བསམ་གླིང་ཚེ་རིང་ལྷ་མོ།
ལྗང་ལྗང་ལོ་འདབ་ཀྱི་ནགས་ཚལ།།
ཁོ་ར་ཁོར་ཡུག་ཀུན་བསྐོར་ཞིང།།
རི་ཚོགས་དུ་མ་ཡི་དབུས་སུ།།
གནས་མཆོག་མ་རི་དེ་མཛེས་བྱུང།།
ཆུང་ཆུང་བྱིས་པ་ཚོའི་ཅ་ཅོ།།
རྣར་སྙན་བདུད་རྩི་ཡི་རོལ་དབྱངས།།
གཡས་གཡོན་རྒྱབ་མདུན་ནས་བསྐོར་ཏེ།།
ལག་ཟུང་གིས་འཐམས་དུས་དགའ་བ།།
ངོ་འཛུམ་གྱི་རྒོད་ཁ་གྲུང་ཞིང།།
དྭངས་གཙང་གི་མིག་གཉིས་ཅེར་དུས།།
བྱམས་བྱམས་ཕ་མ་ཡི་འདུ་ཤེས།།
དགེ་རྒན་ཚོར་བཅོལ་བ་སྐྱིད་བྱུང།།
ལྷུག་ལྷུག་བར་སེང་གི་སྐབས་སུ།།
མཛའ་བརྩེའི་དགེ་གྲོགས་རྣམས་འཛོམས་ཤིང།།
མངར་མངར་འཐུང་ཇ་ལ་རོལ་ཞོར།།
འབེལ་གཏམ་གླེང་མོལ་དེ་སྤྲོ་བྱུང།།
དུས་དུས་ཁོམ་ཁོམ་འདྲ་བྱུང་སྐབས།།
བསངས་ཁུག་འཇའ་རིས་རེ་འཁྱེར་ཞིང།།
རི་མགོ་མཐོན་པོ་དེའི་རྩེ་མོར།།
བསངས་གསོལ་བྱེད་སྲོལ་དེ་སྐྱིད་པ།།
བྲེལ་བྲེལ་འཚུབ་འཚུབ་ཀྱི་ཞོགས་པ།།
ངོ་གདོང་འཛུམ་བག་གིས་ཁེངས་ཤིང།།
ལག་གཉིས་ཐལ་མོ་རང་སྦྱར་ཏེ།།
འཚམས་འདྲི་ཞུ་རེས་དེ་རྨད་བྱུང།།
དཔྱིད་དུས་ཚ་གྲང་རང་སྙོམ་ཞིང།།
ལོ་ལྗང་བསིལ་རླུང་གིས་བསྐུལ་ལ།།
བྱ་བྱིའུ་གསུང་སྐད་དེ་སྙན་པས།།
སྐབས་གསུམ་གནས་ལས་ཀྱང་མཛེས་པ།།
དབྱར་དུས་ཤག་ཤག་གི་ཆར་ཆུས།།
རི་ཀླུང་ནགས་ཚལ་ཀུན་འཁྲུ་ཤིང།།
དར་དཀར་སྨུག་པ་ཡི་སྲས་མོས།།
དལ་བུར་ཕྱིས་པ་རང་འདྲ་བྱུང།།
སྟོན་དུས་སྔོ་སངས་ཀྱི་ནམ་མཁའ།།
ཨིན་ཌ་ཎི་ལ་ལྟར་སྔོ་ཞིང།།
སྤྲིན་གསར་ལང་ལོང་རེ་འཕྱུར་དུས།།
ཡིད་ཁམས་འཆར་སྣང་དེ་སྐྱིད་བྱུང།།
གྲང་རླུང་ངར་རྩུབ་དེ་ཆེ་ཞིང།།
ལྷབ་ལྷུབ་ཁ་བ་རེ་འབབ་དུས།།
རི་ཀླུང་དར་དཀར་གྱིས་གཡོག་འདྲའི།།
དགུན་གྱི་ནམ་དུས་དེ་མཛེས་སོ།།
ནམ་ཞག་འཁོར་བ་ཡི་རྒྱུན་དུ།།
གནམ་གཤིས་ཚ་གྲང་དེ་སྙོམ་ཞིང།།
དུག་སྦྲང་གི་གནོད་འཚེ་མེད་པའི།།
གངས་ཅན་ལྗོངས་དེ་དང་འདྲ་བྱུང།།
བསོད་ནམས་ལས་དབང་གིས་འདུས་པའི།།
སྐྱེ་བོ་མཆོག་དམན་དག་ཀུན་ཀྱང།།
རང་རང་འཚོ་ཐབས་ལ་རོལ་བའི།།
འཛུམ་ཆུང་ལྷུག་གེར་ལ་བཞུགས་འདུག
གྲོག་རོང་གི་རྦབ་ཆུ་རིང་མོ།།
ཆུ་ཕྲན་གྱི་ཟེགས་མ་འཐོར་གྱིན།།
བྲག་སྟེང་ནས་ཤང་ཤང་འབབ་པའི།།
ཡུལ་སྐོར་གནས་ཡུལ་དེ་མཛེས་སོ།།
དཔྱིད་གསུམ་ཁུ་བྱུག་གི་ནམ་དུས།།
ཐོག་མར་ཤར་བ་ནས་བཟུང་སྟེ།།
སྟོན་གསུམ་གཡུ་འབྲུག་དེ་ཉལ་ཉལ།།
ཁྲོམ་སྲང་མི་ཚོགས་ཀྱིས་ཁེངས་འདུག
གང་ལ་གང་འདོད་ལྟར་ཐོབ་པའི།།
ཟང་ཟིང་ཚོང་ཟོག་དེ་སྣ་ཚོགས།།
ཁྲོམ་གཞུང་སྟོད་སྨད་ཡོངས་ཁེངས་དུས།།
སྐྱེ་བོའི་ཡིད་བདེ་རང་འཕེལ་སོང།།
ལྗོན་པའི་རལ་པ་རང་གསིག་པའི།།
ལྷུན་སྟུག་རྒྱ་མཚོ་ཡི་རླབས་བཞིན།།
བྱང་ཤར་གངས་རི་ཡི་རྩེ་མོ།།
ཡིད་དབང་འཕྲོག་ཤོས་སུ་བཞེངས་འདུག
མཆོད་རྟེན་བང་རིམ་ལྟར་མཛེས་པའི།།
སྡོང་པོར་མེ་ཏོག་གིས་བརྒྱན་ཅིང།།
རླུང་བུའི་རམ་འདེགས་དང་ལྷན་དུ།།
འདབ་མ་ཐུལ་ཐུལ་དེ་མཚར་རོ།།
རི་བོ་ཏ་ལ་ཡི་རྩེ་མོར།།
དར་ལྕོག་ཚོན་མདངས་རང་འཛོམས་ཤིང།།
དར་ལྡིར་རླུང་བསིལ་གྱིས་བསྐུལ་བའི།།
རྐང་འཁྲབ་ཞབས་བྲོ་ལས་འཁྲུགས་པ།།
རྒན་རྒོན་དག་མ་ཎི་ཟློ་ཞོར།།
ཕྱག་མཆོད་དང་བསྐོར་སྦྱོང་གནང་ཡུལ།།
བཙན་བྱོལ་བའི་ཐོག་མའི་དགོན་པ།།
གནས་མཆོག་འདི་ཁུལ་གྱི་རྒྱན་ཆ།།
ཚ་བའི་ཡོ་ལང་དང་བྲལ་ཞིང།།
གྲང་གློག་སྤྲོ་ཁང་ལྟར་ཚོར་ལ།།
གཤོང་ཡུལ་ཚ་འོབས་ནས་སླེབས་ཚེ།།
མཐོ་རིས་དེ་ས་ལ་འཕོས་འདྲ།།
ཨེ་མ་གངས་ཅན་གྱི་ལྗོངས་དེའི།།
མཚན་ཉིད་ཧ་ལམ་རང་རྫོགས་ཤིང།།
སྐྱེ་བོ་ཀུན་གྱིས་རང་བསྟོད་པའི།།
མཛེས་པའི་ཡུལ་ལུང་འདི་སྐྱིད་བྱུང།།
ངའི་འཆར་སྣང་ཡང་།
གྲང་གློག་མི་དགོས་གངས་རིས་བསིལ། །
ཚ་གློག་མི་དགོས་དད་པས་དྲོས། །
ཉེན་རྟོག་མི་དགོས་རང་ཁྲིམས་སྲུངས། །
བོད་རིགས་སྣོད་བཅུད་ཕྱི་ནང་མཛེས། །
བོད་སྡོད་གནོད་བཅུད་གོང་འཕེལ་ཤོག །
སྐྱིད་ལྟ་རང་ཡུལ་རང་ལོས་སྐྱིད།།
རང་བཞིན་གྱིས་ལུས་སེམས་ལ་འཕྲོས་པ།།
རང་ཡུལ་གྱི་སྤང་རྩའི་མེ་ཏོག
གསེར་དངུལ་གྱིས་འགྲན་ཐབས་མི་འདུག