ཁ་ཆེན་དབང་ཆེན་ཚོའི་ཁ་ཡི་ནང་ན།།
ཕ་སྐད་དག་མ་ལ་རིན་ཐང་ཆུང་གི།།
ཁ་འཁྱམ་ཞི་ལི་ངའི་ཁ་ལྕེའི་བར་ནས།།
བོད་སྐད་གཙང་མ་དེ་བོར་འདོད་མི་འདུག།
ཨ་མའི་སེམས་ཁོང་ན་རིན་ཐང་བོར་བ།།
ཁ་བ་གངས་ཅན་པའི་སྐད་ཡིག་རེད་འདུག།
བུ་ཆུང་མི་ཚེ་ཡི་ལམ་སྣེ་འདྲེན་མཁན།།
ཡར་ཐོན་ཨ་རི་ཡི་སྐད་ཡིག་ཡིན་སོང་།།
བླ་མ་གོང་མ་ཚོས་གོང་ལ་བཀུར་བའི།།
རྒྱ་བོད་སོག་གསུམ་གྱི་སེམས་ན་འཁྲུངས་པའི།།
དམ་པའི་ལྷ་ཆོས་ནས་འཇིག་རྟེན་མི་ཆོས།།
དབྱངས་གསལ་སུམ་ཅུ་ཡི་སྲོག་ལ་ཞུགས་ཡོད།།
མཁས་པ་ཚོང་པ་ཚོས་ཁ་ལས་དགེ་བ།།
སྐྱ་སེར་བོད་པ་ཚོའི་འཆི་གསོན་ལས་དབང་།།
དབྱངས་གསལ་སོ་བཞི་ཡི་ཁོག་ལ་སྦྲུམ་པས།།
ཕ་སྐད་གཙང་མ་ཡི་ངག་དེ་ཡིན་སོང་།།
ཁྱོད་ལ་ཡབ་མེས་ཀྱི་རུས་ཤིག་ཡོད་ན།།
སྐད་དང་ཡི་གེ་གཉིས་སེམས་ནས་མ་དོར།།
ངེད་གཉིས་ཁྲག་རྒྱུན་དེ་གཅིག་ལས་མཆེད་ན།།
རང་གི་ཕ་སྐད་དེ་གཞན་ལ་མ་བཙོང་།།
ཨ་ཕའི་འགྲོ་རོགས་དེ་ཀ་ཁ་རེད་འདུག།
ཨ་མའི་སྐྱོ་རོགས་དེ་ཡིག་དྲུག་ཡིན་པས།།
ཁྱོད་དང་ངེད་གཉིས་ཀྱི་སྙིང་ལ་བརྐོས་པ།།
དབྱངས་གསལ་སོ་བཞི་ཡི་རྣམ་ཤེས་ཡིན་ངེས།།
ཚ་མོ་ཆུང་ཆུང་ལ་རྒྱ་སྐད་མ་སློབས།།
བོད་པའི་གཞིས་ཁྱིམ་ནས་དབྱིན་སྐད་མ་བཤད།།
གཞིས་བྱེས་བོད་མི་ཚོར་ངོ་ཚ་ཡོད་ན།།
རྗེས་ལུས་མིང་བྱང་དེ་དོར་ལ་རན་འདུག།
དུས་རབས་ཉི་ཤུ་ཡི་གདོང་ན་ལུས་པའི།།
དེང་རབས་བོད་པ་ཡི་ཁྲོམ་ན་ཉམས་པའི།།
སློབ་དཔོན་ཐོན་མི་ཡི་ལག་རྗེས་གསོན་པོ།།
ཁ་སང་དེ་རིང་གི་མྱི་ཚོས་བོར་འདུག།
ལ་ལས་དབྱིན་སྐད་དེ་མཁོ་རབས་ཟེར་གི།།
ཁ་ཅིག་བོད་ཡིག་དེ་ཁག་རབས་གླེང་ཡང་།།
ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་རིང་མོ།།
ང་ཡི་སེམས་ངོགས་ནས་གསུབ་འདོད་མི་འདུག།
ཁྱོད་ཀྱི་ཡབ་མེས་ཚོའི་འཚོ་བའི་ཀློང་ནས།།
རང་སྐད་གཙང་མ་ཡིས་རང་ཁ་སོས་འདུག།
ཁྱོད་དང་འུ་གཉིས་ཀྱི་ཁ་སང་དེ་རིང་།།
གཞན་སྐད་ཕ་སྐད་ལ་བསྲེས་འདི་སྐྱོ་གི།
དེ་རིང་ཁྲོམ་ནས་བོད་ཁྱིམ་སློབ་གྲྭ་ནས་ཡིན་པའི་སློབ་མ་ཁ་ཤས་རྕེད་མོར་གཡེང་བཞིན་པའི་སྐབས་སུ། ཁོང་ཚོ་དང་ལབ་གླེང་སྐབས། ཁོང་ཚོས་བོད་ཡིག་ཤེས་ཚད་ལས་དབྱིན་ཡིག་ཚེས་ཚད་ཡག་པོ་ཡོད་ཟེར་བ་དང་། ཁོང་ཚོ་བོད་ཡིག་སློབ་སྦྱོང་ལ་དགའ་བོ་མེད་ཞེས་བཤད་དུས་ཀྱི་ཚོར་བ་དེ་བྲིས་ཁུལ་ཡིན།
ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ་ལགས་རེབ་ཐོག་མདའ།
ཕ་སྐད་གོ་ན་ཡིད་སེམས་གསོ་བའི་སྐད།
ཡང་ཡང་གོ་ན་མ་དག་སྒྲ་ལོག་མང་།
སློབ་མ་འདྲེས་སྐད་ཅན་ལ་སྙིང་མ་རྗེ།།
ཕ་སྐད་གོ་བའི་ལས་དབང་འདི་ཚོར་མེད།
ཧ་ཅང་ཡག་པོ་འབྲི་འདུག་ཀྱང་། བོད་ཡིག་ཀློག་མཁན་ཧ་ཅང་མྱུང་མྱུང་རེད་།
ཕ་སྐད་དེ་རྒྱབ་ཏུ་བསྐྱུར་ནས།།
དབྱིན་སྐད་དེ་མདུན་དུ་བསུ་བ།།
བྱེས་འབྱོར་ན་ཧ་ཅང་མང་བས།།
ངོ་ཚ་ཞིག་འདི་རུ་ལྷག་ཡོད།།
ཕ་སྐད་ཁ་ལ་མེད་པའི་བོད་པ་མང་། །
ཕ་ས་སེམས་ན་མེད་པ་སྟོང་ཕྲག་རེ་། །
ཕ་མ་འདྲེས་མའི་བོད་མི་ཕྱེད་ཀ་མང་། །
ཕ་རྒན་ང་ཡི་སེམས་པ་བདེ་མ་ཡིན། །
ཁོར་ཡུག་གཞན་སྐད་བེད་སྤྱོད་ཆེ་དང་གཅིག །
ནང་ན་ཕ་མའི་སློབ་གསོ་མེད་དང་གཉིས། །
ཕྱི་ན་བོད་མི་འགྲོགས་རོགས་ཉུང་དང་གསུམ། །
མཚམས་རེར་བོད་ཕྲུག་འདི་ཚོ་ཇི་ཁག་དྲན། །