སྐྱེས་ནས་སྐད་ཅིག་ཙམ་ཡང་སྡོད་དབང་དེ་མེད་པར། །
འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་རྒྱུགས་པས། །
གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་དུ་ཞུགས་འདུག །
ཉེས་ཅན་གསོད་སར་འཁྲིད་པའི་སྣང་ཚུལ་འདིས་སྐྱོ་བ། །
རྒྱལ་དབང་སྐལ་བཟང་རྒྱ་མཚོའི་གསུང་མགུར།
ཁ་སང་དེ་རིང་ཞིག་ལ་འཆི་བའི་འཇིགས་སྐྲག་ཅིག་མ་བསམས་ས་ཟིག་ནས་ཡོང་གི་འདུག སྐབས་རེར་ནམ་གུང་དང་ལན་རེར་ཉིན་གུང་། ནད་པ་ཟུངས་ཟད་ཅིག་དང་འདྲ་བར་ང་ལ་འཆི་བའི་འཇིགས་སྣང་ཞིག་ཡོང་གི་འདུག བཙོན་མ་སྲོག་ཁྲིམས་བཅད་ཡོད་པ་ཞིག་དང་མཚུངས་པར་ང་ལ་འཆི་ཁའི་ཚོར་སྣང་ཞིག་སྐྱེ་གི་འདུག ཉལ་ཁང་སྟོང་བའི་ནང་དུ་གློག་ཀླད་ལ་ཅེར་དུས་ཀྱང་། བཟང་ས་ཉེ་སའི་མཉམ་དུ་ཟ་འཐུང་ལ་རོལ་དུས་ཀྱང་། མཛེས་སྡུག་ལྡན་པའི་སྤྱི་གླིང་ལ་འཆམ་འཆམ་དུ་འགྲོ་དུས་ཀྱང་། གནམ་གྲུར་བསྡད་དེ་ཐག་རིང་ལ་གུང་གསེང་དུ་བསྐྱོད་དུས་ཀྱང་། གོམ་པ་བརྒྱབ་ནས་ཐག་ཉེ་རུ་རྒྱུགས་བཤར་གློད་དུས་ཀྱང་། ང་ལ་འཆི་བདག་གི་མགྲོན་ཤོག་ཅིག་དུས་ཚོད་ངེས་མེད་ཅིག་གི་ནང་དུ་འབྱོར་ཡོད་པའི་ཚོར་སྣང་འཇིགས་པོ་ཞིག་སྐྱེ་གི་འདུག ལོ་ཚོད་ལ་དཔགས་ན་ད་དུང་འཆི་དགོས་པའི་དུས་ཚོད་མིན་ལ། གཟུགས་གཞིར་བརྟགས་ན་ཡང་ད་རུང་འཆི་དགོས་པའི་ན་ཚ་ཅི་ཡང་མེད། ཡིན་ན་ཡང་། འཆི་བདག་འདི་ངའི་ལུས་སེམས་ཀྱི་གྲུ་ཟུར་ཞིག་ཏུ་གྲགས་མེད་གཟུགས་མེད་ཀྱིས་ཡིབ་བསྡད་ཡོད་པའི་ཚོར་བ་ཞིག་གིས་ཉིན་མཚན་མེད་པར་ངའི་ལུས་སེམས་ཀྱི་ནུས་ཤུགས་གཅོག་གིན་འདུག ངའི་ཕུགས་བསམ་གྱི་རི་མོ་བསུབ་ཀྱིན་འདུག ངའི་སློབ་སྦྱོང་གི་སེམས་ཤུགས་ཀྱང་ཉམས་ཀྱིན་འདུག ཡང་སྐབས་རེར་བསམས་ན་ལོས་ཀྱང་ཡིན། ངའི་གཡས་ནས་རྒན་རྒོན་འཆི་གི་འདུག ངའི་གཡོན་ནས་དར་མ་འཆི་གི་འདུག ངའི་མདུན་ནས་བྱིས་པ་ཡང་འཆི་གི་འདུག་ལ། ངའི་རྒྱབ་ནས་རྒན་དར་གཞོན་གསུམ་སྡེབས་གཅིག་ལ་ཡང་འཆི་གི་འདུག་པས། ང་རང་ཡང་མི་འཆི་བའི་ཡིག་ཆ་དང་ཐེལ་ཙེ། ཡང་ན་ས་ཡིག་ཅིག་སུས་བརྒྱབ་ཡོད་དམ། འཆི་བའི་ཚོར་སྣང་འདིས་སྐབས་རེར་ནམ་གུང་གི་རྨི་ལམ་རིང་མོ་དཀྲོགས་ཡོང་གི་འདུག་ལ། མཚམས་རེར་ཉིན་གུང་གི་ཟ་མ་ཞིམ་པོའི་བྲོ་བ་ཡང་བརླགས་ཡོང་གི་འདུག སྐྱེ་འགྲོ་ཀུན་ལ་མཚོན་ན་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་འཆི་བ་འདི་ནི་ཇི་འདྲའི་འཇིགས་པོ་ཞིག་རེད་ཨང་། ཀུན་གྱིས་གཡོལ་ཐབས་བྱེད་པ་དེ་འཆི་བ་འདི་རེད་ལ་ཀུན་གྱིས་གཡོལ་ཐབས་བྲལ་བ་ཡང་འཆི་བ་འདི་རེད། ལོས་ཡིན། གྲོགས་ཨ་ཁུ་བློ་དར་ཟི་ལིང་ནས་རྒྱ་མིས་བརྡུངས་ནས་བསད། གྲོགས་དགེ་འདུན་བསྟན་པ་ལྷོ་ཕྱོགས་ནས་གློ་ནད་འཕར་ནས་གཤེགས། གྲོགས་བློ་བཟང་ཡེ་ཤེས་ཀང་ར་ནས་སྨན་པས་གཤགས་ནས་བཀྲོངས། དེའི་ཤུལ་དུ་ང་རང་ལ་འཆི་མེད་རྒས་མེད་ཀྱི་གདེང་སྤོབས་ཤིག་སུ་ཡིས་སྟེར། འཆི་བ་མི་དྲན་པའི་མི་རྣམས་ལ་དམིགས་ནས་སྔོན་གྱི་ནང་པའི་སློབ་དཔོན་སྙན་གྲགས་ཅན་དག་གིས་ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གྱིས་མི་ཕན་པའི་དོན་ཚན་གསུམ་གྱི་སྒོ་ནས་འཆི་བ་དྲན་སྟངས་ཤིག་ཀྱང་གསུངས་ཡོད་པ་རེད་ལ། སློབ་དཔོན་ཞི་བ་ལྷས་གོང་གི་དོན་ཚན་འདི་གསུམ་ལ་དམིགས་ནས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་ཆ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིག །ཅེས་པའི་ཁ་ཏ་ཞིག་ཀྱང་བྱས་ཡོད་པ་རེད། འཆི་བའི་འཇིགས་སྐྲག་འདི་མཐར་དེད་ན་ང་རང་མེད་པ་ཆགས་འགྲོ་རྒྱུ་རེད་བསམས་པའི་ཚོར་སྣང་ཞིག་ལ་ཐུག་ཡོད་པ་འདྲ། སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ནང་པ་ཞིག་ལ་མཚོན་ན་ཡང་ང་རང་མེད་པ་ཆགས་པའམ་ཡང་ན་རྩ་བརླག་ཏུ་འགྲོ་རྒྱུ་རེད་བསམས་པའི་ཚོར་སྣང་འདི་རང་གིས་འཆི་བ་མི་འདོད་པའི་ཚོར་བ་དེ་ཡོང་གིན་ཡོད་པའམ་འཆི་བ་ལ་ཞེད་པའི་འཇིགས་སྐྲག་དེ་མྱོང་གི་ཡོད་པ་འདྲ། གང་ལྟར་ལོ་ཟླ་འདི་དག་ཏུ་ང་ལ་མཚོན་ན་འཆི་བདག་དེས་ང་རང་འགྲོ་ས་འདུག་ས་གང་སར་རྗེས་དེད་ནས་སླེབ་ཡོང་གིན་ཡོད་པའི་ཚོར་བ་དེ་ཇེ་མང་ནས་ཇེ་འཇིགས་རེད། འཆི་བའི་འཇིགས་སྣང་འདི་དང་འཆི་ཁའི་མནར་གཅོད་གཉིས་ཀྱི་གང་ཞིག་ཚབས་ཆེ་འམ། ངའི་ཉེ་འབྲེལ་སྐྱེས་དམན་ཞིག་ལོ་མང་ནད་ཀྱིས་མནར་ནས་ཤ་ཟད་རུས་པར་ཐུག་ཡོད་ཀྱང་འཆི་ཁའི་དུས་དུ་མནར་གཅོད་དྲག་པོ་ཞིག་གིས་གདུངས་ཏེ་གསར་བུ་རེ་རྐང་ལག་རེ་ལ་འཇུས་ཀྱང་ཐུབ་མི་ཐུབ་ཀི་ཚད་རེད་ཟེར། ཨ་ཨ། འཆི་བའི་འཇིགས་སྣང་རྫོགས་མེད་འདི། འཆི་ཁའི་མནར་གཅོད་དྲག་པོ་དེ། ཨོ། དྲ་གྲོགས་ཁྱེད་རྣམ་པར་ཚོར་སྣང་འདི་འདྲ་རེ་སྐྱེ་གིན་འདུག་གམ་མི་འདུག གང་ལྟར་ང་ཚོ་འཆི་རྒྱུ་རང་རེད།
མདོ་རྒྱ་ཆེར་རོལ་བ་ལས།
གང་དུ་ཕྱིན་ནའང་འཆི་བས་མི་ཚུགས་པའི། །
ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །
བར་སྣང་ལ་མེད་རྒྱ་མཚོའི་ནང་དུ་མེད། །
རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མེད། །
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།
ཡེ་ཤེས་ལགས། རྩོམ་འདི་ངོ་མ་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
འཆི་བདག་ལ་དང་ལེན་བྱེད་ཐུབ་མཁན་རྣམས་ལ་འཆི་བདག་ལྷ་ཡིན། དེ་དང་ལེན་བྱེད་ཐུབ་མཁན་ནི་ཆོས་ལུགས་ཚང་མའི་ནང་ཡོད་པ་མ་ཟད་མི་མང་པོའི་སྲོག་གཅོད་མྱོང་བའི་དཔའ་རྒོད་ཚོའི་ནང་ན་ལྷག་ཏུ་མང་། ཕྱུགས་ཁྲི་ཡི་མགོ་སྐེ་ཕྲལ་མྱོང་བའི་ཨ་དཔོན་ཚོའི་ནང་ན་དེ་ལས་ཀྱང་མང་།
འཆི་བདག་ལ་རྟག་པར་ཞེད་སྡོད་མཁན་ཚོར་འཆི་བདག་བདུད་ཡིན། འཆི་བདག་བདུད་དུ་ལྟ་མཁན་ནི་གང་གི་མྱི་བསམ་བློ་གུ་དོག་དངོས་པོའི་གཤིས་ལ་དཔྱོད་པའི་བློ་གྲོས་ཀྱི་མིག་ལོང་པར་གྱུར་པ་ཚོའི་ཁྲོད་དུ་ཡོད། བློ་མིག་གུ་དོག་ཅན་གྱི་མི་འདི་རིགས་ཀྱིས་ཚེ་གང་བོར་ ་་འཆི་བའི་འཇིགས་སྐྲག་་་ བསམ་ནས་མ་ཤི་གསོན་པོའི་སྐབས་སུ་ ་་འཆི་བའི་འཆི་སྐྲག་་ མྱོང་གི་ཡོད་པ་མ་ཟད་འཆི་བའི་སྐབས་སུ་ ་་་འཇིགས་སྐྲག་་ ཅན་གྱི་འཆི་བ་དེ་དངོས་སུ་སླེབས་པར་བསྟེན་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པ་མྱོང་གི་ཡོད་པ་སྨོས་མེད་རེད།
མ་ཤི་སྔོན་འཆི་བའི་འཇིགས་སྐྲག་མྱོང་བ་རྣམས་ནི་མི་མ་ཤི་དམྱལ་བར་སྐྱེས་འདུག་ཟེར་བ་དེ་ཡིན་རྒྱུ་རེད། ད་ཁ་སང་དེ་རིང་ང་ཚོའི་དྲ་གྲོགས་ཡེ་ཤེས་ཀྱང་མི་མ་ཤི་དམྱལ་བར་སྐྱེས་འདུག་པས་ཚང་མས་རོགས་བྱེད་པར་རིགས།
ངས་ཁྱོད་འཆི་བའི་འཇིགས་པ་འདི་ལས་སྐྱོབ་པའི་ཚིག་གཅིག་ཞུ་འདོད། དེ་ནི་འཆི་བའི་རང་བཞིན་ལ་དཔྱད་པ་མང་ཞིག་བཏང་ནས་འཆི་བའི་རང་བཞིན་ཤེས་རྒྱུ་དེ་རེད། འཆི་བར་ལྟ་བའི་སེམས་ཀྱི་ངོས་འཛིན་སྟངས་ལས་འདས་པའི་འཇིགས་སྐྲག་ཅིག་གང་ན་འདུག་རྩད་ཅིག་ཆོད་དང་རྙེད་དུ་ག་ལ་ཡོད། ད་ཁྱེད་རང་གིས་དེ་འདྲ་མ་བྱེད། རྨོངས་པས་རྨོངས་པ་བསླུས་དེ་འདྲ་མ་བྱེད། རང་ལ་འཇིགས་སྐྲག་སྐྱེས་གཞན་ལ་འཇིགས་སྐྲག་བསྐྱེད། འཆི་བ་མི་རྟག་པ་བཤད། གཞན་གྱི་བྱ་བར་བར་ཆད་བཏང་དེ་འདྲ་མ་བྱེད། ཁྱོད་ཀྱང་སྙིང་མ་རྗེ། གཞན་ཡང་སྙིང་མ་རྗེ།
གནའ་བོའི་བོད་ཀྱི་རྣལ་འབྱོར་བ་ཞིག་གིས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །རྣལ་འབྱོར་འཚང་ཆུང་རྒྱ་བ་ཡིན། །ཞེས་གསུངས་འདུག་ཀྱང་། བདག་ལྟ་བུའི་ལྟོ་བརྒྱགས་ཉི་མ་དྲོ་ན་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་དུས་ཐ་མལ་བ། །ཡིན་པ་ཚོར་དེ་ཅིག་འཇིགས་ཡ།
འཆི་བ་ཞེས་པ་རྣམ་རྟོག་རེད་ཟེར་ན་མི་ཤེས། འཆི་བ་ལ་འཇིགས་སྐྲག་སྐྱེ་མཁན་རྣམས་ཀྱི་ངོར་འཆི་བ་ཞེས་པ་རྣམ་རྟོག་རེད་ཅེས་བཤད་ན་མ་འཚམས་པ་ཡོད་མེད་མི་ཤེས།
དཔལ་ལྡན་མར་མེ་མཛད་ཀྱིས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་གསུངས་པ་བཞིན། འཆི་བ་ལ་འཇིགས་པའི་ཚོར་བ་དེ་རྣམ་རྟོག་ཅིག་རེད་ལ། དེ་ལ་འཇིགས་མི་དགོས་བསམས་པ་དེ་ཡང་རྣམ་རྟོག་ཅིག་རེད། འདིར་རྣམ་རྟོག་ཅེས་པ་དེ་བདེན་འཛིན་གྱིས་ཟིན་པའི་ཐ་མལ་བའི་ཤེས་པ་ཡོངས་ལ་གོ་དགོས། བདེན་ཞེན་གྱིས་བཅིངས་པའི་རྣམ་པར་རྟོག་པའི་རིགས་འདི་ནི་ངེད་ཅག་སོ་སོ་སྐྱེ་བོ་ཡོངས་རྫོགས་ཀྱི་མཐའ་ནས་བསྐོར་ཡོད་པའི་སྲ་མཁྲེགས་ཀྱི་ལྕགས་རི་རིང་མོ་ཞིག་ཡིན་པས། འདི་ལས་ཐར་ན་ཐར་བའི་གྲོང་ཁྱེར་དང་འདིའི་ནང་ཚུད་ན་འཁོར་བའི་འདམ་རྫབ་ཏུ་ཟགས་ཡོད་པར་ཐེ་མི་ཚོམ།
རྒྱུ་མཚན་གྱི་ཐོག་ནས་འཆི་བ་ལ་མི་འཇིགས་པའི་བློ་གདེང་ཞིག་སྐྱེས་པ་ཡིན་ན་དེ་རྣམ་རྟོག་ཡིན་པར་ངས་ངོས་ལེན་བྱེད་མི་ཐུབ། དེ་མིན་འཆི་བའི་མཐར་ཐུག་གི་བདེན་དོན་མ་རྙེད་པར་དེ་ལྟར་བསམ་ན་དེ་ལྟར་དུ་ཡིན་ལས་ཆེ། ཡིན་ན་ཡང་རིག་གཞུང་གམ་ཆོས་ལུགས་གཅིག་གི་ཐོག་ནས་འཆི་བ་ལ་སྤྱི་ཁྱབ་ཀྱི་འགྲེལ་བཤད་རྒྱབ་ན་དེ་གཅིག་གིས་ངོས་ལེན་བྱས་ན་ཡང་གཞན་གྱིས་ངོས་ལེན་བྱེད་སྲིད་ཀྱི་མ་རེད།
དེ་ནི་འཆི་བ་གཅིག་པོ་མ་རེད། སེམས་ཙམ་པ་ལྟ་བུ་ཞིག་གིས་ཀུན་རྫོབ་བདེན་པའི་ཁྱབ་ཁོངས་སུ་བཞག་པའི་བྱ་དངོས་ཡོད་དོ་ཅོག་ཆོས་ལུགས་གཞན་ཕར་ཞོགས། ནང་བའི་གྲུབ་མཐའ་ཕན་ཚུན་གྱིས་ཀྱང་དེ་ལ་དགག་བཞག་སྣ་ཚོགས་པ་ཞིག་གསུངས་པ་རེད། གང་ལྟར་གཤམ་དུ་རྡེག་གནོན་བྱས་ན་དགེ་བཤེས་འདིའི་ཆོས་བཤད་ཀྱིས་ཏོག་ཙམ་གསལ་དུ་འགྲོ་རྒྱུ་རེ་ཡོད་དམ།
http://www.youtube.com/watch?v=j7lYz2vBVhk
འདི་ན་ཡང་གཅིག་ཡོད།
http://www.youtube.com/watch?v=XO3_rCm2f1k&feature=related
ཆོས་ལུགས་གཞན་པའི་འགྲེལ་བཤད་ལ་ཡང་ཉན་ན་ཡག་པོ་འདུག དཔེར་ན་རོ་མན་ཁ་ཐུ་ལི་ཁུ་ལྟ་བུའི་ཆོས་དཔོན་ཚོའི་འགྲེལ་བཤད།
http://www.youtube.com/watch?v=Qw1djiEEARA
ཡིད་ཆེས་ཡོད་ན་འདི་ལ་ཡང་གསན་པར་རིགས།
http://www.youtube.com/watch?v=UGpxfoF3SYg&NR=1
མི་གཞན་པས་བླུན་བཤད་བྱས། ཁྱེད་ཀྱིས་འདིར་ལྟོས་དེར་ལྟོས་ཟེར་ནས་བླུན་གཏམ་དེ་ཚོ་ག་ཚོད་བཏང་ཡང་ང་དེ་ལྟ་བའི་དུས་ཚོད་མེད། རང་གིས་ཀློག། འཆི་བ་ལ་སྐྲག་ནས་གཉིད་མི་ཁུག་མཁན་དེ་ཁྱེད་རང་རེད་མ་གཏོགས་ང་མ་རེད། ཁྱོེད་གྲྭ་བ་ལས་མེད་ཅིག་ལ་དུས་ཚོད་ཡོད་ཀྱང་ང་ལ་མེད།
འཆི་གྲབས་ཀྱི་ཚོར་སྣང་ཁག་ཅིག་འདི་ན་ཡོད།
http://www.youtube.com/watch?v=NPabMyVvC9s&feature=related
གཞན།
http://www.youtube.com/watch?v=6s9H7jcLTWs&feature=related
གཞན། འདི་ནི་བར་དོ་ཐོས་གྲོལ་ལས་བཤད་པ་ལྟ་བུ་ཞིག་ཀྱང་འདུག་བསམས།
http://www.youtube.com/watch?v=gb2afTpUu9g&feature=related
ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་དག་གིས་ཡོངས་སུ་ལོངས། །
ཕྱག་གཉིས་པ། ཨ་མེ་རི་ཁའི་ནང་ན་གྲྭ་རྐྱང་ཡིན་ཟེར་ནས་ཉལ་དབང་ཞིག་ག་ལ་ཡོད། ལྟོ་གོས་ཀྱི་དོན་དུ་རྒྱུག་རྒྱུག་འདུར་འདུར་བྱེད་དགོས་པ་གཅིག་མཚུངས་རེད། བུ་ཕྲུག་ཡོད་མཁན་ཚོར་ཕ་མའི་རོགས་དངུལ་སོགས་ཁེ་བཟང་མང་པོ་འདུག་ག མར་ལྷོད་ལྷོད་བྱས་ནས་སྐད་ཆ་ཁ་ཤས་ཤོད་ད།
འདི་ནི་ངོ་མ་གཞུང་ལས། དུ་བ་སྨིག་རྒྱུ་མཁའ་སྣང་མར་མེ་ལྟའི། །མཚན་མོའི་རྟགས་བཞི་མངོན་དུ་འགྱུར་བར་ཤོག །ཅེས་པ་དང་། ལས་ཀྱི་རྫུ་འཕྲུལ་མངོན་ཤེས་ཅན། །ཞེས་པའི་དཔེ་མཚོན་གསོན་པོ་ཞིག་རེད། མི་བདེན་བསམས་ན་རྡེག་གནོན་གྱིས།
http://www.youtube.com/watch?v=crRm9lIzRmg&feature=related
འདིའི་འཕྲོ་མཐུད་དེ་གཟིགས་ན་འདིར་ཡོད། འདི་མ་བདེན་པ་རེད། འཚོལ་སྔོགས་བརྙན་འཕྲིན་འདིའི་ནང་དུ་དོན་དངོས་གང་མང་ཞིག་ལྟ་མཁན་ལ་བརྒྱུད་སྒྲོག་བྱེད་བཞིན་འདུག
http://www.youtube.com/watch?v=DCn2ckvgLFE&feature=related
ད་ཁྱོད་མཆི་ཀར་འགྱོད་ཀྱང་ཕྱིས་དྲག་པ་རེད
འགྱོད་མི་འགྱོད་རང་གི་ཉམས་ལེན་ལ་རག་ལས། སྐྲག་མི་སྐྲག་རང་གི་བློ་སྤོབས་ལ་ཐུག་འདུག
རང་ཉིད་གཅིག་པོ་གློག་ཀླད་ཀྱི་གམ་ནས་འཇམ་ཅག་གེར་ལས་ཀ་ལ་བྲེལ་ནས་བསྡད་དུས་མཚམས་ལན་རེར་ཁ་བརྡ་ཚང་ལ་ཡོང་འདོད་ཆེ་གི
དེ་ནི་མ་གཞི་དུངས་ཞེན་ཞིག་གིས་རེད། བོད་སྐད་ཡིག་ལ་དུངས་པའི་རྐྱེན་གྱིས་རེད། ཡིན་ན་འང་ཁ་བརྡ་ཚང་ལ་ཁ་བྲལ་དུས་ང་རང་གཞི་ནས་འགྱོད་པ་ཞིག་གིས་དེད་ནས་ཡོང་གི། དེ་ནི་ཁ་བརྡའི་ནང་ཁ་འཛིང་བྱེད་རྒྱུར་དགའ་བ་དང་ལྷག་པར་དུ་མཆན་བུ་འདོགས་མཁན་རྣམ་གྱིས་རྩོམ་ཡིག་ལ་ཞིབ་དཔྱོད་མི་བྱེད་པར་ཧོལ་རྒྱུག་དང་ཧམ་བཤད་བྱེད་རྒྱུར་དགའ་བ་སོགས་རེད། ད་དུང་ཁོ་ཚོས་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློའི་བློ་འབྱེད་སྐོར་བཤད་མི་ཤེས་པའམ་ཡང་ན་བཤད་རྒྱུར་གོམས་མེད་པས་རྐྱེན་གྱིས་མཚམས་རེར་རང་ཉིད་འདིའི་ཁོར་ཡུག་ཏུ་ཡོང་བའང་འགྱོད་དགོས་པའི་ཚོར་རླབས་མང་བོ་ཡོང་གི་འདུག འདི་ནི་ངས་ངལ་གསོའི་གསོལ་ཇ་གང་གི་ཚབ་ཏུ་ཁ་བརྡ་ཚང་ལ་སོང་བའི་རྗེས་ཀྱི་དཀའ་ངལ་རེད།
མི་དང་མིའི་སེམས་ཁམས་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ཚེ་རྗེས་ཕྱོགས་ཐུགས་འཛེམ་གནང་རོགས། ང་ལྟ་བུའི་མི་བུ་ཉམ་ཆུང་ཚོ་ལ་ཐུགས་རྗེ་གནང་རོགས། ང་ལྟ་བུའི་བོད་མི་རྗེས་ལུས་ཚོ་ལ་ཕྱིར་མིག་གནང་རོགས།
ངས་ཁྱེད་ཚོར་རེ་བ་ཞུ་བཞིན་པ་ནི་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློ་གཏོང་རན་ཡོད་པའི་སྐོར་ཤོད་ཟེར་གྱིན་ཡོད།
ཁ་བརྡ་དྲ་ཚང་ཞེས་པའི་སྟག་ཚང་འདིའི་ནང་ལ་མི་ཉམ་ཆུང་ཞིག་ཡོང་ས་ཡོད་མ་རེད། ཁྱེད་རང་གི་གློ་ཁ་ནང་ནས་ཐོན་ཏེ་ཤི་གི་རེད། ཀླུ་སྨྱོན་ལ་ལྟོས་དང་། ཁོ་ལ་ཚང་མས་ཁ་རུབ་ལག་རུབ་བྱས་ནས་ཐེངས་དགུ་ལ་དྲན་པ་འཐོར། ཐེངས་དགུ་ལ་ཡར་ལངས་པ་རེད། ད་ཁོང་ངེད་ཚོའི་དྲ་དཔོན་རེད།
འདིའི་ནང་ས་འཛིན་མཁན་འདི་ཚོས་རྒྱབ་འདྲེ་རྐྱང་རྐྱང་བྱས་ཡོང་ནས་ས་བཟུང་བ་རེད། འདིའ་ནང་བསམ་ཤེས་བྱས་ཡོང་ས་ཡོད་མ་རེད། སྨྱོ་སྤྱོད་འཁྲབ་ནས་ཡོང་དགོས་རེད།