤེལ་བའི་དམིགས་དོན་ནི། འགྲོ་བ་མིའི་རིགས་ཚང་མ་སྐྱེས་ཙམ་ཉིད་ནས་གཅིག་མཚུངས་ཀྱི་སྒོ་ནས་ཆེ་མཐོང་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་པ་དང༌། དེ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཁག་དྲང་བདེན་དང་ཞི་བདེ། མཐུན་སྒྲིལ་བཅས་མང་གཙོའི་ལམ་དུ་བསྐྱོད་པའི་ལམ་ཕྱོགས་བཟང་པོ་ཞིག་ཡིན་ཞིང༌། དེ་ལས་ལྡོག་སྟེ་འགྲོ་བ་མིའི་རིགས་ལ་དམའ་འབེབས་མཐོང་ཆུང་དང༌། དབང་བསྒྱུར་བཙན་གནོན་བཅས་སྒེར་གཅོད་བྱེད་པ་ནི་འགྲོ་བ་མིའི་རིགས་ཚང་མའི་འདོད་འདུན་བསམ་ཚུལ་དང་མི་མཐུན་པར། འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཁག་བདེ་གནས་མཐུན་ཐབས་བྲལ་བའི་ཀླ་ཀློའི་བྱ་སྤྱོད་ཅིག་ཡིན་པས་ན། དེ་ལ་ཚང་མས་རྒོལ་སློང་བཀག་འགོག་གིས་འགྲོ་བ་མིའི་རིགས་ཀྱི་ཚོགས་སྤྱིར་ཕན་པའི་རང་དབང་དང༌། འདྲ་མཉམ། ཞི་བདེ། མང་གཙོ་བཅས་ཡོང་བའི་ཆེད་དུ་དང༌། ལྷག་པར་དུ་སྐབས་དེའི་ཧྥ་ཤི་སི་རིང་ལུགས་པར་ཁ་གཏད་གཅོག་ཆེད་བཅས་ལ་དམིགས་ཏེ་བཙུགས་ཤིང་སྤེལ་བས་ན། ཕན་ཚུན་མཉམ་འབྲེལ་གྱི་རྒྱལ་ཁབ་དེ་དག་ཐུན་མོང་ཐོག་འཐབ་ཕྱོགས་གཅིག་གྱུར་གྱི་བསམ་བློའི་སྟོབས་ཤུགས་བླ་ན་མེད་པ་ཞིག་རེད་ཟེར་ཆོག
ལར་འཛམ་གླིང་གི་འགྲོ་བ་མིའི་རིགས་ཚང་མ་ཞི་བདེ་དང་མང་གཙོར་ཕྱོགས་པའི་དུས་རབས་ཉེར་གཅིག་པ་འདིར་ཡང༌། མིའི་རིགས་ཀྱི་ཚོགས་སྡེ་རེ་འགའི་ནང་དབང་བསྒྱུར་སྒེར་གཅོད་བྱེད་པའི་སྐྱེ་བོ་ཐ་ཤལ་བ་རེ་ཟུང་གིས་དབང་ཤུགས་སྣེ་ཁྲིད་ཅིང༌། ཧམ་འདོད་སྐབས་འཚོལ་གྱི་ལམ་ནས་དབང་སྟོབས་དང་དྲག་ཤུགས་བཀོལ་ཏེ། ཉམ་ཆུང་གི་སྐྱེ་བོ་མང་པོ་ཞིག་གི་ཚེ་སྲོག་ལ་སྲིན་འབུ་ཕྲ་མོ་ཙམ་གྱི་ཚེ་སྲོག་གི་འདུ་ཤེས་དང་རྩིས་ཐང་མི་སྤྲོད་པར། སྣང་ཆུང་གིས་དྲག་སྤྱོད་ཀྱི་སྒོ་ནས་ཁྲག་ལ་བསྲེས་ཏེ་ཐལ་བར་བརླག་པའི་སྤྱོད་ཚུལ་སྐྱི་གཡའ་བའི་གནས་ཚུལ་རེ་བྱུང་དང་འབྱུང་གིན་ཡོད་ནའང༌། ཐབས་རྡུགས་ཀྱི་སྤྱོད་ཚུལ་ངན་པ་དེས་ནི་ད་ཆ་འཛམ་གླིང་གི་སྐྱེ་བོ་ཀུན་དྲང་བདེན་དང་ཞི་བདེ། མང་གཙོ་བཅས་ལ་ཁ་ཕྱོགས་པའི་དབང་སྟོབས་དང་ཁྱད་ནུས་རྩལ་ཤུགས་བཅས་ཀྱི་སྣ་མ་བརྟེན་པར། ཡུན་ཏུ་འཚོ་གསོན་མི་ཐུབ་པར་ཁེར་ཆད་དུ་ཕམ་ཉེས་རྩ་འཐོར་དུ་འགྲོ་རྒྱུ་ནི་ཉག་གཅིག་རེད། དེ་ནི་མངོན་བྱུང་དཔེར་མཚོན་ཙམ་ཞིག་གི་སྒོ་ནས་བརྗོད་ན། ཉེ་ཆར་ནུབ་ཕྱོགས་སུ་ལི་བྷེ་ཡ་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་གཅོད་ཀྱི་སྲིད་འཛིན་གྷ་ཌ་ཧྤེའི་སྒེར་གཅོད་ལམ་ལུགས་བརྟན་གནས་མཐའ་མ་འཁྱོལ་བར་མགོ་རྟིང་སློག་པའི་གནས་སྟངས་དེ་བཞིན་རེད།
བཞི་པ། འགྲོ་བ་མིའི་རིགས་ལ་གཅིག་གྱུར་གྱི་གཟིགས་རྟོགས་དང་སྲུང་སྐྱོབ།
དེང་ཕྱོགས་གང་ཐད་ནས་མདུན་མཆོང་འཕེལ་རྒྱས་ཀྱི་དུས་རབས་ཤིག་ཏུ་སླེབས་ཡོད་ནའང། འཛམ་གླིང་གི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ཞི་བདེའི་ལམ་དུ་ཕྱོགས་པའི་མང་གཙོ་དང༌། འདྲ་མཉམ། རང་དབང་གི་ཐོབ་ཐང་བཅས་ལ་ཁྱབ་མཉམ་དང་གཅིག་མཚུངས་ཀྱིས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་མེད་དེ་གོ་ལ་རིལ་བོ་འདིའི་སྒང་གི་གནད་དོན་གལ་ཆེན་ཞིག་རེད་ལ། གནད་དོན་དེ་འཛམ་གླིང་ན་དབང་ཐོབ་དང་གྲགས་སྙན་རྒྱས་པའི་མི་སྣ་ཆེ་ཁག་སྟེ། མི་རིགས་གང་དེའི་རླབས་ཆེན་ཀྱི་སྲིད་འཛིན་དང་། མཁྱེན་ཡངས་ཀྱི་མཁས་དབང་། རྟོགས་ལྡན་གྱི་ཆོས་དཔོན་སོགས་ཀྱིས་གཟིགས་རྟོགས་ཐུབ་ཀྱི་ཡོད་མེད་དེ་ཡང་གནད་འགག་ཅིག་ཆགས་ཡོད།
ལྷག་དོན་དུ། དེང་གི་སྐབས་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་གི་ཆེ་ཆུང་དང༌། སྤྱི་ཚོགས་ཀྱི་རྒྱ་ཁྱབ། མི་རིགས་ཀྱི་མང་ཉུང་། དཔལ་འབྱོར་གྱི་དབུལ་ཕྱུག་བཅས་ཀྱི་ངོ་སོ་ལ་མི་བལྟ་བར། ཞི་བདེའི་ཕྱོགས་ལ་གཡེང་བའི་རྣ་བས་འཛམ་གླིང་གི་སྐྱེ་བ་ཀུན་ལ་རིས་མེད་ཐབས་གཅིག་ཏུ་གསན་ཅིང༌། མིག་གིས་ཀུན་ལ་ཁྱབ་མཉམ་དུ་བལྟ་ཐུབ་ཀྱི་ཡོད་མེད་དེ་གཞི་རྩའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད།
རྟོག་བཅས་ཀྱིས་གཞིགས་ན་དེང་གི་དུས་འདིར་འཛམ་གླིང་གི་སྐྱེ་བོ་ཁྲི་སྟོང་མང་པོ་ཞིག་འཚོ་རྟེན་གྱི་གོ་ལ་ཟླུམ་པོ་འདིའི་རང་བྱུང་ཁམས་ཆེན་པོའི་འབྱུང་བ་བཞིས་ངེས་གཏན་མེད་པའི་འགྱུར་ལྡོག་གི་གནོད་འཚེ་སྟེ། ས་འགུལ་བ་དང༌། མཚོ་འཕྱུར་བ། མེ་རི་འབར་བ་སོགས་ཆག་འཇིག་སྣ་ཚོགས་འོག་ཚེ་སྲོག་ཤོར་བ་གྲངས་ལས་འདས་པ་ནི་རང་བྱུང་ཁམས་ཀྱི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་སྟེ། སྣང་ཚུལ་འདི་ནི་འགྲོ་བ་མིའི་རིགས་བྱུང་ཙམ་ཉིད་ནས་ཡོད་པའི་ཤེས་མེད་སེམས་མེད་ཀྱི་རང་བྱུང་ཁམས་འདིའི་ཆག་འཇིག་གི་གནད་དོན་ཞིག་ཡིན་པས། དེ་ལ་སུས་ཀྱང་གདོང་ལེན་བྱ་མི་ཐུབ་པ་མ་ཟད། འཁང་ར་དང་ལེ་བདའ་ཡང་བྱ་མི་འོས་པ་ཞིག་རེད།
དེ་བས་ཚོར་ཤེས་དང་སེམས་ལྡན་གྱི་མི་དང་མིའི་བར་གནས་ཀྱི་ཚད་བརྒལ་གནད་དོན་ཞིག་སྟེ། ཆེ་ས་ནས་བལྟས་ཏེ་བཤད་ན་མིའི་རིགས་ཀྱི་སྤྱི་ཚོགས་ལྟེ་གནས་རྒྱལ་ཁབ་བམ༌། ཡང་ན་ཚོགས་སྡེ། ཆུང་ས་ནས་བཤད་ན་གྲོང་ཁྱེར་དང་གྲོང་བརྡལ། ཁུལ་བཅས་སུ་སྐབས་བརྟེན་ལྐོག་གྱུར་གྱི་ཚུལ་དུ་དབང་བསྒྱུར་སྒེར་གཅོད་པའི་འོག་ཉེས་མེད་ཉམ་ཆུང་གི་སྐྱེ་བོ་མང་པོ་ཞིག་མིའི་རིགས་ལ་དབང་བའི་རང་དབང་གི་ཐོབ་ཐང༌དང་། ཞི་བདེ། མང་གཙོ་བཅས་ལ་ལོངས་སུ་སྤྱོད་མ་ཐུབ་པར། བཟོད་ཐུབ་བྲལ་བའི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཤིག དེང་ཞི་བདེ་དང་མང་གཙོའི་ལམ་དུ་ཕྱོགས་པའི་འཛམ་གླིང་ཟླུམ་པོ་འདིའི་གསའ་གསེང་ན་རུལ་སུངས་ཀྱི་ཚུལ་དུ་ལྷག་འདུག་པའི་སྣང་ཚུལ་ཞིག་མངོན་གྱུར་གྱིས་ཡོད་པས། འདི་ལ་འཛམ་གླིང་གི་ཞི་བདེ་དོན་གཉེར་ཅན་གྱི་སྐྱེ་བོ་ཀུན་གྱིས་ཐབས་ཕྱོགས་གཅིག་གྱུར་གྱི་སྒོ་ནས་འགན་ལེན་ནན་པོ་བྱ་དགོས་པ་ཞིག་རེད་མོད། འོན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་མི་རིགས་ཁག་གི་ཆེ་གྲགས་དབང་འཛིན་པ་རྣམས་ཀྱིས་ནམ་རྒྱུན་ཁ་ནས་མ་ཎི་ལྟར་བགྲང་བའི་ཞི་བདེ་དང་མང་གཙོའི་སྐད་ཆ་སྙན་པོ་དེ། སོ་སོ་སྒེར་གྱི་ཁེ་གྲགས་དང་རྐུབ་སྟེགས་བརྟན་སྲུང་གི་ལག་ཆའམ་རྒྱབ་ལྗོངས་ལྟ་བུ་ཞིག་གི་ཚུལ་དུ་ཁ་ལ་འཁྱེར་ཞིང་། དོན་དངོས་ལག་ལེན་དུ་རང་རང་གི་གྲགས་པ་དང་ཁེ་ཕན་སྒྲུབ་པའི་ལས་ཁོ་ནའི་ཆེད་སྐད་ཆ་བཤད་དེ་སྦྱོར་བ་བརྩམས་ནས་འདུག་པ་ལས། སྒེར་གཅོད་པའི་ལག་འོག་ན་མིའི་རིགས་ཀྱི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཐུབ་བྲལ་ཏེ། དཀའ་སྡུག་མྱངས་དང་མྱོང་བཞིན་པའི་ཉམ་ཆུང་གི་སྐྱེ་བོ་རྣམས་ཀྱིས་མནར་གཅོད་ཅིག་འཁུར་ནས་ཆེ་གྲགས་ཀྱི་ཁོ་ཚོར་ཁ་ཕྱོགས་ཤིང་སྐྱབས་སུ་རེ་ནས་བདེན་དོན་གྱི་སྐད་འབོད་དང་། འདུ་འཛོམས་ཁྲོམ་སྐོར། གོམ་བགྲོད། འུ་ཐུག་ཐབས་ཟད་ཀྱིས་ལུས་སྲོག་བདེན་དོན་གྱི་དཔང་དུ་མེ་རུ་སྒྲོན་པའི་གནས་ཚུལ་དག་མངོན་གསལ་དུ་བྱུང་དང་འབྱུང་གིན་ཡོད་ནའང། ཁོ་ཚོས་དེ་ལ་དོ་སྣང་ཡིད་འཇོག་མི་བྱེད་པར་མིག་གི་ཟུར་དང་རྣ་བའི་ལྟག་རྒྱབ་ཏུ་བཞག་འདུག་པའི་སྣང་ཚུལ་འདི་ནི། ཆེ་མཐོང་སྙན་གྲགས་རྒྱས་པའི་སྐྱེ་བོ་ཁོ་ཚོ་ཡང་གཏན་འབེབས་བཅའ་ཁྲིམས་དང་རྩ་དོན་རྒྱུན་འཁྱོངས་མི་བྱེད་པར་རྡོལ་རལ་དུ་གཏོང་བའི་ཉེས་ཅན་པ་སྟེ། སྒེར་གཅོད་ཤོག་ཁག་གི་ཕྱོགས་སུ་འགྲེང་བ་དང་གཉིས་སུ་མ་མཆིས་སོ།།
ཅི་སྟེ་རྒྱལ་ཁབ་གང་ཞིག་གི་རྩ་ཁྲིམས་སམ་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་རྩ་དོན་ལྟར་རྒྱུན་མཁྱོངས་དང་ལག་བསྟར་མ་བྱས་པ་ཡིན་ན། དེ་ནི་རྒྱལ་ཁབ་གང་དེའི་སྲིད་དབང་འཛིན་མཁན་དེ་སྒེར་གཅོད་ཀྱི་ཕྱོགས་སུ་གཞོལ་བའི་ཁེ་གྲགས་རང་རིགས་པ་ཞིག་ལས་མ་འདས་ལ། དུས་རབས་ཉེར་གཅིག་པ་འདི་ལ་མཚོན་ན་མང་གཙོ་དང་ཞི་བདེའི་ཕྱོགས་སུ་གཞོལ་བའི་དུས་རབས་ཤིག་ཡིན་པས། སྒེར་གཅོད་ཀྱི་རང་ཚུགས་བཟུང་བའི་དབང་འཛིན་པ་དེ་དག་ནི་འཛམ་གླིང་འདིའི་འགྲོ་བ་མིའི་རིགས་ཀྱི་ཉེས་ཅན་གཏེ་བོ་དེ་ཡིན་ཟེར་ཆོག
ཁོ་བོས་གོང་སྨྲས་ཀྱི་སྐད་ཆ་འདི་དག་རང་རིགས་ལ་ཕྱོགས་འཛིན་གྱི་ལྟ་བ་ཞིག་བཟུང་ནས་གླེང་བ་མིན་པར། འཛམ་གླིང་འདི་ཕན་ཚུན་ལྟོས་བཅས་ཀྱི་ཁྱིམ་ཚང་གཅིག་ཡིན་ཞིང་། ང་ཚོ་འགྲོ་བ་མིའི་རིགས་ནི་ཁྱིམ་ཚང་གཅིག་ཏུ་འཚོ་གནས་བྱེད་པའི་སྐྱིད་སྡུག་མཉམ་མྱོང་གི་ནང་མི་ལྟ་བུ་ཡིན་པའི་འདུ་ཤེས་ཤིག་བཟུང་སྟེ། འགྲོ་བ་མི་སུ་ཞིག་ལ་སྒེར་གཅོད་པའི་དབང་བསྒྱུར་འོག་མནར་སྡུག་གི་གནས་རིམ་འཛམ་གླིང་རིལ་བོ་འདིའི་ངོས་གང་ཞིག་ཏུ་མྱངས་ཏེ་ལྷག་ཡོད་པ་དེ་ཚང་མར་ཁྱད་མེད་གཅིག་གྱུར་གྱིས་གཟིགས་རྟོགས་སྲུང་སྐྱོབ་བྱས་ཏེ། ཞི་བདེ་དང་མང་གཅོའི་བདེ་བ་ལ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ནི་ཁོ་བོ་སྒེར་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་དམིགས་འདོད་ངོ་མ་དེ་ལགས་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་རིགས་ཚོགས་ཞི་བདེ་བརྟན་ལྷིང་ཡོང་བའི་ལངས་ཕྱོགས་ཤིག་བཟུང་ནས་ཡོད་པ་དེ་ནམ་ཡང་ལྷོད་མེད་གཡེལ་མེད་དུ། སྲོག་ལྡན་གཞན་དང་ལྷག་པར་དུ་འགྲོ་བ་མིའི་རིགས་ཀྱི་འཚོ་གཞིར་གྱུར་པའི་ས་ཡི་གོ་ལ་འདིའི་གསའ་དང་གསེང་ན་ལྷག་པའི་སྒེར་གཅོད་ཕྱོགས་ཁག་གང་དེའི་གདོང་ནས་འཛུམ་མི་སྟོན་པར་མཉམ་འབྲེལ་མཐུན་སྒྲིལ་གྱིས་འགྲེང་སྟེ། བདེ་བ་ལ་ལོངས་སུ་སྤྱོད་འདོད་པའི་ཉམ་ཆུང་གི་སྐྱེ་བོ་མང་པོ་ཞིག་མ་ཤི་དམྱལ་བར་འགྲིམས་པ་ལྟ་བུའི་བཟོད་བྲལ་གྱི་མནར་སྡུག་མྱངས་དང་མྱོང་བཞིན་ཡོད་པ་དེ་དག་འགན་ལེན་ཐབས་བཅོས་ཀྱིས་འཕྲལ་དུ་སྐྱོབ་རོགས་ཞེས་རེ་བའི་ཞུ་བ་འདི་ནན་ཅན་དུ་ཤ་དང་རུས་པའི་གཏིང་རུམ་ནས་གུས་པ་དང་བཅས་ཕུལ།
ཧོས་ཁྱོདལ་རང་དབང་མི་སྒོ་ན་གཞན་ལ་གཉའ་གནོན་བྱུས་དང་ང་ཚོའི་བདེན་རྫུན་རྩོད་།
འགྲོ་བ་མིའི་རིགས་ཚང་མ་ཞི་བདེ་དང་དམངས་གཙོར་བསྒྱུར་ཐུབ་ཚེ། མིའི་རིགས་ཚང་མ་གཅིག་མཚུངས་ཀྱིས་ཐོབ་ཐང་དང་རིན་ཐང་ངང་གིས་སླེབས་ཀྱི་ཡིན་པ་ཆོས་ཉིད་རེད།
བདེན་པའི་གནས་ལུགས་རི་ཁོག་དུ་ཉལ་ནས་། རྫུན་གྱིས་འཁོར་ལོ་འཛམ་གླིང་ལ་ངོམས་འདི་། བདེན་མིན་བདེན་པར་སེམས་མཁན་གྱི་མི་ཞིག་། འཇིག་རྟེན་གཞན་ནས་ཚོལ་བ་ལ་རེམ་ཤིག་།
མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དེ་རྫུན་མ་རང་རེད་མི་ཤུགས་དང་རྒྱུ་ཤུགས་ཁོ་ནའི་རྗེས་སུ་འགྲོ་ཉེན་ཞིག་མ་གཏོགས་དོན་དངོས་སུ་བདེན་པར་གཞི་འཛིན་ནས་ཁྲིམས་དང་ལུགས་གསོལ་མེད་པ་འདྲ།
མཉམ་འབྲེལ་རྒྱལ་ཚོགས་ནི་དབང་པོ་མི་ཚང་བའི་འོན་པ་དང་ཞ་ར་ཡིན་ས་རེད།་་་ངུ་ངག་འོ་དོད་ཀྱི་སྐད་འབོད་མི་གོ་ལ།་་མི་ཤ་རློན་པ་ནས་མེ་ལྕེ་ལྷབ་ལྷུབ་འབར་བ་མི་མཐོང་བས་ད་ཡིན་ན་རྒྱལ་ཚོགས་འདི་ལ་གཤགས་བཅོས་ཤིག་བྱེད་དགོས་པའི་དུས་ལ་བབས་པ་འདྲ།་་་ཕྱོགས་འདྲ་མི་འདྲ་དང་རིགས་འདྲ་མི་འདྲ་བའི་དྲ་རྒྱ་བརྒྱུད་ནས་བསམ་ཚུལ་བསྡུས་ཏེ་རྒྱལ་ཚོགས་ཀྱི་འཐུས་མིའམ་རྒྱལ་ཁབ་ལྔ་པོའི་སྐུ་ཚབ་གནས་དབྱུང་གཏོང་བ་དང་།་་་ཚོགས་གཙོ་ཨ་ནན་ལས་འཁྱར་ངལ་གསོ་སྤྲད་དེ་འཐུས་མི་གསར་པ་ཞིག་དང་ཚོགས་གཙོ་གསར་པ་ཞིག་འདེམས་ན་རེད།་་་གལ་སྲིད་ཚོགས་གཙོ་གསར་པའི་འོས་གཞི་འདོན་དུས་ང་ཚོས་༸གོང་ས་མཆོག་འོས་མི་ལང་དུ་བཅུག་ན་ག་འདྲ་འདུག
དགོས་མེད་ཀྱི་ཚོག་ཚོགས་ཀྱིས་སྤྲོས་པ་མང་དྲགས་ཏེ། བརྗོད་དོན་གྱི་འབྲས་བུ་ཡོངས་སུ་བསྒྲིབ་ལ་ཉེ།
རྗེས་མར་བསམ་བློ་ཐོངས།
ཚོགས་གཙོ་ཨ་ནན་སྔར་ནས་ལས་འཁྱུར་ངལ་གསོ་སྤྲད་ཚར་བ་རེད། ད་ལྟའི་ཚོགས་གཙོ་བྷན་ཁི་མུ་རེད།
ཨུ་རུ་སུ་དང་སྐམ་ས་ཆེན་མོ་གཉིས་མགོ་རྟིང་སློག་ཐུབ་ན་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་འདི་བདེ་སྐྱིད་ཐོག་གནས་ཐུབ། གང་ལ་རྒྱ་མི་དང་ཨུ་རུ་སུ་ཡོད་ན་དེ་ན་ཟ་་རིགས་དཀོན་ཟེར་བ་དངོས་གནས་རེད་འདུག
ཁྱེད་ཀྱི་ལག་པ་གཅིག་བཀྱག་ནས་རྒྱ་མི་གུང་ཁྲན་གཏོར་དགོས་པ་དང་། གཞན་དེ་བཀྱག་ནས་ཨུ་རུ་སུ་གཏོར་དགོས། དགེ་རྒན་དགེ་ཕྲུག་དེ་གཉིས་འཛམ་གླིང་གཏོར་བཤིག་གཏོང་མཁན་ངོ་མ་དེ་ཡིན་དུས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གལ་ཆེན་པོ་ཡིན། ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་རྣམས་མཉམ་རུབ་བྱེད་དགོས།
སྐུ་ཞབས་རྩེ་སྐར་ལགས། ཐོག་མར་ཉིད་ལ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་ཞུ་དོན་ནི།
ཉིད་ཀྱིས་བྲིས་པའི་རྩོམ་ཡིག་འདིར་གནད་དོན་མང་པོ་ཞིག་མཐོང་སོང་། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་གང་མགྱོགས་༼དབུ་མའི་ལམ་༽གསར་འཕྲིན་ཞེས་པ་ཞིག་འདོན་འཆར་ཡོད་པས་གསར་ཤོག་ནང་ས་མིག་སྟོང་པ་ཐོན་ཚེ་ཉིད་ཀྱི་རྩོམ་ཡིག་འདི་ཉིད་བཀོད་རྒྱུར་འདོད་མོས་ཡོད་པས་དེའི་ཐད་ཞལ་བཞེས་ཡོད་མེད་ཀྱི་ལན་ཞིག་གནང་ཐུབ་ཚེ་ཡག་པོ་འདུག
ལན་གནང་ན་གློག་འཕྲིན་འདིའི་སྟེང་། midpath88@yahoo.com