སོག་མདའ།
སྒྱུ་མའི་གྲོང་ཁྱེར་འདྲ་བའི་འདུ་འཛིའི་ཀློང་ནས།།
རང་ཉིད་རང་གིས་བོར་བའི་ལས་དབང་སྙི་མོ།།
རྐང་འོག་འཆོར་དུ་མ་འཇུག་སྤོབས་པ་བསྐྱེད་དང་།།
རྒྱང་བསྐྱོད་ལམ་བུ་ཞིག་གི་རམ་འདེགས་ལོས་ཡོད།།
བསླུ་བྲིད་མཛེས་མའི་ཡིད་ཀྱི་ཞིང་ཁམས་དེ་ནས།།
བསམ་གཞིགས་གནད་མ་ཞིག་གི་ཟིན་ཐོ་བཀོད་དང་།།
ཆགས་སེམས་ཤེལ་གྱི་སྒོང་བ་གས་པའི་ཉིན་ལ།།
མཛེས་དཔྱོད་རིན་ཐང་ཞིག་གི་ཉམས་སྣང་ལོས་འཆར།།
འགྱོད་སེམས་མི་ཁུག་རྟ་ཕོའི་བང་ཁ་དེ་ནས།།
དྲན་འཛིན་ལྕགས་ཀྱི་ཚན་པས་ཡང་ཡང་གཞུས་དང་།།
བདེ་མོའི་གོམ་ལག་ཡང་མོ་རྡུལ་གྱིས་ཁེངས་ནས།།
གར་འགྲོ་ས་ཐག་ཆོད་པའི་རྐྱ་རྩལ་ལོས་ཡོད།།
ཧམ་པ་རི་རབ་ཙམ་གྱི་རྩེ་མོར་འགྱིངས་ནས།།
གནོད་སེམས་དུག་གི་སྡོང་བོ་ཐང་ལ་འདེབས་དུས།།
ཆོག་ཤེས་སྨན་གྱི་བཅུད་བཟང་བརྟན་པོ་ཟོས་དང་།།
འཚོ་བཅུད་ཟས་ཀྱི་དྭངས་མ་དེ་ལས་གང་ཡོད།།
རེ་བའི་རྨི་ལམ་སྟོང་གི་ལྷ་མོ་བསྐོར་ནས།།
སྒྱུ་རྩལ་འཕྲུལ་གྱི་ཡོ་ལང་གར་སྟབས་རྒྱུ་དུས།།
བརྩོན་འགྲུས་ཞགས་ཐག་ཕྲ་མོ་སྐེད་ལ་དཀྲིས་དང་།།
ཨ་ལུང་གོར་སེ་སྐོན་དུས་བཟུང་ནི་ལོས་ཡིན།།
མ་ཤེས་སྨུག་ལོང་ན་བུན་རི་ལ་འཐིབས་ནས།།
བལྟ་བྱེད་ཆུ་ཤེལ་ཆ་གཉིས་ཡོལ་བས་སྒྲིབ་དུས།།
བགྲོད་བྱེད་ཤེས་པའི་འཁར་བ་ལག་ཏུ་ཐོགས་དང་།།
གསལ་བྱེད་འོད་ཀྱི་་གོང་བུའི་ལམ་བུ་བྱས་ཡོང་།།
མ་སྐྱིད་རེ་དོགས་གོར་མོ་བྲང་ནས་གཟེར་དུས།།
འདོད་སེམས་ཤུགས་ཀྱི་རྐྱལ་བ་ཆེ་རུ་རྒྱས་དུས།།
རླུང་སེམས་སྒོམ་ཐག་ཕྲ་མོ་ལྷོད་ཀྱིས་མདུད་དང་།།
དྲོད་འཇམ་བསིལ་རླུང་ཡང་མོས་སེམས་ངོགས་བརླན་ཡོང་།།
༢༠༡༢་༩་༢༢ཉིན།