གཞོན་ནུ་ཟླ་མེད་ཀྱིས་བསྡུས།
———-
བདེ་བ་ཅན་གྱི་མགོན་པོ་འོད་དཔག་མེད།། མཐོན་མཐིང་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས།། དགྱེས་འཛུམ་ཟླ་བའི་ཞལ་རས་བདག་ལ་སྟོན།། བྱིན་རླབས་བདུད་རྩིའི་དགའ་སྟོན་བདག་ལ་སྟོན།། ཚེ་མཇུག་དབུགས་ཐག་ཆད་པར་ཉེ་བའི་ཚེ།། མཚན་དཔེ་རྒྱན་ལྡན་ཁྱོད་སྐུ་བདག་དྲུང་དུ།། མངོན་སུམ་བྱོན་ནས་ཚེ་འདིར་མ་ཆགས་པར།། ང་ཡི་ཞིང་དུ་འགྲོ་ཞེས་གསུང་བར་ཞུ།། རང་ལུས་རྩ་ནས་ལྷོད་ཅིང་སོ་དྲག་ཆགས།། སྨིག་རྒྱུ་འདྲ་བའི་ཉམས་སྣང་འཆར་བ་སོགས།། ས་ཁམས་ཆུ་ལ་ཐིམ་པའི་རྟགས་བྱུང་ཚེ།། མ་སྐྲག་མ་འཇིགས་གསུངས་ཤིག་འོད་དཔག་མེད།། ཁ་སྣ་བརྫེས་ཤིང་ལྕེ་ཐུང་ཤེས་པ་ཚུལ།། དུ་བ་ལྟ་བུའི་ཉམས་སྣང་འཆར་བ་སོགས།། ཆུ་ཁམས་མེ་ལ་ཐིམ་པའི་རྟགས་བྱུང་ཚེ།། ཞལ་སྟོན་སེམས་གསོ་མཛོད་ཅིག་འོད་དཔག་མེད།། དྲོད་སྡུད་མདངས་ཤོར་ཤིག་འབྲོས་རླངས་པ་འཕྲོ།། སྲིན་བུ་མེ་ཁྱེར་ཉམས་སྣང་འཆར་བ་སོགས།། མེ་ཁམས་རླུང་ལ་ཐིམ་པའི་རྟགས་བྱུང་ཚེ།། ཆོས་སྒྲ་ལྷང་ལྷང་གསུངས་ཤིག་འོད་དཔག་མེད།། ལུས་ནི་ཤིགས་སེ་འཐོར་ཞིང་དབུགས་ཐག་ཆད།། མར་མེ་ལྟ་བུའི་ཉམས་སྣང་འཆར་བ་སོགས།། རླུང་ཁམས་རྣམ་ཤེས་ཐིམ་པའི་རྟགས་བྱུང་ཚེ།། དགྱེས་བཞིན་བསུ་མ་མཛོད་ཅིག་འོད་དཔག་མེད།། དེ་ཚེ་ཁྱོད་ཐུགས་འོད་ཟེར་ལྕགས་ཀྱུའི་རྩེ།། སྤྱི་གཙུག་ཚངས་བའི་བུ་གར་རབ་ཟུག་སྟེ།། བདག་སེམས་དབུ་མའི་ལམ་ནས་ཡར་དྲངས་ཏེ།། བདེ་ལྡན་པདྨའི་སྦུབས་སུ་སྐྱིལ་བར་མཛོད།། སྐད་ཅིག་དེ་རུ་ལུས་ཀྱི་སྐྱེ་མཆེད་རྫོགས།། ཐེག་ཆེན་རིགས་ཅན་ལྟ་བུའི་ལུས་བླངས་ཏེ།། ཁྱོད་ཞལ་མཇལ་ཞིང་ཁྱོད་གསུང་ཉམས་བླངས་ཏེ།། ཕྱིར་མི་ལྡོག་པའི་བྱང་ཆུབ་འཐོབ་པར་ཤོག། ཅེས་དམིགས་པ་གསལ་བའི་སྒོ་ནས་འོད་དཔག་མེད་པའི་མཚན་ཐུབ་ཚོད་དུ་བཟླ་ཞིང་བཟང་སྤྱོད་སྨོན་ལམ་གྱིས་རྒྱས་གདབ་པོ།། ཅེས་པ་འདི་ནི་འཁོར་ལོ་སྣ་ཁའི་དགེ་བསྙེན་མ་ཤེས་རབ་སྒྲོལ་མས་ནན་ཆེར་བསྐུལ་ངོར།། དན་ཏིག་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་མདོར་བསྡུས་ཁ་གསལ་དུ་བྲིས་པའོ།། །།
རབ་གསལ་ལགས། ཨ་ལགས་ཚང་གི་གསུང་བྱིན་རླབས་ཅན་པོ་འདིར་བཀོད་པ་ཐུགས་རྗེ་ཆེ། འདི་གལ་ཆེན་པོ་ཡིན་ནི་རེད། ཀླུ་སྨྱོན་ནས་བཀོད་པའི་དཀར་ཆགས་ན་ཡང་མེད་ནོ་ཀན་རེད། ལྟོས་ན་ཤོག་ངོས་གཅིག་ཙམ་ལས་མེད་མོད། གཞན་གྱིས་བྲིས་ན་དེབ་རྒན་མཐུག་པོ་ཅིག་ཡོད་ནོ་ཤེས་ཀ་ཟེ། ལབ་ཙེ་དཔེ་མཛོད་ནས་སྐྱ་བོའི་རིག་གནས་ཕྱོགས་འཛིན་སྐྱོང་གི་ལས་ཀ་བྱེད་ཀྱི་ཡོད་ཟེར་བ་ལྟར། འདི་འདྲ་ལ་བགྲོ་གླེང་གནང་ན་གླེང་རིན་ཡོད་པ་རེད། མི་ཡང་མང་པོ་བསྡུ་ཐུབ་ནི་རེད། འདི་ཁོང་ཚོའི་བཤད་པའི་སྐྱ་བོའི་རིག་གནས་ཀྱང་ཡིན་ནི་རེད།
དཔེར་ན་ང་ཚོ་གྲོང་གསེབ་ཕྱོགས་ན་མི་ཤི་སྐབས་གྲོང་པའི་མི་རྣམས་ཚོགས་ནས་སྔོན་མ་ཡིན་ན་ཀོའུ་བ་ཆོས་རྒྱ་མཚོའི་མི་རྟག་དྲན་མགུར་ཡི་གེ་ཤེས་མཁན་ཅིག་ནས་དབྱངས་ལ་གྱེར་ནས། དེ་ནས་མི་མང་ནས་མ་ནི་དབྱངས་ལ་གྱེར་འདོན་བྱེད་ཀྱི་རེད། ད་ཡིན་ན་ཨ་ལགས་ཚང་གི་བར་དོ་ངོ་སྤྲོད་དང་གསོལ་འདེབས་གཉིས་ཀའི་དོན་ཚང་བའི་ཉམས་མགུར་འདི་ཡང་འདོན་གྱི་རེད།
ད་རུང་གསུང་འདི་ནི་རྒྱ་གར་ན་དགེ་ལུགས་པའི་དགེ་བཤེས་བཏང་ཟིན་རྣམས་ཀྱིས་སྐུ་གསུམ་ལམ་ཁྱེར་གྱི་ཟུར་ལྟའི་ཕྱག་དཔེ་ཀྱང་ཡིན་ནི་རེད།
ནོར་བཅོས། བྱིན་རླབས་བདུད་རྩིའི་དགའ་སྟོན་བདག་ལ་སྟོན་ཟེར་བ་དེ། བྱིན་རླབས་བདུད་རྩིའི་དགའ་སྟོན་བདག་ལ་སྩོལ།། ཅེས་བཅོས་རོགས།
དོགས་ཡོད། ཁ་སྣ་བརྫེས་ཤིང་ལྕེ་ཐུང་ཤེས་པ་ཚུལ།། ཟེར་བ་དེ་ཁ་སྣ་བརྫེས་ཤིང་ལྕེ་ཐུང་ཤེས་པ་འཚུབ།། ཟེར་བ་མིན་ནམ་སྙམ་མོད། འོན་ཀྱང་མ་དཔེ་ན་ཚུལ་ཅེས་བྲིས་འདུག།
ལགས་སོ་ཐུགས་རྗེ་ཆེ། འདི་འདྲ་སྤེལ་ན་ཡག་པོ་རེད། མུ་མཐུད་དུ་སྤེལ་རོགས་ཐུགས་རྗེ་ཆེ།