བསེ་རུ།
ཉེ་དུས་ཀྱི་གསར་འགྱུར་ཁག་ཏུ་ཐོན་པ་ལྟར་ན། རྒྱ་གཞུང་གིས་བོད་ནང་ཆུང་བྱིས་པ་ཡན་གྱི་སློབ་ཕྲུག་དང་། སློབ་གཉེར་བའི་སྡེ་ཁག་ལ་སུན་གཙེར་དང་། འཛིན་བཟུང་། བཙོན་འཇུག བཀག་ཉར། དྲི་བརྩད་སོགས་སྣ་ཚོགས་བྱས་ཏེ། འགྲོ་བ་མིའི་འགྲོ་བསྐྱོད་རང་དབང་དང་། བསམ་བློའི་རང་དབང་། སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཕྲོག་དང་འཕྲོག་མུས་ཡིན་པ་མ་ཟད། བོད་མི་ཡོད་དོ་ཅོག་གི་སྙིང་ལ་རྨ་ཁ་རིམ་པར་བཟོ་སྟངས་ལ་བལྟས་ན། རྒྱ་གཞུང་གིས་བོད་མི་ཚོར་སེམས་ཅན་དུད་འགྲོའི་བརྩི་མཐོང་ཙམ་ཡང་འཇོག་གི་མི་འདུག་སྙམ། གནས་སྟངས་འདི་དག་ཇེ་སྡུག་ཏུ་སོང་ན། བོད་ས་ཁྱོན་ཡོངས་སུ་སློབ་གཉེར་བའི་ཞི་བའི་ལས་འགུལ་ཆེན་པོ་ཞིག་མི་ཡོང་བའི་ངེས་པ་མི་འདུག་པས། སྐབས་དེ་དང་དེའི་དུས་ང་ཚོའི་མི་རིགས་འདིའི་འབྱུང་འགྱུར་གྱི་བདག་པོ་གཞོན་སྐྱེས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གི་ཚེ་སྲོག་དགྲ་བོའི་མཚོན་ཁར་ཤོར་བར་སོམ་ཉི་མེད། ཅིའི་ཕྱིར་ཞེ་ན། དེང་སྐབས་བོད་ནང་གི་སློབ་གཉེར་བའི་སྡེ་ཁག་ནང་འཆི་རྒྱུར་མི་སྐྲག་ཅེས་པའི་ཚིག་དེ་གཅིག་ནས་གཉིས་བརྒྱུད་ཀྱི་རྣ་བར་སིམ་སྟེ་སེམས་པ་ཇེ་མང་ནས་ཇེ་མང་གི་དབུས་སུ་ཐིམ་བཞིན་ཡོད་འདུག ངས་དྲ་ཐོག་ནས་བོད་ནང་གི་སློབ་ཆེན་པ་ཞིག་དང་འབྲེལ་བ་བྱེད་སྐབས། ཁོས་ཀྱང་འཆི་རྒྱུར་མི་སྐྲག་ཅེས་པའི་ཚིག་དེ་ང་ལ་དངོས་སུ་བཤད། ད་དུང་བོད་ནང་བོད་ཡིག་སྦྱོང་ས་ཡོད་མིན་ལ་མ་བལྟོས་པའི་བོད་ཕྲུག་ཡོད་སའི་སློབ་གྲྭ་མང་པོ་ཞིག་ཀྱང་གནས་ཚུལ་དེ་རིགས་ལ་ཁ་གཡར་ཏེ། སྒོ་རྒྱག་རྒྱུ་ཡིན་པ་ནི་དེ་བས་ཀྱང་སྨྲོས་ཅི་དགོས། ངོ་མ་བཤད་ན་ང་ཚོར་སྔར་ཡང་གྱོང་གུན་ཇེ་མང་ཕོག་ཡོད་ལ་དེང་སྐབས་ཀྱང་གྱོང་གུན་ཚབས་ཆེན་ཕོག་དང་ཕོག་མུས་ཡིན། མ་འོངས་པར་ཡང་ང་ཚོར་ཅིི་འདྲའི་གྱོང་གུན་ཆེན་པོ་ཞིག་ཕོག་ཉེན་མི་འདུག་གམ།
འོན་ཀྱང་། ང་ཚོ་ས་མཐའི་ཡུལ་ན་སྔར་རྒྱུན་བཞིན། སྐད་ཤོད་སྟངས་ཇི་འདྲ་ཡིན་ན་ཡང་གཡོལ་ཐབས་ཙམ་གྱི་ངག་རྒྱུན་ཞིག་མ་ཡིན་པར་དོན་དམ་དུ་གཞན་དབང་སྟབས་བསྟུན་ཞེས་པའི་ཐ་སྙད་དེའི་འོག་ཏུ་མགོ་བོ་སྒུར་བཞིན། ཆེ་ས་ནས་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད། གྲོང་ཁྱེར་ཆེ་ཁག་ལ་རྔམ་སྟོན་ཁྲོམ་སྐོར། རྒྱ་གཞུང་གི་གཞུང་ཚབ་ཁག་གི་གཡས་གཡོན་དུ་ངར་ངར་ཤོར་ཤོར་གྱི་སྐད་འབོད་བྱ་རྒྱུ། དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ། དེ་མིན་གསོལ་བ་སྨོན་ལམ་འདེབས་པ་དང་། རྗེས་དྲན་མཆོད་འབུལ་བྱས་ཏེ་སྐབས་དེ་དང་དེར་བཏོན་པའི་དགོས་འདུན་དང་། སྐབས་དེ་དེའི་བོད་ནང་གི་ཛ་དྲག་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་བྱས་པའི་ལོ་རྒྱུས་ཀྱི་རི་མོ་ཙམ་དུ་ཟད།
ང་ཚོས་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་ནང་དུ་སྤེལ་བའི་ལས་འགུལ་གྱི་ཁ་གྲངས་བརྩིས་ན་གང་མང་ཞིག་སྤེལ་ཡོད་ན་ཡང་། བོད་མི་རིགས་ཀྱི་རྩ་དོན་ཐོག་གྲུབ་འབྲས་འདི་ཡིན་ཞེས་ཐོན་མེད་པ་དེ་ཅི་ཡིས་ལན་པ་ཡིན་ནམ། གཞན་དབང་སྟབས་བསྟུན་ཟེར་བ་དེ་རང་ལ་ཐུག་པ་རེད་དམ། ཡང་ན་དོན་གྱི་བདག་པོ་གཞིས་ལུས་བོད་རྒྱ་ཆེའི་མི་མང་རྣམས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ།
མདོར་ན། ང་དང་ང་འདྲ་བའི་གང་ཟག་མི་ཉུང་བ་ཞིག་གི་ཀླད་པའི་ནང་དུ་དྲི་རྟགས་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་འདུག་ལ། འབྱུང་འགྱུར་གྱི་ལམ་ཕྲན་དེ་ནི་ཇེ་རྩུབ་ཇེ་རྩུབ་ཏུ་འགྲོ་རྒྱུ་ཡིན་མ་ཟད། གཡང་གཟར་གྱི་ལམ་འཕྲང་དང་འཇིགས་རུང་གི་འགག་འཕྲང་དེ་དག་ལ་སུས་ཀྱང་འཇིགས་པ་མེད་པར་ཤར་བསྐྱོད་བྱ་རྒྱུ་ཡིན་པ་སྨྲོས་མེད་མ་ཡིན་ནམ།།