ཀླུ་སྨྱོན།
མུན་ནག་གི་འཇིག་རྟེན་ལ་ལང་ཚོ་སྣོན་པའི་སྐར་ཚོགས་དལ་བུར་འཕྱོ་བའི་མཚན་མོ་དེར། བདག་གཅིག་བུས་ཀེང་རུས་ལྟ་བུའི་ལུས་པོ་འཁྱར་འཁྱོར་ངང་དཀར་ལྷོག་ལྷོག་ཏུ་འཕྱུར་བའི་སྨུག་སྤྲིན་བརྒལ་ནས་རྒྱང་རིང་གི་རི་གྲོང་ཞིག་ཏུ་བསྐྱོད། འཇམ་སྙན་རོལ་དབྱངས་ཀྱི་འགྱུར་ཁུག་ལྟ་བུའི་དུང་ཞེན་གྱི་ལོ་འདབ་ལ་བྲིས་པའི་ཁེར་རྐྱང་གི་སྐྱོ་གདུང་དུམ་བུ། གློག་གཞུའི་འོད་སྣང་སྐྱ་བོའི་ཁྲོད་དུ་འཕུར་བའི་སྨྲེ་སྔགས་དང་མིག་ཆུའི་མངར་སྐྱུར་དང་འདྲེས་ཏེ་ཆར་ཟིམ་དལ་བུར་འཐོར་བའི་སྤྲིན་གསེབ་ཏུ་རྒྱུ།
ཆར་སྤྲིན་གྱི་ལྟེབས་གཉེར་བར་ནས་གློག་ཞགས་ཀྱིས་མཚན་ལྗོངས་ལ་ཚེ་སྲོག་གི་དྲན་ཤིང་འཇོག་དུས། དྭངས་ཤིང་གཙང་བའི་གཏམ་རྒྱུད་ཅིག་བདག་གི་སྙིང་དམར་པོའི་སྒོ་གླེགས་བར་ནས་དུང་ཟླ་དཀར་པོའི་ལང་ཚོ་ཇི་བཞིན་འཛུམ་ཡོང་། ཆུ་ཐིགས་དང་ལོ་འདབ་ཀྱི་སྙིང་གཏམ་ལ་རྫོགས་ཚིག་འགོད་ཐབས་བྲལ་བའི་ལྗོན་ཤིང་གི་ཡལ་གར་བསྙེས་པའི་སྙན་ངག་པ་ཀྱེ། ས་མཐའི་གཉེན་ཉེ་ཡི་འཕྲིན་ཡིག་དང་ཁ་བ་མཉམ་དུ་འབབ་མི་སྲིད་པ་ནི། ཁྱོད་ལ་བཞག་པའི་སྐྱོ་གར་དེའི་མཇུག་མཐའི་རོལ་དབྱངས་ཐེངས་ཤིག་མ་ཡིན་ནམ།
བརྩེ་དུང་དང་རེ་འདུན་བསྲེགས་པའི་མེ་ལྕེ་ནི་མཁའ་མཐའི་ཉི་མ་དམར་པོ་དེ་ལགས་པས། ཕ་སའི་སྦྲ་ནག་གི་ཆོན་ཐག་ལ་བརྒྱུས་པའི་བཅོ་ལྔའི་དུང་ཟླ་བགྲང་ལས་འདས་པའི་ཕམ་ཁའི་སྡུག་ཡུས་དེ་འདི་རུ་གྱེར་བས་ཅི་ཕན། དུང་ཟླ་ཟླུམ་པོ་དེར་ནང་ཡང་ལྷིང་འཇགས་དཀྲོག་པའི་སྙིང་གྲོགས་ཤིག་ཡོད་པའི་གཏམ་རྒྱུད་མང་མོད། འོད་དཀར་གྱི་གཟེགས་མས་ནམ་རྒྱུན་ཁེར་རྐྱང་གི་སྙན་ངག་པའི་མིག་མཐའ་བརླན་དོན་ཅི།
ཕ་སའི་རྩྭ་ཐང་གི་གཡང་དཀར་ལུག་ཁྱུའི་འབའ་དབྱངས་སྙན་མོ། ལྷོ་མཐའི་མཚན་ལྗོངས་ཀྱི་མུན་པར་བསྟིམས་པའི་དྲན་གདུང་གི་མིག་ཆུར་འདྲེས་མོད། རེ་སྒུག་གི་སྐར་ཆེན་དེ་བདག་ཡིད་ཀྱི་མཁའ་མཐའ་ནས་དལ་བུར་མོག་པོར་གྱུར་པ་འདི་སུ་ཞིག་གིས་ཀྱང་བཟོད་མི་ཐུབ་པའི་ལས་སྐལ་གྱི་ལྷ་ཆེན་དེའི་ཀུ་རེ་ཐེངས་ཤིག་མ་ཡིན་ནམ། ལྗོན་གསེབ་ནས་བཏུས་པའི་ཟླ་འོད་སྤར་གང་སྙིང་གར་སྦྱར་དུས། ཐོབ་ཤོར་ལ་བརྒྱུས་པའི་སྐྱོ་གདུང་གི་རྨ་ཁ་རིང་མོ་དེ་ཚེ་གང་གི་དྲན་རྟེན་དུ་ལུས་སོང་།
ཨ་ཨ། བརྩེ་ཞེན་དང་འཛུམ་དཀར་གྱིས་བཟི་བའི་ཁྲུང་ཁྲུང་དཀར་མོ་ཡ། ཁྱེད་རང་རོལ་དབྱངས་དང་གླུ་སྒྲ་མེད་པར་ཕེབས་བྱུང་ཨང་། བདག་ཡིད་ཀྱི་ལྷིང་འཇགས་ཐལ་བར་བསྲེགས་ནས་ཁྱེད་རང་ནམ་ཞིག་འཕུར་ཚར་བ་ཡང་བདག་གིས་རྟོགས་མ་བྱུང་། ཀྱེ་མ། ཡོད་ཚད་འཁྲུལ་སྣང་དང་ཀུ་རེའི་བར་ནས་མཇུག་རྫོགས་དགོས་པ་འདིས། ཚེ་སྲོག་དང་སྙན་ངག་གི་དུར་རྡོ་ཡང་སྐྱར་བསླངས་བྱུང་། ས་མཐའི་བཅོས་འཛུམ་གྱི་གསང་བ་ཤོར་བའི་ས་སྲོད་ཅིག་ལ། སྨུག་ལོང་དང་ཉི་ཟེར་གྱིས་དེད་པའི་ངང་བ་སེར་བོ་ཁྱུ་ཞིག་གི་ལས་དབང་ལས། ངས་ཡུན་རིང་བོར་བའི་རང་ཉིད་རྙེད།
རྒྱང་རིང་ལ་འཚེར་བའི་སྐར་ཚོགས་གྲངས་མེད། ཉེ་འགྲམ་ན་འབར་བའི་གློག་འོད་རབ་རིབ། སུས་ཀྱང་མག་མོག་གི་མཚན་ལྗོངས་འདིར་ཚེ་སྲོག་གི་སྟེར་ཐུབ་མོད། དབུགས་རིང་དང་འགྲོག་པའི་གཏམ་རྒྱུད་ཁེར་རྐྱང་ཞིག་ལ་སུ་ཡིས་ཐེ་གཏོགས་བྱེད།
ལྷོ་ཕྱོགས་ཀྱི་མཛེས་སྡུག་ལ་བསྙེགས་པའི་ཁྲུང་ཁྲུང་དང་སྤྲིན་པ། ཆར་རྗེས་ཀྱི་འཇའ་ཚོན་ཟླུམ་པོའི་བསླུ་བྲིད་ལ་དུང་བའི་མི་རིགས་ཤིག་གི་གཏམ་རྒྱུད་སྐྱུར་མོ། སྙན་ངག་པའི་སེམས་གཏིང་ནས་འབར་བའི་སྒྱུ་རྩལ་གྱི་མེ་ལྕེ་དམར་པོ། ཡོད་ཚད་ལྷིང་འཇགས་ཀྱི་ཁོར་ཡུག་དང་གྱེས་ཏེ་གནམ་སའི་མཐའ་རུ་འཕུར།
ལེ་དབར་ཁྲི་ཕྲག་གི་སྣེ་རུ་ལུས་པའི་ཕ་ཡུལ་དྲན་པའི་གྲྭ་རྐྱང་འཁྱམ་པོ། ལོ་ཟླའི་ཤོག་ངོས་སུ་ཕབ་པའི་མཉེས་གཤིན་གྱི་ཚོན་རིས་ལྗང་ཁུ། མིག་ཞགས་མཁའ་མཐར་ལྷུང་བའི་ན་ཆུང་གི་རྫི་གླུའི་གསང་བ། ཡོད་ཚད་བརྗེད་ངེས་ཀྱི་ཡོལ་བས་བཏུམས་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ། ཨ་ཨ། གངས་འདབས་ནས་གངས་འདབས་སུ་འཕུར་བའི་ཨ་ལན་མེད་པའི་གངས་སེང་གི་ངར་སྐད་རེ་རེ། རྫ་སུལ་ནས་རྫ་སུལ་དུ་བརྐོས་པའི་བདག་པོ་མེད་པའི་འབྲོང་རྒོད་ཀྱི་རྨིག་རྗེས་གོར་མོ། སྦྲ་ནག་ནས་སྦྲ་ནག་ཏུ་བརྒྱུད་པའི་རིན་ཐང་མེད་པའི་ཡིག་དྲུག་གི་འགྱུར་ཁུག་རིང་མོ། བྱང་ཐང་ནས་བྱང་ཐང་དུ་བབས་པའི་ཞུ་རྒྱུ་མེད་པའི་གངས་དཀར་གྱི་འདབ་མ་འབུམ་ཕྲག འདི་དག་ཐམས་ཅད་ངེད་ཅག་གི་མེས་པོའི་ཇག་ལམ་ནས་བརྡོལ་བའི་གཏམ་རྒྱུད་ཀྱི་ཤོག་ངོས་སུ་བབས་པའི་ས་རྡུལ་བན་བུན།
རྒྱ་གར་ལྷོ་ཕྱོགས་ཀྱི་གཟའ་ཟླ་བའི་དགོང་མོ་ཞིག་ལ་ང་རང་འབྲས་སྐྱ་ཕོར་བ་གང་ཟོས་རྗེས་འཁྱར་འཁྱོར་གྱི་གོམ་པ་སྤོས་ཏེ་ཕྱི་རོལ་ལ་འཆམ་འཆམ་དུ་བསྐྱོད་པའི་སྐྱོ་སྣང་དམ་དུམ་ཞིག་ཕྱིར་མལ་ཁང་དུ་ལོག་རྗེས་ཡི་གེར་ཕབ་བོ།།
ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་སྙན་ངག་ཟེར་བ་འདི་སེམས་ཀྱི་རོལ་རྩེད་ཙམ་མ་ཡིན་པར། གྱེར་འདོན་བྱས་ན་ངག་ལ་བདེ་བོ་ཡོད་པ་ཞིག་དགོས་གསུངས་ཡོད། ཁྱེད་རང་གིས་བྲིས་པའི་བཅད་རྩོམ་སྙན་ངག་འདི་ངས་ྐློག་ཞོར་དང་གྱེར་འདོན་ཐེངས་གཅིག་བྱས་པ་ཡིན། ངག་ལ་བདེ་བོ་ཞིག་རེད། བཀའ་དྲིན་ཆེ། ཡིན་ནའང་བཅད་རྩོམ་སྙན་དག་འདི་སྔོན་ཆད་བྐླགས་ཟིན་པ་འདྲ། ཕལ་ཆེར་ཤམ་བྷ་ལའི་དུད་སྤྲིན་ནང་ཡོད་བསམས་སོང་།
ཨ་ཨ། ཁྱོད་འདིས་ངས་སྔོན་མར་ཆུ་ངོགས་གཏམ་བརྒྱུད་བཀླགས་པ་བཞིན་ངའི་དེབ་ཧྲུལ་དེ་ཚོ་བཀླགས་འདུག ངས་ལོ་ངོ་ཉི་ཤུའི་སྔོན་ཆུ་ངོགས་གཏམ་རྒྱུད་ཉིན་མཚན་མེད་པར་བཀླགས་པས། མཚམས་ཤིག་ནས་གལ་སྲིད་ཁྱོད་ཀྱིས་དེབ་དེ་བཞིའི་ནང་གི་ཡིག་ཕྲེང་ཞིག་མགོ་ནས་མར་བཏོན་པ་ཡིན་ན། ངས་ལམ་སེང་དེབ་གང་གི་ནང་དང་མི་སྣ་སུའི་སྐོར་ནས་ཡིན་པ་ཁྱོད་ལ་མ་ནོར་བར་བཤད་ཐུབ། དེ་དུས་ངོ་མ་ང་ལ་ཆུ་ངོགས་གཏམ་རྒྱུད་ཀྱི་ལྷ་འདྲ་བོ་ཞིག་ཞུགས་པ་འདྲ། ཐ་ན་རྩམ་པ་ཟ་དུས་ཀྱང་ཆུ་ངོགས་དེབ་ཅིག་ལྕགས་ཐབ་སྟེང་གི་ཟངས་དེབ་ལ་བསྙེས་ནས་ལྟ་བཞིན་བསྡད། སྐབས་ཤིག་ནས་དེབ་བཞི་བོའི་འདབས་ཀ་མེས་ཚིགས་ནས་སེར་བོ་ཆགས་འདུག ང་རང་དཔེ་ཆ་བ་ཞིག་མ་ཆགས་པ་དེ་ཡང་ཆུ་ངོགས་གཏམ་རྒྱུད་ཀྱིས་ང་རུལ་སུངས་སུ་བསྒྱུར་པ་ཡིན་པ་འདྲ། ཡིན་ན་ཡང་དེས་ངས་རྗེས་སུ་སྒྲུང་རྩོམ་འབྲི་རྒྱུར་ང་ལ་ཕན་ཐོགས་ཆེན་པོ་ཞིག་བྱུང་། ཨོ། མགོ་
ལོག་ནས་གཅིག་ལ་སྒྲུང་ལྷ་ཞུགས་ནས་གླིང་སྒྲུང་ཤར་མར་བཤད་ཐུབ་འདུག་ལ། སྔོན་མར་ཆུ་ངོགས་གཏམ་རྒྱུད་ཀྱི་མིང་ཡང་གོ་མ་མྱོང་ན་ཡང་སྐབས་རེར་ཡི་གེ་མི་ཤེས་མཁན་དེས་ཆུ་ངོགས་གཏམ་རྒྱུད་ཀྱང་ལེ་ཚན་དང་ལེ་ཚན་བྱས་ནས་བཤད་ཡོང་གི་འདུག་ཟེར། ཡ་མཚན་རེད།
ཨ་རོ། དཔེ་ཆ་མང་པོ་ཞིག་བྐླགས་པ་ཡིན། དེའི་ཚོད་ཀྱིས་ཡོན་ཏན་ཏིལ་འབྲུ་ཙམ་ཡང་འབྱོར་མི་འདུག་སྟེ། དེ་རིང་ཀ་ངོ་ཡིག་ངོ་ཆོད་པ་འདི་ངའི་མི་ཚེའི་བདེ་སྐྱིད་ཡིན་བསམ་ནས་བསྡད་ཡོད།
རླུང་འཚུབ་ནག་པོ་མགོན་པོ་དང་། བཙུན་པ་སྤུ་ཁ་ཀླུ་སྨྱོན། གནམ་ལྕགས་ཐོག་འབེབས་སྟག་སྨྱོན། དུས་ཐོག་ཆར་བ་སྤོབས་པ་ལ་སོགས་དཔའ་རྟུལ་རེ་རེ་བཞིན་རང་ལམ་དུ་ཞུགས་ཏེ། ད་སྐབས་ལིང་ཧྲན་མཚོ་གླིང་ན་ཞི་བདེའི་དེད་དཔོན་ཏཱ་ལའི་བླ་མ་སྐུ་རྐྱང་དུ་ལྷག་འདུག་ཟེར།
འགྲམ་ནག་ཟེར་བ་འདིས་ཆུ་ངོགས་གཏམ་རྒྱུད་བྐླགས་པ་འདྲ།གསར་བུ་འདིས་ཆུ་ངོགས་གཏམ་རྒྱུད་ཀྱི་རྩོམ་གྱི་ལྟ་བ་སྤྱད་ནས་རྩོམ་འབྲི་གི་འདུག་ག མྱི་ལྡང་། འབད་བརྩོན་བྱེད་ཐུབ་ན་རེ་བ་ཡོད་མདོག་ཁ་བོ་རེད།
ཞི་བདེའི་དེད་དཔོན་སྐུ་རྐྱང་ག་ལ་ཡིན་ཏེ། ཁོང་གི་ཉེ་འཁོར་དུ་ཐབས་ཇུས་དབང་ཕྱུག་ཟམ་གདོང་དང་། སྤྲིན་གཞོན་གཡུ་འབྲུག་རྒྱ་ལོ། རྐང་མགྱོགས་འཕྲུལ་རྩལ་ཅན་རྒྱ་རི། ཉིན་མོའི་བྱི་བ་སྐལ་རྒྱམ་སོགས་དཔའ་རྒོད་ང་ཡིན་ཁོ་ཡིན་དག་གིས་ད་དུང་ཧུའུ་གོང་མ་ལ་མགོ་མ་བཏགས་པར་གནམ་འོག་ཞི་བདེའི་རྩ་ཚིག་འགྲེམ་བཞིན་བསྡད་ཡོད།
ཨ་རོ། ྐླུ་སྨྱོན། སྐུ་ཉིད་ཀྱིས་མཛད་པའི་ཤམ་བྷ་ལའི་དུད་སྤྲིན་ཞེས་པའི་དེབ་དེའི་ནང་དུ་སྲོལ་རྒྱུན་སྙན་ངག་ཡག་པོ་འགའ་རེ་ཡོད་སྙམ། ཡིན་ནའང་དེབ་དེ་ངའི་ལག་ཏུ་མེད། ཁྱེད་ཀྱིས་བྲིས་པའི་ལག་རྫིའི་སྙན་ངག་དེ་ཡང་བསྐྱར་ྐློག་འདོད་ཆེ། འདིར་གཏོང་ཨེ་ཐུབ་བམ།
ཡིན་ད་ཡིན། མ་ཎི་ཆ་རེའི་བར་ཆད་རེད་ལ། གསར་བུ་ཞིག་གི་རེ་འདུན་ཡང་རེད། ད་ཐེངས་ཞུ་བ་བོ་དབང་བཙན་པར་བྱེད་ཆོག
ལུག་རྫིའི་སྙན་ངག་དེ་སྦྲང་ཆར་སྟེང་སྤེལ་བའི་དགོང་མོ་དེར་ང་རྒྱལ་གྱིས་མགོ་བོ་སྦོས་ཏེ་གཉིད་ཀྱང་ཡག་པོ་ཞིག་མ་ཡོང་བསམས། དེ་དུས་ཀྱི་གྲྭ་གཞོན་སྨྱུ་གུ་ཅན་དེ། དེ་རིང་གི་བླ་རྒན་ཕྲེང་བ་ཅན་འདི། དེ་དུས་ཀྱི་གསར་བུ་ཕོ་སྒོ་ཅན་དེ། དེ་རིང་གི་བླ་རྒན་གཉེར་མ་ཅན་འདི། ཨ་ལ་ཀུ་རེ་ཡིན།
རྩོམ་ཡོན་སྒོར་རྡོག་འགའི་དོན་དུ་རྒྱ་རྒན་ཞིག་གིས་ང་ལ་སྡུག་ཅིག་ཕབས་པ་དེ་ནམ་ཡང་བརྗེད་མེད་རེད། གཙོ་བོ་ངས་རྒྱ་སྐད་ཡག་པོ་ཞིག་བཤད་མ་ཤེས་པ་དེས་རེད། རྒྱ་རྩོག་དེ། ལངས་སྐྱག་དེ།
སྦྲང་ཆར་སྟེང་དུ་བཀོད་དེ། བྱ་དགའ་ཞིག་ཀྱང་ཐོབ་ཡོད་བསམས། དགའ་བསུ་ཡོད། ཡིན་ནའང་། མ་ཎི་འདོན་པར་བར་ཆད་ཡིན་ན། མ་བཀོད་ན་ཆོག
མི་སེམས་དགའ་ན་དགེ་བ་རེད། མ་ཎི་བཏོན་དང་གཅིག་པ་རེད།
ྐླུ་སྨྱོན། རྒྱ་གར་གྱི་གྲགས་ཅན་མ་ཧཱ་བྷ་ར་ཏ་བོད་སྐད་དུ་འགྱུར་ཡོད་མེད་ལ་ཐུགས་མཉམ་འདྲ་བཞག་ཡོད་དམ། ལྷ་སྨོན་ཡི་ཤེས་ཚུལ་ཁྲིམས་ཀྱིས་བོད་སྐད་དུ་རོབ་ཙམ་བསྒྱུར་ཡོད་བསམས། ཁྱད་མཚར། བོད་ཀྱི་ལོ་ཙཱ་བ་ཚོས་སྙན་ངག་རིང་པོ་འདི་ཆ་ཚང་ཞིག་མ་བསྒྱུར་བ་དེ་ཅུང་ཡ་མཚར་གྱི་འདུག ཕྱིའི་སྐད་ཡིག་ཁ་ཤས་ནང་སྙན་ངག་རིང་པོ་འདི་བསྒྱུར་ཚར་ཡོད་པ་རེད།
ཀྲུང་གོའི་བོད་ཀྱི་ཤེས་རིག་གི་སྟེང་དུ་ལྷ་རྒྱལ་ཚེ་རིང་གིས་དེའི་སྐོར་གྱི་ཆེད་རྩོམ་ཞིག་བཀོད་ཡོད། དེ་མིན་ད་ལྟ་ལམ་སེང་ལོ་ནའི་བབ་ཀྱིས་ཅང་མི་དྲན་གི་ཡ།
ལྷ་སྨོན་གྱི་དེ་ངས་བཀླགས་མྱོང་ཡང་དེ་གཏམ་རྒྱུད་དེའི་རྗེས་སུ་འབྲངས་ཏེ་བྲིས་པ་ཞིག་མ་གཏོགས་ཁོང་གིས་བསྒྱུར་པ་ཞིག་མིན་བསམས། དཔེར་ན་ཁོ་བོའི་ཁྱབ་འཇུག་གི་རྟོགས་བརྗོད་ལྟ་བུ་ཞིག་རེད་བསམས། འདི་ནི་ཁོང་གི་རྩོམ་རྩལ་ལབ་ཀྱི་མེད་པར་དེའི་ཡོང་སྟངས་འདྲ་བོ་ལ་བཤད་པ་ཡིན།
རྡོ་སྦིས་དགེ་བཤེས་ཀྱི་རྙིང་མ་བ་ཞིག་གིས་བྲིས་པའི་སྨོན་ལམ་བདུད་སྡེ་ཚར་གཅོད་ཀྱི་དགག་ལན་དུ་མཚན་མཐུན་ཆགས་སྤྱོད་སོགས་ཀྱི་སྐོར་ལ་དག་འབུད་བྱེད་དུས་སུ་སྐྱ་སེང་བུ་ལྔའི་སྐོར་ཚིག་བཅད་གཅིག་གཉིས་ཤིག་བྲིས་ཡོད།
དེ་འདྲའི་ཆེད་རྩོམ་ཞིག་ཡོད་པ་བདེན་པ་ཡིན། དེ་ནི་འབུམ་རམས་པའི་ཕྱག་ཁྱེར་ལེན་བྱེད་ཀྱི་ཆེད་རྩོམ་ཞིག་རེད། ལྷ་རྒྱལ་ཚེ་རིང་མིན་བསམས། ཕལ་ཆེར་དེ་ཆབ་འགག་རྡོ་རྗེ་ཚེ་རིང་ཡིན་སྙམ། ཡིན་ནའང་། ཁོའི་འབུམ་རམས་པའི་ཆེད་རྩོམ་ནི་བོད་ཀྱི་གབ་ཚིག་གི་སྐོར་རེད། ད་ཤེས་ཁག་པོ་རེད།
ཕལ་ཆེར་ཡིན་རྒྱུ་རེད། མང་པོ་ཞིག་གི་སྐོར་ལ་གསལ་བོ་ཞིག་བཤད་རྒྱུ་མེད་པ་འདི་ནི་ང་ཚོ་ལོ་ལོན་བཞིན་པའི་རྟགས་རེད།
ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་སྐྱ་སེང་བུ་ལྔའི་ནང་གི་བུ་ཆེ་བ་རེད། ཆུང་བ་དེ་རེད། ཡིད་ལ་དྲན་ཁག་པོ་རེད་དེ། གང་ལྟར་སྐྱ་སེང་བུ་ལྔའི་ནང་གི་གཅིག་རེད་ཟེར་གྱི་འདུག གང་ལྟར་སྐྱ་སེང་བུ་ལྔའི་ནང་གི་བུ་གཅིག་རི་བོ་གངས་ཅན་གྱི་ཕྱོགས་སུ་ཕེབས་པའི་ལོ་རྒྱུས་འདུག གང་ལྟར། ཆབ་སྤེལ་ཚེ་ཏན་ཕུན་ཚོགས་ཀྱིས་གཉའ་ཁྲི་བཙན་པོ་བོད་ལྗོངས་སྤོ་བོ་ཡུལ་ནས་འཁྲུངས་པའི་དཔྱད་རྩོམ་ཞིག་བྲིས་འདུག
ཨ་རོ། ཞོར་གཅིག་ལ་རྩོམ་དེའི་རྩོམ་ཡོན་གྱི་སྒྲུང་དེ་ཡང་འབྲི་རོགས། གད་མོས་རིལ་འགྲོ་གི རྒྱ་རྒན་དེའི་སྔུན་གྱི་ཀླུ་སྨྱོན་སྤུ་ཁའི་སེམས་ཀྱི་འཕར་ལྡིང་དང་། ཁ་ཤ་འདར་འདར་གྱི་ཚུགས་ཀ་མིག་ལམ་ལ་འཆར་ཡོང་གི།
རཱ་མ་ཎའི་རྟོགས་བརྗོད་རྩ་འགྲེལ་ཡང་འགྲེལ་འདྲ་པོ་ཞིག་མང་པོ་བྲིས་ཚར་འདུག དོན་གྲུབ་རྒྱལ་གྱིས་རྟོགས་བརྗོད་འདི་དཔེ་ཁྲིད་བྱས་པའི་སྐད་འཁོར་དེར་ཉན་པ་ཡིན། ཧ་ལས་པ་ཞིག་འདུག
སྤྱི་ལོ་༡༩༩༢ལོའི་སྟོན་ཁ་ཞིག་ཏན་ཏན་ཡིན། རྩོམ་ཡོན་དེ་ནི་བཅད་ཤོག་ཅིག་གི་སྟེང་དུ་བྲིས་འདུག་ལ། དེའི་སྟེང་དུ་ངའི་གྲྭ་མིང་བྲིས་འདུག ངས་དེ་ཁྱེར་ནས་གོམ་པ་བརྒྱབ་སྟེ་སྤྱི་ལེ་དྲུག་གི་ས་རུ་ཡོད་པའི་རྒྱ་ལམ་ཁར་སོང་ནས་སྤྱི་སྤྱོད་རླངས་འཁོར་ལ་ཆུ་ཚོད་གསུམ་གྱི་རིང་བསྒུགས། དེ་ནས་ཆུ་ཚོད་གཅིག་དང་ཕྱེད་ཀའི་ཕ་རོལ་ཏུ་རླངས་འཁོར་ལས་བབས་ནས་རྐང་ཐང་ལ་སྤྱི་ལེ་ལྔའི་ས་རུ་གོམ་པ་བརྒྱབ་ནས་སྦྲགས་ཁང་ཡོད་སའི་རྒྱ་གྲོང་དེར་འབྱོར། སྦྲགས་ཁང་དུ་རྒྱ་མི་ལོ་གཞོན་ཞིག་བསྡད་འདུག དེ་ལ་རྩོམ་ཡོན་བཅད་ཤོག་དེ་སྤྲད་པ་ན་སྡོད་དམངས་ལག་ཁྱེར་སྟོན་ཟེར། དེ་བསྟན་པ་ན་དེའི་སྟེང་དུ་ངའི་སྐྱ་མིང་བྲིས་ཡོད་པས། མིང་འདི་གཉིས་འདྲ་གི་མི་འདུག་ཟེར་ནས་ངོ་ནག་པོ་སྤྲིན་ནག་འཁྲུག་འཁྲུག་བྱེད། རྒྱ་སྐད་མགོ་ཆག་དེ་སྤྱད་ནས་འགྲེལ་བཤད་བརྒྱབ་ཀིན་བརྒྱབ་ཀིན་རྒྱ་རྒན་དེ་ཇེ་བཙན་རེད། མཐའ་མ་དེར་ཨུ་ཐུག་ཐབས་ཟད་དུ་གྱུར་ནས་ལོ་མང་རིང་ལ་ཕན་ཚུན་འགྲོ་འོང་ཆད་པའི་ཨ་ནེ་རྒྱ་རྒན་ཞིག་ལ་གཉེན་སྒྲིག་བྱས་ཡོད་པ་ཞིག་ཡོད་པ་ཚང་ལ་སོང་ནས་ལོ་མང་སྔོན་གྱི་གཉེན་འབྲེལ་མཐུད་པ་ཡིན། དེ་ནས་ཨ་ནེ་དེ་ཁྲིད་ནས་རྒྱ་རྒན་ལ་འགྲེལ་བཤད་རྒྱག་ཏུ་སོང་དུས་རྒྱ་རྒན་དྲོས་ཇ་འཐུང་དུ་སོང་ནས་མི་འདུག་པས་ཕྱི་རོལ་གྱི་རླུང་དམར་གྱི་ནང་དུ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་བསྒུགས། མཐའ་མ་རྒྱ་རྒན་བསླེབས་སོང་བས་ཨ་ནེ་སྔུན་ལ་འཕངས་ནས་བོད་རིགས་གྲྭ་པར་གྲྭ་པ་མ་བྱས་པའི་སྔོན་གྱི་སྐྱ་མིང་དང་གྲྭ་པ་བྱས་རྗེས་ཀྱི་ཆོས་མིང་གཉིས་རེ་ཡོད་པའི་གནས་ལུགས་མང་ཐག་ཆོད་ཅིག་བགྲངས་པ་ན། མཐའ་མར་རྒྱ་རྒན་ཡང་ཨ་ནེ་ཁ་བདེ་མ་དེའི་ཁ་ཡ་མ་ཡོང་བར་ངའི་རྩོམ་ཡོན་དེ་ཚོ་ངའི་ལག་
པར་མི་འཇོག་རང་འཇོག་ཏུ་གྱུར། དེ་ནས་བཟུང་སྟེ་ང་དང་ངས་ལོ་མང་རིང་བརྗེད་ཟིན་པའི་ཨ་ནེ་གཉིས་ཀྱི་འབྲེལ་བ་ཡང་ཇེ་ཉེ་རུ་སོང་བ་རེད། ཉོག་གཏམ་འདི་ནི་གྲོགས་པོ་རྙིང་པ་ལྕགས་རྒྱའི་ཆེད་དུ་ངལ་དུབ་དང་བཅས་གཏགས་པ་ཡིན།
དགེ་ཆོས་ཀྱིས་རྒྱ་གར་ཧིན་རྡུ་བ་ཚོས་རྐང་བ་རྡོ་ལ་ཐོགས་ན་ཡང་རམ་འབོད། ཟེར་བ་བཞིན་སྐབས་ཤིག་ལ་བོད་ཀྱི་སྙན་ངག་པ་ཚོས་ཀྱང་ལག་པར་སྨྱུ་གུ་འཛིན་ཐེངས་རེར་རམ་བྲིས་པ་འདྲ་ཞིག་བྱུང་འདུག
དེ་རང་དགོད་ཞོར་ལ་ཀློག་ཆོག་པའི་ཁ་བརྡ་ངོ་མ་ཞིག་བྱེད་འདུག་པས་ང་ཡང་ཡོང་ན་འདོད། འོན་ཀྱང་བཤད་རྒྱུ་མེད། ཉན་ནས་ལྟས་བསྡད་ཡོད། ད་སྒྲུང་རྫོགས་རེད་པས། སྔོན་མ་ཞིག་ལ་ཀླུ་སྨྱོན་ང་གཉིས་མ་ཆ། ད་སྐྱོན་མེད་འགྲོ། གཅིག་བྱས་ན་ཁོ་ལོ་ན་སོ་མཐོ་བས་དྲན་གི་ཡོད་རྒྱུ་མ་རེད།
ཐེངས་ཤིག་རྩོམ་པ་པོ་ཚེ་རིང་དོན་གྲུབ་དང་ལྗང་བུ་གཉིས་ལ་དུས་མཉམ་གཅིག་ཏུ་མཇལ་བའི་སྐལ་བ་ལྡན་སོང་། སློབ་གྲྭ་འགྲིམས་སྐབས་ཁོང་གཉིས་ཀྱི་རྩོམ་ནི་བླ་མ་ཞིག་གི་གསུངས་ལས་ཀྱང་ཐོས་འདོད་ཆེ་བ་ཡོད། ཁོང་གཉིས་ལ་གློ་བུར་དུ་ཐུག་པ་ན། ཚེ་རིང་དོན་གྲུབ་ལ་སེམས་ཐག་ཉེ་བ་འདྲ་ཞིག་འདུག དེའི་རྒྱུ་མཚན་ཅི་ཡིན་མི་ཤེས། ང་རང་གི་དྲན་ཚོད་ལ་སྙན་ངག་དང་བརྩམས་སྒྲུང་གི་ཤུགས་རྐྱེན་ཆེ་ཆུང་གི་ཐོག་ནས་རེད་བསམ་བྱུང་། གང་ལྟར་སྐད་ཆ་འདི་བཤད་དོན་ནི་ཀླུ་སྨྱོན་གྱིས་དེ་རིང་ཁོའི་འཚོ་བའི་དངོས་སྒྲུང་ཞིག་བྲིས་པར་བཀའ་དྲིན་ཞུ་འདོད་བསྟན་པ་ཡིན། ཐུགས་རྗེ་ཆེ། སྤྲུལ་སྐུས་བརྩམས་པའི་སྤྲུལ་སྐུའི་སྒྲུང་ཞིག་བླ་རྒན་མ་ཤི་གོང་ལ་ཀློག་ཐུབ་རྒྱུའི་རེ་བ་ཡོད།
གང་ལྟར། མང་མང་གིས་རམ་འདི་སྤྱད་དང་སྤྱོད་པར་བལྟས་ན། ཁྱད་ཆོས་ཤིག་ཡོད་པ་གསལ་བོ་རེད། ང་རམ་འདིར་དགའ་བོ་ཡོད།
དཔེར་ན།
རྣམ་འཕྲུལ་ཨུ་བ་ཀརྞཡི།
རྩོད་ངག་རྡོ་རྗེའི་འཕྲུལ་འཁོར་གྱིས།།
ཕས་རྒོལ་ཡིད་ཀྱི་སྟོང་ཉིད་ཁམས།།
རས་པ་དཀར་པོའི་ཡུལ་དུ་བསྒྱུར།། ལྟ་བུའོ།
ཨོ། སོག་རིགས་ཀྱི་རྩོམ་པ་པོ་གྲགས་ཅན་དམར་ཕྱོགས་པའི་ལྟ་བ་ཅན་མ་ལ་ཆིན་ཧྥུས་ལོ་རབས་བདུན་ཅུའམ་བརྒྱད་ཅུའི་ནང་བརྩམས་པའི་སྤྲུལ་སྐུའི་གཏམ་རྒྱུད་ཅེས་པའི་དེབ་ཆུང་ཞིག་ཡོད་པ་དེ་རེག་ན་ལྟོས་དང་ཡིད་དབང་འཕྲོག་པ་ཞིག་བྲིས་ཡོད།
its really khadha ……
this website is really good for people like me who is live without our tibetan worry less khadha. i love to joine with your guys . but unfortunately in my laptop it really impossible to write in TIBETAN Language .
thanks all of you .
ཨ་རོ། ལུག་རྫིའི་སྙན་ངག་ལ་སྒུག་ཡོད། ཁྱོད་འདི་ཡར་བཀྱགས་ན་མ་ཤེས་མདོག་བྱེད་ཀྱིན་འདུག
དམར་རོ་མ་ལི་ཆིན་ཕུ་མི་དགོས། སེར་རོ་ཀླུ་སྨྱོན་ཧེ་རུ་ཀ་དགོས།
ེད་ཅེས་ང་ལྟ་བུ་ཞིག་གིས་ཤེས་མི་སྲིད། དེང་སང་རྩོམ་པ་པོ་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་འདུག་སྟེ། སྲོལ་རྒྱུན་སྙན་ངག་གི་ཕྱོགས་ནས་བཤད་ན། ཨ། སྙན་ངག་པ་འདི་ངར་བ་ཞིག་རེད་ཅེས་ཤོད་ཐུབ་ཀྱི་མེད། ཡིན་ནའང་ལྡོང་ངེ་བསྟན་འཛིན་གྲགས་པ་དང་། ཤེས་རབ་བསྟན་དར། དཔྱི་ས་དགེ་འདུན་དར་རྒྱས། ཡི་ཤེས་བཟང་པོ། ཨ་བཙུན་བྱམས་པ་དགེ་ལེགས་སོགས་ནི་ང་རང་ལ་མཚོན་ན་ཆེས་དགའ་བའི་སྲོལ་རྒྱུན་སྙན་ངག་པ་སྐོར་ཅིག་ཡིན། ཨ། ཧ་བོ། འདི་ཚོ་གྲ་བ་དང་གྲ་ལོག་རྐྱང་རྐྱང་རེད། སྐྱ་བོའི་ནང་དུ་སྲོལ་རྒྱུན་སྙན་ངག་ཚད་ལྡན་འབྲི་མཁན་མེད་པ་རེད་དམ།
སོག་པོ་ཚོ་མི་ཤེས། སྔོན་ཆད་ཡིན་ན་བོད་འདིར་སྙན་ངག་པ་མང་པོ་བྱོན་ཡོད་པ་དང་། བྱོན་པ་དེ་དག་ཀྱང་ཚད་ལྡན་མ་རེད་ཅེས་ང་ལྟ་བུ་ཞིག་གིས་ཤེས་མི་སྲིད། དེང་སང་རྩོམ་པ་པོ་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་འདུག་སྟེ། སྲོལ་རྒྱུན་སྙན་ངག་གི་ཕྱོགས་ནས་བཤད་ན། ཨ། སྙན་ངག་པ་འདི་ངར་བ་ཞིག་རེད་ཅེས་ཤོད་ཐུབ་ཀྱི་མེད། ཡིན་ནའང་ལྡོང་ངེ་བསྟན་འཛིན་གྲགས་པ་དང་། ཤེས་རབ་བསྟན་དར། དཔྱི་ས་དགེ་འདུན་དར་རྒྱས། ཡི་ཤེས་བཟང་པོ། ཨ་བཙུན་བྱམས་པ་དགེ་ལེགས་སོགས་ནི་ང་རང་ལ་མཚོན་ན་ཆེས་དགའ་བའི་སྲོལ་རྒྱུན་སྙན་ངག་པ་སྐོར་ཅིག་ཡིན། ཨ། ཧ་བོ། འདི་ཚོ་གྲ་བ་དང་གྲ་ལོག་རྐྱང་རྐྱང་རེད། སྐྱ་བོའི་ནང་དུ་སྲོལ་རྒྱུན་སྙན་ངག་ཚད་ལྡན་འབྲི་མཁན་མེད་པ་རེད་དམ།
ང་ལ་མཚོན་ན་སྐྱ་བོའི་ནང་དུ་སྲོལ་རྒྱུན་ཡག་པོ་འབྲི་མཁན་གཅིག་རང་ཡོད་པ་ནི་སྦྲང་ཆར་རྩོམ་སྒྲིག་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་རེད། ཁོའི་ཁྲི་ཀའི་དྲུག་པའི་ལྷ་རྩེ་ཞེས་པ་དེ་ངོ་མ་ཅིག་ལེགས། ཨོ། བྲེལ་བ་མ་གནངས་དང་ངས་ལུག་རྫིའི་སྙན་ངག་དེ་འདིར་འབུལ་གྱི་ཡིན།
སྐྱ་བོའི་ནང་དུ་སྲོལ་རྒྱུན་སྙན་ངག་འབྲི་ཤེས་མཁན་མང་པོ་ཡོད། ཨ་སྨྱོན་གྱི་མཚང་བརྟོལ་དྲང་སྲོང་ངག་གི་ཕུར་བུ་ཟེར་བ་དེ་དང་། བྱ་མདོ་དོན་གྲུབ་ཚེ་རིང་གི་ཁང་བ་སྔོན་པོའི་གཏམ་རྒྱུད། གངས་འཚོ་དང་འཇུ་སྐལ་བཟང་སོགས་ལྟ་བུ་རེད།
ད་གཏགས་མགོ་བཙུགས་ཚར།
དྲིན་ཆེན་པོ། ཁྱོད་ལ་མཛད་བྲེལ་ཆེན་པོ་ཡོད་པ་རེད་དེ། གཏགས་མགོ་བཙུགས་ཡོད་ཟེར། ཐུགས་རྗེ་ཆེ། རྗེས་ཕྱོགས་ནེའུ་ཡོག་ཏུ་ཕེབས་ན་ཇ་དཀར་པོ་སྤྲི་འདྲ་ཞིག་བསྐོལ་ཅེས་མཁས་བླངས་ཟིན། བརྡ་རྒྱག་རྒྱུ་བརྗེད་མི་ཉན།
གཟིགས་དང་། གཏགས་ཚར་ནས་སྙན་ངག་གི་ལེ་ཚན་དུ་བཀོད་ཡོད། ལོ་ལོན་གྱི་ལག་པ་འདར་ཞོར་དང་མིག་སྐྱག་འབྱིད་ཞོར་ཡིན། ཡིག་ནོར་ཡོད་ན་དགོངས་དག
ཚེ་རིང་གི་བུ་འདི་དེང་རབས་རྩོམ་རིག་གི་ལོ་རྒྱུས་དང་རྒྱབ་ལྗོངས་ལ་ཆ་རྒྱུས་ཆེན་པོ་འདུག་པས། ཨ་ཁུ་པད་མ་འབུམ་དང་འདྲ་བོ་འདུག ངས་ནམ་ཡང་ཁོང་ལ་གུས་བརྩི་བྱེད་བཞིན་ཡོད། ཁོང་ལྟ་བུའི་ཤེས་ལྡན་པ་བོད་ནང་གི་དགེ་རྒན་ཆེན་མོ་བའི་གྲས་སུ་ཡོད་སྲིད་ཀྱང་ཁོང་བཞིན་དུ་རང་ཉིད་ཀྱི་ཁེ་ཕན་བློས་བཏང་ནས་སྐྱབས་བཅོལ་དུ་ཕེབས་མཁན་སྲིད་མཐའ་ཙམ་རེད། ཟླ་ཤས་སྔོན་ལ་ཁོང་གི་”དྲན་ཐོ་རྡོ་རིང་མ་”དེ་ཉིག་ཡོར་དུ་སྡོད་པའི་གྲོགས་པོ་ཞིག་ལ་མངགས་ཡོད་ཀྱང་ད་ལྟ་བར་དུ་གྲགས་རྒྱུ་ཅང་མི་འདུག དྲན་ཐོ་དེར་ཆ་རྒྱུས་ཡོད་པ་དག་གིས་དེའི་སྐོར་ནས་མཚམས་སྦྱོར་རེ་མི་བྱེད་ལ།
ད་སོ་མར་ཁྱེད་ཀྱི་མཆན་བུ་འདི་མཐོང་། ྐླུ་སྨྱོན་དྲིན་ཆེན་པོ། ཁྱེད་ཀྱིས་ང་ལ་བསྟོད་པ་བྱེད་དགོས་དོན་མེད། ང་ནི་ཅི་ཡང་མི་ཤེས་པའི་ྐླད་སྟོང་ཞིག་ཡིན། རྗེས་ཕྱོགས་ནས་འདི་མོ་འདི་མ་འབྲི་རོགས།
སྐུ་ཉིད་ཀྱིས་པད་མ་འབུམ་གྱིས་བྲིས་པའི་དྲན་ཐོ་རྡོ་རིང་མ་མ་བྐླགས་པ་འདྲ། དྲན་ཐོ་དེ་ནི་ཁོང་གི་དགེ་རྒན་དྲིན་ཆེན་རྡོ་རྗེ་ཚེ་རིང་གི་ལོ་རྒྱུས་ཀྱི་ཟུར་ཞིག་རེད། དེ་ཡང་དགེ་རྒན་རྡོ་རིང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲར་ཕེབས་ནས། རིག་གནས་གསར་བརྗེའི་སྐབས་ཀྱི་བོད་ཀྱི་གཞོན་ནུ་ཚོར་དག་ཡིག་དང་སུམ་རྟགས་སོགས་ཁྲིད་དེ། གཞིན་ནུ་སྐོར་ཞིག་རྨོངས་གཉིད་སད་དུ་བཅུག་པའི་སྐོར་རེད། དེབ་འདི་ནི་ཚིག་ཉུང་ལ་དོན་བསྡུས་པ་དང་། འབྲི་སྟངས་ནི་དེང་རབས་ལྷུག་རྩོམ་རེད་འདུག ངས་ཐེངས་གཉིས་བྐླགས་ཤིང་། ཡག་པོ་ཞེ་དྲག་བྲིས་འདུག་བསམས། དེབ་འདི་ཚིག་རྐང་ཁ་ཤས་ཀྱི་ལམ་ནས་ངོ་སྤྲོད་བྱས་ན་འདི་འདྲ་རེད།
ཐུགས་རྗེ་རེ་ཆེ། གང་ལྟར་རིགས་ཀྱི་བུ་ཞིག་རེད། རྒྱལ་བ་རིན་པོ་ཆེའི་གསུང་ཚིག་གྲགས་ཅན། ནམ་ཡང་མཚམས་མ་འཇོག ཅེས་པ་འདི་འབུལ་གྱི་ཡིན།
དྲན་ཐོ་རྡོ་རིང་མ་ཟེར་བ་དེ་ངས་ཀྱང་ཐེངས་གཅིག་བྐླགས་པ་ཡིན། རྩོམ་པ་པོ་ཁོ་རང་གིས་ཉམས་མྱོང་ལས་བརྩམས་ཤིང་རིག་གནས་གསར་བརྗེའི་ཡས་མས་ཀྱི་དགེ་རྒན་ཞིག་གི་སྐོར་ལས་འཕྲོས་པའི་དྲན་ཐོ་ཞིག་རེད། ཁྱོད་ཚོས་གླེང་བའི་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་མ་ཧ་བྷ་ར་ཏའི་སྐོར་བརྩམས་ཡོད་ཅེས་པ་གང་ཡིན་མི་ཤེས། ཁོང་གིས་སྐྱ་སེང་བུ་ལྔའི་རྟོགས་པ་བརྗོད་པ་ཚིགས་བཅད་མ་ཞིག་ཡོད། དེ་དགེ་སྦྱོང་གཞོན་ནུ་དང་ནགས་ལྷ་སྒེག་མོའི་འབེལ་གཏམ་ཟེར་བའི་སྙན་ངག་དེ་དང་མཉམ་དེབ་ཆུང་ཞིག་ཏུ་དཔར་བསྐྲུན་བྱས་འདུག རྩོམ་གཤིས་ཁ་དམ་པོ་འདུག སྙན་ངག་གི་ཆུ་ཚད་མཐོ་ཙམ་མེད་ན་གོ་ཁག་པོ་འདུག ང་ལ་མཚོན་ན་ཁོང་གི་སྐྱ་སེང་བུ་ལྔའི་རྟོགས་བརྗོད་དེ་ལས་ཀྱང་དགེ་སྦྱོང་གཞོན་ནུ་དང་ནགས་ལྷ་སྒེག་མོའི་འབེལ་གཏམ་དེ་སྙན་པོ་འདྲ་ཞིག་ཚོར་བྱུང་།
སྐུ་ཞབས་སྤོབས་པ་ལགས། ལྷ་སྨོན་ཡི་ཤེས་ཚུལ་ཁྲིམས་ཀྱིས་མ་ཧཱ་བྷ་ར་ཏ་བརྩམས་པ་རེད་ཅེས་བཤད་མེད། ཁོང་གིས་རྒྱ་གར་གྱི་སྙན་ངག་པ་དྲང་སྲོང་རྒྱས་པའི་བརྩམས་པའི་མ་ཧཱ་བྷ་ར་ཏའི་ལེའུ་ཁ་ཤས་ཤིག་བསྒྱུར་ཡོད་བསམས། དེ་ཡང་རོབ་ལྟ་ཞིག་བྱས་པ་ཙམ་ལས་གསལ་བོ་ཞིག་མི་དྲན། བོད་ལྗོངས་ཞིབ་འཇུག་ཅེས་པའི་དེབ་དེའི་ནང་མ་ཧཱ་བྷ་ར་ཏའི་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་དུ་གྱུར་པའི་བསྟན་བཅོས་ཆེན་པོ་འདིའི་ལེའུ་རེ་རེའི་ནང་དོན་དང་བཅས་པ་གསལ་བཤད་ཅེས་པའི་དཔྱད་རྩོམ་ཞིག་མཐོང་། དེ་མིན་གཞན་ཀྲུང་གོའི་ཤེས་རིག་དུས་དེབ་ཀྱི་སྟེང་དུ་བསྟན་བཅོས་འདིའི་སྐོར་ལ་དཔྱད་རྩོམ་ཞིག་བྲིས་ཡོད་པ་དེ་རེད། ཡིད་ལ་དྲན་ཞོར་དུ་ྐླུ་སྨྱོན་ལ་དོགས་འབྲི་ཞིག་བྱས་པ་ལས། དམིགས་ཡུལ་གཞན་མེད་ལགས།
ནོར་བཅོས། དྲང་སྲོང་རྒྱས་པའི། དྲང་སྲོང་རྒྱས་པས། དོགས་འབྲི། དོགས་འདྲི། ཧེ། ང་ལ་ྐླུ་སྨྱོན་གྱི་གོམས་གཤིས་ངན་པ་དེ་ལོབས་སོང་།
རྒྱ་ནག་གི་རྩོམ་རིག་སྨྲ་བ་ཨེ་བུའི་རྩོམ་རིག་ལག་དེབ་ནང་དུ། སྐད་ཆ་མེད་ན་རིག་རྩལ་མཚོན་ཐབས་མེད་པ་དང་། མི་རིགས་ཀྱི་སྐད་ཆ་མེད་ན་མི་རིགས་ཀྱི་རྣམ་པ་ལྡན་པའི་རྩོམ་རིག་མཚོན་མི་ཐུབ། ཅེས་བཤད་འདུག་པ་དེ་བདེན་ན། ང་ཚོས་ཨ་ལེའི་རྡུལ་འཚུབ་དྭངས་སོང་དང་། བཀྲ་ཤིས་ཟླ་བའི་བོད་ལྗོངས་་་་རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས། སེར་པོའི་འཁོར་བ། མེ་སྒྲོན་གྱི་སྲས་མོ་གཡང་སྐྱིད་ལྟ་བུར་གོ་བ་ཇི་ལྟར་ལེན་དགོས།
མི་རིགས་ཀྱི་རྣམ་པ་མེད་པའི་རྩོམ་ཡིག་ཅིག་ནང་མི་རིགས་ཀྱི་སྐད་ཆ་ཞིག་གང་ན་ཡོད། ཨ་ལི་རྡུལ་འཚུབ་དྭངས་སོང་ཀློག་མ་མྱོང་།
རྡུལ་འཚུབ་དྭངས་སོང་དེ་སྦྲང་ཆར་སྟེང་མུ་འགོད་བྱས་འདུག་ལ་དབྱིན་ཡིག་ཏུ་ཡང་བསྒྱུར་ནས་པར་སྐྲུན་བྱས་འདུག བོད་ཡིག་ཏུ་བསྒྱུར་མཁན་དེའི་བོད་ཡིག་གི་ཆུ་ཚད་ངར་བས་ངོ་མ་ལྟ་རྒྱུ་འདུག གསར་བུ་ཚོར་བླ་རྒན་ང་ལས་བྲོ་བ་ཡོད་ཀྱི་རེད། དཔོན་པོ་ཞིག་དང་དེའི་བུ་རྒན་པ། དཔོན་ཕྲུག་གཅེས་ལངས་སུ་སོང་བ་ཞིག་བཅས་ཀྱིས་ཆགས་སྤྱོད་གང་འདོད་དུ་བྱས་པའི་སྐོར་དང་། རྒྱ་ནག་གི་དཔོན་རིགས་ཤིག་གིས་བོད་ཀྱི་དཔོན་པོ་ཚོར་བཙན་སྐུལ་གྱིས་དུད་ནག་གི་ས་བོན་འདེབ་ཏུ་བཅུག་སྐོར། རྒྱལ་རོང་དཔོན་པོ་ཚོའི་བར་གྱི་འགལ་ཟླ་སྣ་ཚོགས་སོགས་གོ་རིམ་དང་འཆར་གཞི་ལྡན་པའི་ངང་ཞིབ་འབྲི་བྱས་འདུག
དེ་ལ་རྒྱ་ནག་གི་མོ་ཏུན་རྩོམ་རིག་བྱ་དགའ་སྤྲད་ཅིང་། མུ་འབྲེལ་བརྙན་འཕྲིན་ཡང་བཟོས་འདུག་མོད། ཡིན་ནའང་དཔེ་དེབ་འདིར་གཞན་གྱིས་གཟིགས་མཐོང་འདི་འདྲ་ཞིག་གནང་སྟངས་དེ་བོད་ཀྱི་སྤྱི་ཚོགས་སུ་ཀླུ་སྨྱོན་སོགས་མི་ཉུང་ཤས་ལས་མེད་པ་འདིའི་གནད་དོན་གང་ལ་ཐུག་ཡོད་དམ།
བརྩམས་སྒྲུང་དེའི་མི་སྣ་གལ་ཆེན་དཔོན་ཕྲུག་གླེན་པ་དེ་གཡོག་མོ་ཞིག་སྒང་ན་ཡོད་དུས་ཀྱི་ཚོར་སྣང་དེ་འབྲི་དུས། ཁོའི་ཚོར་སྣང་ལ་མགོ་ཐོག་གི་ནམ་མཁའ་དེ་ཡང་དབུགས་སྒང་ལ་ཕུ་བརྒྱབ་པ་བཞིན་སྒོང་སྒོང་ཞིག་ཏུ་གྱུར་པ། དེའི་ངོས་ཀྱི་སྐར་ཚོགས་ཀྱང་ཕྱོགས་གཉིས་སུ་ཤུད་སོང་ཟེར་བ་ཞིག་བྲིས་ཡོད་པ་ལ་བསམས་ན་ཇི་འདྲའི་དྲན་རྒྱུ་རྒོད་པའི་རྩོམ་པ་པོ་ཞིག་ཡིན་པ་རྟོགས་སླ།
ཡིག་ནོར། གྱུར་པ། གྱུར་པས།
དེ་ག་རང་རེད། བལ་བོའི་བསེའུ་འབྲུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས་ཞེས་པ་ལྟར། ཁྱོའི་བྲོ་བ་དེ་ཨ་ལས་ཞིམ་པ་ཡོད་བཟོ་འདུག
ད་དུང་དཔོན་ཕྲུག་གླེན་པ་དེ་དང་ཆེས་བར་ཐག་ཉེ་བའི་གཡོག་མོ་དེའི་བྱེད་སྟངས་ཆེ་ཕྲ་ཐམས་ཅད་ཞིབ་འབྲི་བྱས་ཡོད་པས། སྒྲུང་རྩོམ་པ་ཞིག་ལ་མཚོན་ན་ངོ་མ་ཞིབ་ཀློག་བྱེད་དགོས་པའི་དེབ་ཅིག་རེད།
ཨ་ཁ་ཁ། ཀླུ་སྨྱོན། ད་ངས་ཁྱོད་ལ་ག་རེ་བཤད་དགོས་ཤེས་མ་སོང་། ཁྱོའི་ཁ་དོག་ངོ་མ་དེ་རིང་གཞི་ནས་ཤེས་སོང་། སྙིང་རྗེ། ད་སྤྲུལ་སྐུའི་མིང་དེར་འཇུས་སྡོད་དང་འགྲིག་ཤག
ཧོར་འཇིགས་ནི་ཀླུ་སྨྱོན་དང་བསྡུར་ན་ལྷ་རེད་ཅེས་བཤད་ཆོག་པ་འདྲ་ཞིག་མཐོང་སོང་། ཁྱིས་སྐྱག་པ་ཟ་བའི་རང་གཤིས་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ་པའི་ལོ་རྒྱུས་རེད། ད་མང་པོ་བཤད་མ་བཤད་ཁྱད་པར་མི་འདུག གཟུང་བཞུགས་ལ་སྐྱོན་འདུག དེ་ལས་སླ་མོར་བརྗེ་ཐུབ་ཀྱི་མ་རེད།
ཨོ་རེད། སྙིང་རྗེ་གཡོག་མོ་དེའི་མིང་སངས་རྒྱས་སྒྲོལ་མ་རེད། སྒྲུང་རྩོམ་དེའི་ནང་དུ་རྒྱལ་རོང་འདི་སི་ཁྲོན་གྱི་འོག་ཏུ་གནའ་ནས་ཡོད་ཚུལ་གསལ་བཤད་འདྲ་བོ་ཞིག་བྱས་འདུག དེ་ཚོ་རྒྱ་ནག་གཞུང་མགུ་བའི་ཆ་རྐྱེན་གཅིག་ཨེ་ཡིན་སྙམ།
རྩོམ་དེའི་ནང་དུ་ཆོས་ལུགས་ཀྱིས་སྐབས་དེའི་སྤྱི་ཚོགས་ལ་བཞག་པའི་བག་ཆགས་གཏིང་ཟབ་ཅིག་བརྗོད་ཡོད་ལ། ཕྱོགས་གཅིག་ནས་ཆོས་ལུགས་དང་ཕྱོགས་གཞན་ཞིག་ནས་རིགས་རྒྱུད་བར་གྱི་འགལ་ཟླ་གཏིང་ཟབ་དེ་གཉིས་ཀྱིས་སྐབས་དེའི་མི་སྣ་མཐོ་དམན་ཚང་མའི་གཤིས་རྒྱུད་ཞིབ་འབྲི་བྱེད་རྒྱུར་ཕན་ཐོགས་བྱུང་བ་འདྲ།
ནམ་མཁས་ཧོར་འཇིགས་དང་ྐླུ་སྨྱོན་བསྡུར་རྒྱུའི་ཚིག་ཟུར་ཞིག་ཐོན་སོང་། བསྡུར་རྒྱུ་ཡིན་ན་ཕྱོགས་ཡོངས་ནས་གཅིག་བསྡུར་དང་འཁྲུག་པོ་ཡོད་ངེས་རེད། ང་ཚོས་དེའི་ཞོར་ལ་ཞལ་འདེབས་རྒྱག་ཆོག དེ་མིན་མགོ་རྔ་མེད་པའི་ཚིག་གཅིག་གིས་ཕན་ཐོགས་མི་འདུག
གོང་ཞིག་ནས་གཅིག་གིས་ཟམ་གདོང་ཚང་གིས་སྙན་ངག་མེ་ལོང་མ་དེ་སྐབས་དེའི་རྒྱ་གར་སྙན་གཞུང་གི་ཡག་ཤོས་ཤིག་ཏུ་བགྲངས་མེད་ལུགས་ཀྱི་སྐད་ཆ་ཞིག་ཐོན་སོང་། འདི་ནས་འདྲི་རྒྱུར། དེང་སྐབས་རྒྱ་གར་གཞུང་སྒེར་གྱི་སློབ་གྲྭ་དེ་ཚོ་ནས་རྒྱ་གར་བ་ཚོས་སྙན་ངག་འཁྲིད་གཞིར་སྙན་གཞུང་གང་ཞིག་བེད་སྤྱོད་བྱེད་བཞིན་ཡོད། འདི་ངོ་མ་གཅིག་ཤེས་ན་འདོད། ཡང་ན་ཕྱི་གླིང་བའི་བྱེད་སྟངས་ལྟར་གཞུང་ཟུར་བ་ཞིག་མེད་པར་རང་རང་གི་ཚོར་བ་ཕྱིར་འདོན་བྱེད་རྒྱུ་དེ་གལ་ཆེན་དུ་རྩི་བཞིན་ཡོད་དམ།
ཟམ་གདོང་སྤྲུལ་སྐུས་སྙན་ངག་མ་ལྟ་བུའི་གཞུང་ཉི་ཤུ་སུམ་ཅུ་ཞིག་ཡོད་རེད། ཡག་གྲས་ཤིག་ཀྱང་གང་ཡང་མ་རེད་ཅེས་གསུངས་འདུག ཁོང་གི་གསུང་ཁག་གཅིག་ཝ་ར་ཎ་སི་མཐོ་སློབ་ནས་མཁས་དབང་ཟམ་གདོང་རིན་པོ་ཆེར་མངོན་བསྟོད་ཞུ་བའི་མཛད་སྒོའི་སྐབས་དཔར་བསྐྲུན་འགྲེམ་སྤེལ་བྱས་པའི་དེབ་ཅིག་གི་ནང་དུ་འདུག སྙན་ངག་གི་སྐོར་ལ་གསུངས་བཤད་སྙན་པོ་ཞིག་བྱས་འདུག རྒྱ་གར་གཞུང་གིས་གང་ཞིག་སློབ་ཀྱིན་ཡོད་མེད་མི་ཤེས།
ཉིག་ཡོར་ན་ཡོད་པ་ཞིག་གིས་ལ་རྩེ་དཔེ་མཛོད་ཀྱི་ལས་བྱེད་ཝ་ར་ན་སི་ནས་སློབ་མཐར་ཕྱིན་པ་ཞིག་ཡོད་པ་དེར་ཅིག་འདྲི་རོགས་ཞུ། དེང་སྐབས་ཀྱི་རྒྱ་གར་སློབ་གྲྭ་ཁག་གི་སྙན་ངག་གི་ཁྲིད་དེབ་དེའི་སྐོར། གལ་སྲིད་དེ་ཤེས་པ་ཡིན་ན་ང་ཚོས་དེ་བོད་ཡིག་ཏུ་བསྒྱུར་ནས་བོད་གཞུང་སློབ་གྲྭ་ཁག་ཏུ་ཚོད་ལྟ་བྱེད་ཆོག་གི་རེད། གཅིག་བྱས་ན་ཁོ་ཚོའི་ཁྲིད་དེབ་སྙན་གཞུང་དེ་དག་གི་ནང་དུ་མེ་ལོང་མ་ལྟ་བུའི་འདོད་པའི་ཚིག་སྦྱོར་དེ་ཙམ་ཡོད་ཀྱི་མ་རེད་བསམས། ཨ་རི་ལྟ་བུ་ཡིན་ན་སྙན་གཞུང་མེ་ལོང་མ་འདི་ལྟ་བུ་ཞིག་སློབ་གྲྭ་བ་ལོ་ན་བཅོ་བརྒྱད་མ་ལོན་པ་དག་ལ་ཁྲིད་རྒྱུ་གཏན་འགོག་རེད་བསམས། ཨ་ལགས་དུང་དཀར་ཚང་གིས་ཁོང་གི་སྙན་གཞུང་དུ་མེ་ལོང་མའི་རྩ་ཚིག་རེ་ཟུང་མ་གཏོགས་གཙོ་ཆེ་བ་དེ་དེང་དུས་ཀྱི་མིའི་ལས་ཀ་བྱེད་སྟངས་དང་སྲིད་ཇུས་ལ་སྦྱར་ནས་གསུངས་ཡོད་པས་ཆབ་སྲིད་ཀྱི་ཕྱོགས་ནས་བསམ་བློ་མ་བཏང་བར་སྙན་ངག་གཅིག་བུའི་ཕྱོགས་ནས་བལྟས་ན་དམིགས་བསལ་བ་ཞིག་ཏུ་མཐོང་། ཡིན་ན་ཡང་རྒྱ་གར་དང་བོད་པའི་སྙན་ངག་ཁྲིད་སྟངས་ལས་འབྱུང་བའི་ཚོར་བ་རྣོན་པོའམ་ཚ་བོ་དེ་རིགས་ཁོང་གི་དཔེར་བརྗོད་དག་གིས་བསྐྱེད་ཐུབ་ཀྱི་མི་འདུག
ྐླུ་སྨྱོན་ལགས་ཀྱི་འཆམ་འཆམ་ལས་བཏུས་བའི་སྙན་ངག་གི་མཆན། ཟླ་བ་གཞོན་ནུ་ནས།
འཆམ་འཆམ་ལས་བཏུས་བའི་སྙན་ངག་ཅེས་པ་དངོས་གནས་ཤིན་ཏུ་སྙན་པའི་ལྷུག་རྩོམ་ཡག་པོ་ཞིག་ཏུ་འདོད། དེ་ཉིད་གདངས་སུ་གྱེར་ནས་རོལ་མྱོང་བྱེད་དུས། ཡིད་འཕྲོག་པའི་ཚིག་སྦྱོར་དང་ཐུན་མིན་གྱི་རྒྱན་སྦྱོར་སྟངས་ལས་ཡིད་ལ་ཕུན་ཚོགས་ཀྱི་རོ་སྙོམ་ཞིག་སྤྲོད་པར་བྱེད།
འོན་ཀྱང་།
ྐླུ་སྨྱོན་མཆོག་ལ་ཞུ་རྒྱུ་ཞིག་ལ། མཚན་པ་ཞིག་ཏུ་ཅིག་ཆད་ཡོད་པ་འདྲ་སྟེ། སྙན་རྩོམ་དེའི་དཀྱིལ་དུ།
སུས་ཀྱང་མག་མོག་གི་མཚན་ལྗོངས་འདིར་ཚེ་སྲོག་གི་སྟེར་ཐུབ་མོད། ཅེས་པ་ལས་ཚེ་སྲོག་གི་ཞེས་པའི་འབྲེལ་སྒྲ་དེའི་རྗེས་དེ་གར་ཅིག་ཆད་པ་ལྟ་བུ་ཞིག་འདུག་པས། ཁ་བསྐང་ཐུབ་ན་བསམ།
རྩོམ་སྒྲིག་པ་མཆོག་ལ་འོ་བརྒྱལ་གཏོད་རྒྱུ་ཞིག་ལ། བདག་གི་སྙན་རྩོམ་‘ཀ་རྩོམ་བརྩེ་བའི་ཀྱོ་བ་’ཞེས་པ་དེའི་ཚིག་རྐང་མཐའ་མ་‘ཨ་མདོའི་བུ་ལ་མཇལ་བའི་ཐོག་མའི་སྐྱེས’ཞེས་པའི་མཇལ་དེ ངས་འཇལ་ཏུ་གཏགས་ནོར་ཤོར་འདུག་པས། རྩོམ་སྒྲིག་པ་མཆོག་གིས་བཟོ་བཅོས་གནང་རོགས་ཞུ་ཞུ།།
གི་ཞེས་པ་དེ་གཏགས་ནོར་ཤོར་བ་ཡིན་པ་དང་། གི་དེའི་ཚབ་ཏུ་”ཅིག་”འབྲི་དགོས་ལགས། ཉིད་ཀྱིས་ངའི་སྙན་རྩོམ་དེར་གདེང་འཇོག་གནང་བར་ངས་ཐུགས་རྗེ་ཆེ་ཞུ་གི་ཡིན།