བོད ལྷ་ལྷ་ཀླུ་གཉན་གསུམ།
ལོ་རེ་བཞིན་འདི་ལྟར་སླེབས་ནས་འོང་དུས་སུ། ང་ཚོ་འགྲོ་བ་མིའི་ཁྱིམ་གཞི་ཆེན་པོར་འདིར། རང་རང་གི་གོམས་གཤིས་སུ་འཇགས་པའི་ལོ་རེ་སར་སྟངས་ཤིག གདོད་མའི་དུས་ནས་བཟུང་དེ་བྱུང་ཡོད་ཀྱང་། མི་མང་བོ་ཞིག་གིས་ལོ་རེ་རེ་བཞིན་དེ་ནི་དགའ་སྟོན་གྱི་རྣམ་པ་ཞིག་གི་ཚུལ་དུ་རང་གི་དགའ་ཉེ་སྤུན་གྲོགས་སོགས་དང་འགྲོགས་ནས་ཟས་ཞིམ་པོ་དང་གོས་ཡག་པ། ལོ་ཆུང་དག་ལ་དགོས་པའི་ཞིམ་་མངར་གྱི་རིགས་སོགས་དུས་རྒྱུན་དུ་ལག་པར་མི་རེག་པ་དག་སྤྲོད་སྲོལ་ཡོད་པ་ལྟར། བྱིས་པ་དག་གིས་ལོ་སར་སླེབས་པར་ཡུན་རིང་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
དེ་མཚུངས་སུ་ལ་ཁའི་ཉི་མ་ལྟ་བུའི་རྒན་རྒོན་དག་གིས་ལོ་སར་བ་རེ་སླེབས་པ་དང་འཇིག་རྟེན་ལ་འཁྲེང་བའི་སེམས་པ་ཇེ་སྙི་ནས་སེམས་སྡུག་ཇེ་རུ་འགྲོ་བཞིན་ཡོད་པ་ནི། རང་ཉིད་འཆི་བ་ཟེར་བའི་གཟུགས་མེད་ཀྱི་ཡུལ་གྲུ་དེ་ཡི་མགྲོན་པར་གྱུར་བར་ཐག་ཉེ་རུ་ཕྱིན་པའི་ཚོར་སྣང་ཡོང་གི་ཡོད་པ་རེད།
འོན་ཀྱང་། མི་རིགས་ལ་མཚོན་ན་རྒྱལ་ཁབ་ཀྱི་དར་རྒུད་དང་འབྲེལ་བའི་ལས་དོན་ཡང་ཆེས་མི་ཉུང་བ་ཞིག་རྒྱལ་ཁབ་ཀྱི་དབུ་ཁྲིད་ནས་བཟུང་དེ། རང་གི་རྒྱལ་ཁབ་དང་མི་སེར་གྱི་ཆེད་དུ་འགྲུབ་མིན་ལ་མ་བལྟས་པར་དམ་འབུལ་མི་ཉུང་བ་ཞིག་ཀྱང་མི་མང་གི་གོ་སར་དང་མཐོང་སར་སྐད་ཤུགས་ཡོད་ཚད་ཀྱིས་གླེང་བཞིན་ཡོད་ལ། མི་མང་གིས་ཀྱང་དེ་ལ་དགའ་བསུ་ཆེན་པོ་སྒོ་ནས་ལག་ཟུང་ཤུགས་ཀྱིས་བརྡེབས་ཀྱི་ཡོད་ལ་དེ་ལ་རེ་བ་ཡང་ཆེན་པོ་འཛིན་བཞིན་ཡོད་པ་རེད།
དེས་ན་དེ་རིང་གི་འུ་ཚོ་སྟེ། རྒྱལ་ཁབ་མེད་པའི་སྐྱབས་བཅོལ་གྱི་མི་རིགས་ལ་མཚོན་ནས་གླེང་བ་ཡིན་ན། མི་རིགས་ཤིག་གི་འཐབ་རྩོད་ཆེད་དུ་ལོ་གཅིག་ལག་ནས་ད་ལྟ་རང་ཤོར་ཟིན་པ་དང་ལོ་་གཅིག་ད་ལྟ་རང་དུ་ལག་པར་རེག་པ་འདི་ཡི་སྐབས་སུ། ཅིས་ཀྱང་བརྗེད་དུ་མི་རུང་བའི་དམ་འབུལ་ཞིག་དགོས་ཀྱི་ཡོད་པ་དེ་ནི་ཁ་ཚ་དགོས་ཐུག་གི་ལས་ཤིག་ཆགས་ཡོད་དུས། ལོ་སར། ལོ་གཅིག་ཤོར། ལོ་གཅིག་གི་ཚེ་ཐག་ཐུང་དུ་བྱུང་བ་འདི་་ཡི་ཉམ་མྱོང་ལས། རང་ཉིད་ནི་བོད་དང་དེ་ཡི་ནང་ནས་བོད་མི་བྱེས་གྱར་བ་ཞིག་ཡིན་པ་དེ་ཡི་སྐོར་ལ་བསམ་བློ་ཞིག་མི་གཏོང་ཐབས་མེད་ཆགས་ཡོད་ལ། དེ་ཡི་འགན་དེ་ཡང་མི་རང་རང་ནས་འཁུར་དགོས་པ་ཡིན་དུས། ལོ་སར་བ་ལས་ཀྱང་འགན་ཞིག་ཡོད་པ་དེ་ནི། ཟས་མངར་མོ་ཞིག་ཟས་པ་དང་། གོས་ཡག་པ་ཞིག་གོན་ནས་ཁྲོམ་དུ་འགྲོ་ཐུབ་པ་དེ་ནི་ལོ་སར་བ་ཞིག་དུ་ངོས་འཛིན་བྱས་པ་ཡིན་ན་གཏན་ནས་ནོར་བ་ཡིན།
དེ་ཡིན་དུས་ཤོར་ཟིན་པའི་ལོ་གཅིག་དང་། ཚེ་ཐག་ཐུང་དུ་ཕྱིན་པའི་ལོ་གཅིག་འདིའི་ཉམ་མྱོང་ལས་རང་གི་ཁོར་ཡུག་དང་རང་ཉིད་ནས་འགོ་བཟུང་དེ། ང་བོད་ཡིན། ངས་བོད་ལ་སྐྱེ་བུའི་འགན་ཞིག་འཁུར་དགོས། དེ་ནི་དེ་རིང་ཟས་ཟིན་པའི་ཟས་འདི་དག་དང་། ད་ལྟ་རང་འཐུང་ཟིན་པའི་ཨ་རག་དང་སྤི་རག་གི་ངང་ཚུལ་བཞིན། ནམ་བླངས་དུས་གཙང་སྤྱོད་ནང་དུ་གཏོང་རྒྱུ་ལྟ་བུ་ཞིག་དུ་གཏན་ནས་བསམ་མི་རུང་བར། ཤོར་ཟིན་པ་དང་ཚེ་ཐག་ཐུང་དུ་ཕྱིན་པའི་དུས་ཚོད་འདིས་རང་ཉིད་ཀྱི་ལག་ནས་སླར་ཡང་ལོ་ངོ་གཅིག་ཤོར་ཟིན་པ་དེར་བསམ་བློ་ཞིབ་དུ་གཏོང་བ་ནས། སླར་ཡང་ལོ་གཅིག་འདི་ལྟར་དུ་མི་ཤོར་བའི་དམ་འབུལ་ཞིག་བྱེད་རྒྱུ་དེ་ནི་རང་ཉིད་བོད་པ་ཡིན་པ་ངོ་ཤེས་པར་བྱ་རྒྱུ་དེ་ཡིན་ལ། བོད་པ་ཞིག་གི་མིང་དེ་ཡང་རང་ཉིད་མ་ཤི་བར་དུ་ལྷན་དུ་འགྲོག་ནས་འགྲོ་དགོས་པ་དེར་ཁས་ལེན་བྱེད་ཐུབ་དགོས་ཀྱི་ཡོད་པ་དེ་ཡིན།
བོད་པ་ཞིག་གི་ལོ་གཅིག་གི་ཚེ་ཐག་ཐུང་དུ་སོང་། བོད་དོན་ཞིག་ལོ་ངོ་གཅིག་གི་རིང་འདིར་ལས་དོན་མི་ཉུང་བ་ཞིག་འཐུས་ཤོར་དུ་བཏང་ཟིན་པ་དེར་སླར་ཡང་འཐུས་ཤོར་དུ་མི་འགྲོ་བར་བསམ་གཞིགས་དང་འགན་ལེན་རང་ཉིད་ཀྱི་སེམས་གཏིང་དུ་དམ་འབུལ་བྱེད་དགོས་ཀྱི་ཡོད། དེ་ནི་རང་ཉིད་བོད་ཡིན་པ་ངོ་ཤེས་རྒྱུ་དེ་ཡིན་པ་རེད། བོད་པ་དེ་ཡང་བྱེད་སྟངས་མ་ནོར་བ་ཞིག་བྱེད་རྒྱུར་དངོས་ནས་ཤེས་དགོས་པ་ཡིན། དེ་ཡི་ཕྱིར་ལོ་གསར་བ་འདིས་ནང་དུ་ངས་སྐད་ཤུགས་ཆེན་པོས་སྒོ་ནས་ངེད་ཅག་བོད་པ་ཡིན་པ་ང་ཚོ་རང་ངོས་ནས་ཁས་ལེན་བྱེད་རོགས་ཞེས་ཞུས་པ་ཡིན།
འཛམ་གླིང་མི་དང་དུད་འགྲོའི་ཁྱིམ་ཚང་ཆེན་པོ་གཅིག་པུ་འདི་ནང་སྡོད་རིང་ཚེ་ཐུང་འདིའི་རིང་ལ། གོ་ལ་སྔོ་རིལ་འདིའི་སྲུང་སྐྱོབ་ལ་བསམ་བློ་བཏང་ནས་འགན་འཁུར་ ཡང་ལེན་དགོས།