ཁ་བའི་རྣམ་ཤེས།
རྒྱལ་པོའི་ཁྲིམས་ཆད་ཕོག་པའི་མི་འཁྱམས་ཤིག།
འཇར་མན་ཡུལ་ནས་དབྱིན་ཇིའི་ལུང་པར་བྱོལ།།
དམར་ཤོག་ལྟ་གྲུབ་ཅེས་པའི་དེབ་ཆུང་བྲིས།།
གཤིན་རྗེའི་ཕོ་ཉ་ངོ་མ་རྩེབས་ནས་ཐལ།།
ལེ་ཉིན་དེ་ཡི་རྗེས་སུ་འབྲངས་ནས་ཐལ།།
ཨུ་རུ་སུ་ལ་དམར་ཤོག་བཙུགས་ནས་ཐལ།།
རྒྱལ་པོའི་ལམ་སྲོལ་རྩ་གཏོར་བཏང་ནས་ཐལ།།
ས་ཡ་ཉི་ཤུ་གཉིས་ལྷག་བཀུམས་ནས་ཐལ།།
མ་འོས་དེ་ཡི་ལད་མོ་བྱས་ནས་ཐལ།།
རྒྱ་ནག་ཕལ་ཆེར་དབང་དུ་བསྡུས་ནས་ཐལ།།
ཕ་མེས་ལུགས་སྲོལ་རྩ་མེད་བཟོས་ནས་ཐལ།།
ས་ཡ་བདུན་བཅུ་ལྷག་ཙམ་བཀྲོངས་ནས་ཐལ།།
དམར་པོའི་མེ་ལྕེ་བོད་ལ་མཆེད་ནས་ཐལ།།
རྒྱལ་པོ་འཁོར་བཅས་རི་ལ་ཕུད་ནས་ཐལ།
རྩམ་ཟན་ས་ཡ་གཅིག་ཙམ་བསད་ནས་ཐལ།།
བོད་མི་གཞིས་བྱེས་གཉིས་སུ་བགོས་ནས་ཐལ།།
དམར་ཤོག་ལྟ་གྲུབ་གང་སར་ཁྱབ་ནས་ཐལ།།
རྒྱལ་ཁབ་མང་པོའི་རང་བཙན་ཤོར་ནས་ཐལ།།
ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ནས་ཐལ།།
སྡུག་གི་མིག་ཆུས་རྒྱ་མཚོ་བསྐྱིལ་ནས་ཐལ།།
འགྲོ་འདུག་རང་དབང་ཁྱོད་ཀྱིས་ཕྲོགས་ནས་ཐལ།།
སྨྲ་བརྗོད་རང་དབང་ཁྱོད་ཀྱིས་ཕྲོགས་ནས་ཐལ།།
ཆོས་དད་རང་མོས་ཁྱོད་ཀྱིས་ཕྲོགས་ནས་ཐལ།།
མདོར་ན་ཡོད་ཚད་ཁྱོད་ཀྱིས་ཕྲོགས་ནས་ཐལ།།
ནུབ་ཕྱོགས་འཇར་མན་ཡུལ་གྱི་མི་འཁྱམས་ཁྱོད།།
མེས་པོའི་རྒྱལ་ཁབ་འཕྲོག་མཁན་གཏེ་བོ་ཁྱོད།།
ཁྱོད་དང་དངོས་སུ་ཐུག་པའི་དུས་ཡོད་ན།།
ཕྱི་མའི་ལམ་དུ་རྫོང་ལ་ཐེ་ཚོམ་མེད།།
ཨོཾ་མ་ཎི་པདྨེ་ཧུཾ།
སྨྲས་པ།
གནམ་སྔོན་པོས་ས་གཞི་རྡུངདང་གཅིག།
འབུ་ཆེན་པོས་ཆུང་ཆུང་ཟ་དང་གཉིས།
སྐྱེས་ཚར་བའི་རྗེས་ལ་འཆི་བ་གསུམ།།
ཚེ་སྔོན་མའི་ལས་ཀྱི་བཀའ་ལུང་ཉིད།།
ཟས་དངོས་གཙ་བོར་འཛིན་པའི་ལོག་ལྟ་ཅན། །
སེམས་གཙོ་དོན་གཙོ་བདེ་གཙོ་ཆོས་དད་ཅན། །
མི་ཡི་ལོ་རྒྱུས་འཐབ་རྩོད་སྣ་མང་ཐལ། །
ཐལ་རང་དྲགས་སོང་དམར་དད་ཐལ་དྲགས་སོང་། །
མ་འོའི་དབང་ཆའི་འོག་ལ། །
ས་ཡ་བདུན་ཅུའི་སྲོག་ཤོར། །
རྒྱ་གཞུང་དམར་པོའི་འོག་ལ། །
བོད་མི་ས་ཡའི་སྲོག་ཤོར། །