ས་མཐའི་མིག་ཆུ།
ཀ་བ་ལྟ་བུའི་བཀའ་སྤྱི་གཉིས་ཀྱིས་དབུས།།
ཁ་བ་ཅན་གྱི་སྲིད་ཀྱི་ཆེ་རྒུ་རྣམས།།
ག་དུས་ཡིན་ཡང་་ཐུགས་སྣང་གཤིན་པོའི་ངང་།།
ང་ཅག་བོད་ཀྱི་བདེན་དོན་རྩོད་ཅིག་གོ །
ཅ་ཅོ་རིང་མིན་ཐུན་མིན་ཙམ་ཞིག་ལ།།
ཆ་ཤས་ཕྱེ་སྟེ་ཁྱོད་དང་ང་ཞེས་ནས།།
ཇ་ཆང་ལྷ་མོའི་བསྟན་བཅོས་ཇི་བཞིན་དུ།།
ཉ་ཉོག་སྨྱོ་གཏམ་མ་ཤོད་སྐུ་མཁྱེན་ལགས།།
ཏ་ཐ་ག་ཐའི་བསྟན་འཛིན་ཀུན་གྱི་གཙུག །
ཐ་མལ་གངས་ལྗོངས་འགྲོ་བའི་མགོན་དང་དཔུང་།།
ད་ཆ་དགོང་ལོ་བརྒྱད་ཅུར་ཕེབས་སྐབས་འདིར།།
ན་རྒས་ཁོང་གི་བཀའ་ལ་ཉོན་ཅིག་གོ །
པ་ལོ་བྲེགས་ཤིང་ངུར་སྨྲིག་གོས་ཅན་དང་།།
ཕ་་རྒན་སྤྲེལ་གྱི་རྒྱུད་འཛིན་སྐྱ་བོ་བ།།
བ་གླང་ངན་པའི་གཤིས་ཀ་ཀུན་དོར་ནས།།
མ་རྒན་གཅིག་པའི་སྤུན་ལྟར་མཐུན་སྒྲིལ་མཛོད།།
ཙ་རི་འདྲ་བོའི་རྡ་སའི་ར་བ་དེར།།
ཚ་གི་ཚི་གི་དེ་འདྲ་གནང་གྱུར་ན།།
ཛ་བང་གྱ་གྱུའི་རྒྱ་དམར་ཀླ་ཀློ་ཡང་།།
ཝ་ལེར་དགའ་ནས་འཛུམ་པའི་དགོད་སྒྲ་སྒྲོག །
ཞ་མོའི་མདོག་གིས་འབྱེད་པའི་ཆོས་རྒྱུད་དང་།།
ཟ་འོག་གྱོན་པ་མི་འདྲའི་ཆོལ་ཁ་སོགས།།
འ་ཅག་ཕ་མ་གཅིག་གི་སྤུན་ལག་ན།།
ཡ་ཡུད་ནང་ཁུལ་མ་འཛིངས་སྐུ་ངོ་ཚོ།།
ར་བ་གངས་རིས་བསྐོར་བའི་རང་ཡུལ་གྱི།།
ལ་ལུང་ཀུན་ཏུ་རྒྱ་མིའི་དཔུང་དམག་གིས།།
ཤ་རུས་གཅིག་པའི་གཅེས་སྲོག་འཕྲོག་བཞིན་པ།།
ས་དཔོན་ཁྱེད་ཚོས་ཐུགས་ཀྱིས་བཟོད་ལགས་སམ།།
ས་སྟེང་འགྲོ་བའི་མགོན་པོ་གང་ཉིད་ཀྱིས།།
ས་ཡ་དྲུག་གི་ད་ལྟ་མ་འོངས་ཆེད།།
ས་སྟེང་འཛམ་གླིང་ཧྲིལ་པོར་ཞབས་བཅགས་པ།།
ས་འཛད་ཀླད་མེད་ཁྱེད་ཚོས་མི་ཤེས་སམ།།
ཨ་མར་སྐྱེས་པའི་བུ་ཞིག་ཡིན་གྱུར་ན།།
ཧ་ཅང་ད་ལྟའི་་ཛ་དྲག་དུས་ངན་འདིར།།
ཨ་མདོ་མདོ་སྟོད་དབུས་གཙང་མ་གསུང་བར།།
ཧ་ཅང་དམ་ཚིག་ལ་རྒྱ་མཐུན་པ་དགོས།།
བཀའ་ཤག་དཀའ་ལས་རྒྱག་དགོས། །
ཁ་བཤད་ལྦུ་བ་མི་དགོས། །
གར་ཕྱིན་ལས་དོན་བསྒྲུབ་དགོས། །
ངས་མིག་གཅེར་ནས་བསྡད་ཡོད། །
སྤྱི་འཐུས་ཚོས།
བཅབས་ནས་རང་མཚང་མ་སྦས། །
ཆལ་ལེ་ཆོལ་ལེ་མ་ཤོད། །
འཇའ་ཡིག་བཅའ་བའི་དུས་སུ། །
ཉག་གེ་ཉོག་གེ་མ་ཤོད། །
ཏ་ཐ་ག་ཏའི་གདུང་སྲས། །
མཐའ་འཇུག་བོད་ལ་འཁྲུངས་ནས། །
ད་ལོ་དགུང་གྲངས་བརྒྱད་བཅུའི། །
ན་ཚོད་ཟིནད་པ་མ་བརྗེད། །
པ་ཕ་བོད་རིགས་ཡིན་ཙང་། །
ཕ་བརྒྱུད་སྤྲེལ་རྒན་བྱང་སེམས། །
བ་གླང་དུད་འགྲོའི་སྤྱོད་ལམ། །
མ་གནས་གནང་བར་མ་གནོངས། །
ཙ་རིའི་གནས་འདྲའི་དྷ་སར། །
ཚབ་བི་ཚུབ་བིའི་སྤྱི་འཐུས། །
ཛ་ལང་ཤོད་ངན་བཞག་ནས། །
ཝ་འདྲའི་ཁ་གཏད་སྡིགས་ཤིག །
ཡང་ན།
ཙ་རིའི་གནས་འདྲའི་དྷ་སར། །
ཚབ་བི་ཚུབ་བིའི་སྤྱི་འཐུས། །
ཛ་ལང་ཤོད་ངན་བཞག་ནས། །
ཝ་སྐྱེས་དགྲ་ལ་སྡིར་ཤིག །
ཞྭ་གོས་དྲོ་བོ་གྱོན་མཁན། །
ཟ་མར་རྩམ་པ་ཟ་མཁན། །
འ་ཆད་འུ་ཐུག་དུས་འདིར། །
ཡ་མེད་འགྲན་བསྡུར་ཞུགས་ཤིག །
ར་ཕོའི་ཕོ་ཉམས་མ་སྟོན། །
ལུག་ཁྱུའི་ལམ་སྟོན་མ་བརྗེད། །
ཤ་ཁྲག་གཅིག་པའི་སྤུན་ཟླར། །
ས་མཐའ་བསྐོར་ནས་སྐྱོངས་ཤིག །
ཧ་ཅང་ཕོ་རྒོད་མ་ཤོད། །
ཧ་ཅང་ཉམས་ཆུང་མ་རྫུས། །
ཨ་བར་ཀ་ནས་སྦྱངས་པ། །
ཨ་མའི་དྲིན་ལན་གསོས་རན། །
དགོངས་དག་དཀྱུས་ཅིག་ལ་འབྲི་ཐུབ་མ་སོང་།
གུས་པས་ཛ་ལང་ལ་ཛ་བང་ཞེས་བྲིས་འདུག་པར་དགོངས་དག