(བསེ་རུ།)
( དྲ་གྲོགས་ཤིག་གིས་རྒྱུགས་མ་གཏོགས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་རྗེས། )
(ཡི་ཐང་མ་ཆད་པར་རྒྱུགས།
ཡི་ཐང་ཆད་ཀྱང་འགྲོ་དགོས།)
དཀའ་སྡུག་གི་རི་མོ་ཐོད་པར་བརྩེགས་ཀྱང་།
བརྙས་སྨོད་ཀྱི་ཟུར་མདའ་ཡང་ཡང་འཕངས་ཀྱང་།
ལུས་སེམས་ལ་མནར་གཅོད་ཇི་ལྟར་རྩུབ་ཀྱང་།
འགྲོ་མ་གཏོགས།
ད་དུང་རྗེས་ལུས་ཀྱི་ཞྭ་མོ་ལྗིད་ཏིག་ཏིག་འདི་ཇི་ལྟར་ཕུད་ཐུབ་བམ།
དུས་རབས་ཀྱི་ཚོན་མདོག་འགྱུར་ཡང་།
མི་རིགས་ཀྱི་ངོ་བོ་འགྱུར་ཡང་།
རང་ཡུལ་གྱི་གནམ་ས་འགྱུར་ཡང་།
འགྲོ་མ་གཏོགས།
ད་དུང་བཙན་དབང་གི་ཞགས་པ་ནག་པོ་འདི་ཇི་ལྟར་འགྲོལ་ཐུབ་བམ།
ས་གཞི་འདི་ཟུངས་ཁྲག་གིས་ཚོས་ཀྱང་།
འཇིག་རྟེན་འདི་བེམ་རོས་གཏམས་ཀྱང་།
གོ་ལ་འདི་ངུ་འབོད་ཀྱིས་ཁེངས་ཀྱང་།
འགྲོ་མ་གཏོགས།
ད་དུང་རྣམ་ཤེས་འབུམ་ཕྲག་གི་རེ་འདོད་དེ་ཇི་ལྟར་བསྐང་ཐུབ་བམ།. .
ཁམས་གསུམ་གྱི་གནས་ལུགས་རྟོགས་ཀྱང་།
འདི་ཕྱི་ཡི་རྒྱུ་འབྲས་རྟོགས་ཀྱང་།
ཆོས་སྲིད་ཀྱི་མངའ་བདག་ཡིན་ཀྱང་།
འགྲོ་མ་གཏོགས།
ད་དུང་གཤིན་རྗེའི་རྒྱལ་པོའི་ལམ་ཡིག་དེ་ཇི་ལྟར་ལེན་ཐུབ་བམ།
ལུས་པོ་འདི་ལག་ཟད་དཔུང་པར་ཐུག་ཀྱང་།
སེམས་པ་འདི་རྒྱ་མཚོའི་རླབས་ལྟར་འཁྲུགས་ཀྱང་།
ལུས་སེམས་གཉིས་ཐོར་ཤིག་ཏུ་སོང་ཡང་།
འགྲོ་མ་གཏོགས།
ད་དུང་གཞན་དབང་གི་མཚོན་ཁ་ནས་ཇི་ལྟར་ཐར་ཐུབ་བམ།
རང་དབང་གི་ལྷ་མོ་རྣམས་དང་།
བདེན་དོན་གྱི་ཕོ་ཉ་ཡོད་ཚད།
སྐྱེ་འགྲོའི་མགོན་སྐྱབས་སུ་མཆིས།
འགྲོ་མ་གཏོགས།
མདུན་ཕྱོགས་ནས་བསུ་མཁན་མང་ལ།
རྒྱབ་ཕྱོགས་ནས་དེད་མཁན་མང་།
མ་གཞི་ནས་མ་ཕྱིན་པར་བསྡད་ན་ཡང་འགྲིག
རྒྱུགས་ཟེར་མི་དགོས་པར་འགྲོ་དགོས་པའི་ཉིན་ནི།
ཉམ་ཆུང་གི་སྐྱེ་འགྲོ་ལྷན་དུ།
དལ་བུར་འགྲོ་མ་གཏོགས།
བསམ་བཞིན་དུ་འགྲོ་མ་གཏོགས།
གནས་ལུགས་རྟོགས་བཞིན་དུ་འགྲོ་མ་གཏོགས།
སང་ཉིན།
གནངས་ཉིན་་་་་་་་་
ཁྱོད་རང་རྒྱུགས།
མི་ཚེའི་མཐའ་ལ་མ་ཐུག་གི་བར་དུ་རྒྱུགས།
ངུ་ངག་གི་དབྱངས་རྟ་གྱེར་གྱིན་རྒྱུགས།
སྡུག་བསྔལ་གྱི་འོ་དོད་འབོད་ཀྱིན་རྒྱུགས།
ཁྱོད་དང་ཁྱོད་འདྲ་བ་ན་ཟུག་གི་མནར་གྱིན་རྒྱུགས།
རྒྱུ་འབྲས་ཀྱི་བློ་མིག་ལྡོངས་པའི་བྱིས་པ་ཚོས།
རྒྱབ་ཕྱོགས་ནས་མཛུབ་ཀེར་གྱིས་འཕྱ་གིན་འདུག
ད་རྒྱུགས་རྒྱུགས། བསེ་རུ་རྒྱུགས།
ཤོག་དང་སྐྱབས་བཅོལ། ཁྱོད་དང་ཁྱོད་འདྲ་བའི་སྐྱབས་བཅོལ་ཚོ་ཤོག་དང་།
ས་སེན་མོ་དང་ཆུ་ཐིགས་པ་གཅིག་ཀྱང་བདག་ཐོབ་མེད་པའི་གནས་དེ་སྐྱུར་ནས་ཤོག་དང་།
དངོས་གནས་ཡིད་སྐྱོ་དགོས་པའི་གནས་ཤིག་རེད།
བསེ་རུ་འུ་ཐུག་ཐབས་ཟད་ཀྱིས་སྐྱབས་བཅོལ་དུ་ཡོང་ཡོད།
སྐྱབས་བཅོལ་ཁྱོད་དང་ཁྱོད་འདྲ་བ་ཚོ་ཡང་དེ་ལྟར་ཡིན་ཤས་ཆེ།
ད་ཤོག་དང་ལོག་འགྲོ། རང་ཡུལ་དུ་ལོག་འགྲོ། ཕ་ཡུལ་ཕ་མ་སྤུན་མཆེད་ཚོ་ཐུག་པར་ལོག་འགྲོ།
སྐྱབས་བཅོལ་ཚོ་ཤོག་དང་། སྐྱབས་བཅོལ། སྐྱབས་བཅོལ།
བསེ་རུ་བསེ་རུ་ལྟར་གཅིག་པུར་མ་འདུག
ད་རང་བཙན་བཞག་ནས་གཉེན་ཕྲད་དུ་འགྲོ
བྱེས་འབྱོར་གཞན་ཡུལ་དུ་ཚེ་གང་པོར་མ་སྡོད།
ལམ་དབུ་མའི་ཞི་སྒྲིག་འཚོལ་དུ་ད་ལྟ་རང་འགྲོ