སྣང་ཤེས།
གར་སྟེགས་སྟེང་ནས་གུ་ཡངས་དཀྱེལ་ཆེ་བཤད།།
སྐད་འཕྲིན་ནང་ནས་ཁྱོད་ཤི་ང་གསོན་ཟེར།།
མཛུབ་མོའི་རྩེ་ནས་རྒྱུག་པས་ལེབ་རྡུང་བྲིས།།
འདི་འདྲའི་འཇམ་བློ་གཅིག་གིས་ག་ལ་ཚད།།
ཡར་ལ་བཏུང་བ་ཆང་དང་ཐ་མག་རེད།།
མར་ལ་སྐྱུགས་པ་སྤུན་ཟླ་ནང་འཛིང་རེད།།
དོན་གྱི་དབབ་ས་ཆེ་འདོད་གྲགས་འདོད་རེད།།
འདི་འདྲའི་འཇམ་བློ་གཅིག་གིས་ག་ལ་ཚད།།
རེ་ལ་ཐུག་ཚེ་གཅིན་ལའང་བདུད་རྩི་ཟེར།།
གོ་སྐབས་རྙེད་ན་སྤུན་ཟླའང་དགྲ་རུ་ལྟ།།
བྱེད་ལུགས་ངན་རུང་རང་དོན་མི་འདོར་བ།།
འདི་འདྲའི་འཇམ་བློ་གཅིག་གིས་ག་ལ་ཚད།།
ཚིགས་བཅད་འགའ་རེ་བྲིས་ནས་མཁས་ཉམས་སྟོན།།
སྐད་ཆ་རྡོག་རེ་བཤད་ནས་མཛངས་ཉམས་སྟོན།།
དོན་ལ་དག་ཆའི་རང་མགོ་མི་ཐོན་པ།།
འདི་འདྲའི་འཇམ་བློ་གཅིག་གིས་ག་ལ་ཚད།།
གཞུང་རྒྱུས་ཟོས་ནས་སྐྱིད་པོ་བྱས་ཡོད་ཟེར།།
གཞན་གཡོག་རྒྱུགས་ནས་སྡུག་པོ་མྱང་འདུག་ཟེར།།
ཁྲམ་ལས་ཁྲོམ་ལ་ངོམ་པའི་གདོང་པགས་ཅན།།
འདི་འདྲའི་འཇམ་བློ་གཅིག་གིས་ག་ལ་ཚད།།
སྟོད་ལ་སེར་པོ་གྱོན་ནས་བླ་མར་བརྫུས།།
སྨད་ལ་དཀར་པོ་གྱོན་ནས་སྔགས་པར་བརྫུས།།
ཟབ་མོ་མི་ཤེས་ཟང་ཟིང་སྒྲོག་ལ་དགའ།།
འདི་འདྲའི་འཇམ་བློ་གཅིག་གིས་ག་ལ་ཚད།།
ད་ནི་མི་བཤད་བཤད་ནའང་མི་གོ་སྟེ།།
རྒྱལ་པོའི་བཀའ་དང་དབྱུག་པའི་དཔེ་དང་མཚུངས།།
ནམ་ཞིག་རྨོངས་པའི་རྒྱ་འདི་ཡོངས་གྲོལ་ནས།།
འཇམ་བློ་དེ་དག་ཤེས་རབ་སར་འཁོད་ཤོག །
ཤད་རྒྱབ་སྟངས་དང་། སྒྲོག་དང་སྒྲོགས་ཀྱི་ཁྱད་། གདོང་པགས་ཀྱི་དག་ཆ། བོད་ཡིག་སྲུང་བར་འདོད་ན། འདི་དག་ཤེས་དགོས་པ་གལ་ཆེ་ལགས།
གདོང་པགས་ཀྱི་དག་ཆ་འདི་མ་རེད་དམ། སྒྲོགས་ནི་སྒྲོག་གི་སྐུལ་ཚིག་ཡིན་པས་འདིར་སྒྲོག་བྲིས་པར་ནོར་བ་གང་ཡོད་དམ། གཞན་ཡང་ཤད་འཇོག་སྟངས་མ་འགྲིག་པ་གང་རེད་དམ། སློབ་སྟོན་གནང་རོགས།
གདོང་གི་པགས་པ་དང་། གདོང་ལྤགས། ལུག་གི་པགས་པ་དང་ལུག་ལྤགས་སྟེ། གདོང་དང་འབྲེལ་བའི་སྐབས་སུ་གདོང་ལྤགས་དང་གདོང་ནས་མར་བཀོག་ཚར་པའི་རྗེས་ལ་པགས་པ་རེད། གཞུང་རྙིང་དང་ལྷག་པར་དུ་སྨན་གཞུང་རྙིང་གྲས་ཁག་ཏུ་ལྤགས་ནད་ཅེས་འབྲི་བ་ལས། པགས་ནད་མི་འབོད་པ་བཞིན་ནོ། །
ཇོ་སྲས་ངག་དབང་ལགས། མན་ངག་རྒྱུད་ལས། རྩ་དཀར་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། པགས་པའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། བཅོས་པའི་ཐབས་དང་གསུམ་ཡོད་དེ། རྒྱུ་ནི་སྲིན་ནད་དང་ཆུ་སེར་གཉིས་འཕེལ་བ་ལ་གདོན་རྐྱེན་དང་བཅས་པས་འདུ་བ་གསུམ་སོགས་འཁྲུགས་པས་པགས་པའི་ནད་རྣམས་སྐྱེད་ཅིང༌། ཞེས་ལུང་དྲངས་འདུག་ན། འདིར་བཤད་པའི་པགས་པ་ལུས་ནས་བཤུས་ཟིན་པའི་པགས་པ་ལ་ནི་གོ་བ་འེ་ཡིན། དེ་ལྟར་ཡིན་ན་་་་་་
རྟའི་པགས་པ། རྟ་ལྤགས། པགས་པའི་ནད། ལྤགས་ནད། ལྷམ་སྒྲོག་གིས་སྒྲོག འབྲུག་སྒྲ་སྒྲོགས་པར་འགྱུར་རོ།
ཞེས་པ་རྣམས་བྲིས་སོ། འགྲིག་མེད་ན་རྩོད་གླེང་མཛོད།
ལ་དྭགས་པ་ལགས། དེར་རྒྱུ་མཚན་འདྲེན་རྒྱུ་ཡོད་དམ། རྩོད་གླེང་མི་བྱེད། བློ་སྐྱེད་ཞུ་འདོད་པ་ལས་གཞན་གང་ཡང་མིན།
སྣང་ཤེས་ལེགས
རྒྱུ་མཚན་མེད། བོད་སྐད་ཀྱི་འགྲོ་སྟངས་ཡིན། སྔར་ར་ལ་ས་མགོ་གསལ་པོར་འབོད། ད་ལྟར་ཡང་བོད་ལུང་དབེན་པ་དག་ཏུ་སྒྲ་གདངས་མ་ཉམས་པར་འདོན།
ལགས་སོ། བཀའ་དྲིན་ཆེ།
སྣང་ཤེས་ལགས། གུས་པའི་སྨན་གཞུང་རྙིང་པ་དང་བོད་སྐད་ཀྱི་བརྡའི་འགྲོ་སྟངས་ཐད་ནས་བཤད་ཡོད། ཁྱེད་ཀྱིས་གསུངས་པའི་མན་ངག་ཡོན་ཏན་གྱི་རྒྱུད་དེ་དུས་ནམ་ཞིག་གི་རེད། ཞུ་དག་དང་ཞུས་ཆེན་གྱི་ལོ་ཙཱ་བ་ག་ཚོད་ཅིག་བརྒྱུད་འདུག གྲ་ཐང་གི་པར་རེད། སྡེ་དགེའི་པར་རེད། བརྡའི་འགྲོས་དེ་བར་དུ་ཕྲད་ཡོད་མེད་ཀྱི་ཁྱད་པར་ཧ་ཅང་ཆེན་པོ་ཐོན་བཞིན་པ་གསལ་པོ་རེད། དེ་དག་གི་ཞིབ་ཆ་དག་ཡིག་རྣམས་སུ་མ་གསལ་བ་ཧ་ཅང་མང་པོ་མང་པོ་གདའ་གྲོགས་མཆོག སྐུ་རྩེད་ཡིན། ང་ལ་ཡང་ཁུངས་དང་ལུང་གི་མཐའ་བསྐྱལ་བའི་བློ་སྟོབས་མི་གདའ། ཧཧ
གནས་ཚུལ་ཆུང་ཆུང་འདི་འདྲ་ལ། ཁྱེད་ཚོ་རྩོད་པ་མ་རྒྱོབ་ཨང་། འབྲེལ་སྒྲ་ཡོད་ན་པགས་རྐྱང་ཕྲིས། འབྲེལ་སྒྲ་མེད་ན་ལ་ལྤགས་ཕྲིས། དེ་ནས་རྙོག་གྲ་རྫོགས་པ་རེད།
ད་འོ་ན་དག་ཡིག་དག་རྒྱུ་མེད། ཟེར་བ་དེའི་རིགས་ཡིན་པ་འདྲ། ཧ་ཧ་ཧ
“ཁྱེད་ཚོ་རྩོད་པ་མ་རྒྱོབ་ཨང་།” ཞེས་པར་ཡང་། བརྟག་དཔྱད་ཀྱི་རྩོད་པ་རྒྱབ་དགོས་པ་འདུག
ལ་དྭགས་པ་ལགས། རྩོད་པ་༼རྒྱབ༽་དགོས་པ་འདུག རེད་དམ། རྩོད་པ་༼རྒྱག་༽དགོས་པ་འདུག རེད། རྒྱབ་དང་བརྒྱབ་ལ་ཁྱད་གང་ཡོད།
དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ལས།
པགས་པ་དག་ནི་པགས་རྐྱང་ལ།། ལུས་ཀྱི་ལྤགས་པ་ལ་ལྤགས་ཡིན།། ཞེས་གསུངས་འདུག དེས་ན་མིང་། པགས་རིགས་གང་ཡང་རུང་བ་ཞིག་མཁོ་ལྟ་བུར། པགས་ཞེས་དང་། གཞི་དང་འབྲེལ་ཞིང་རྣམ་དབྱེ་དྲུག་པའི་ཕྲད་ཡོད་པར་ལྤགས་འབྲི་དགོས་པ་མ་ཡིན་ནམ་ལགས། འབྲུག་སྒྲ་སྒྲོགས་པར་འགྱུར་རོ།། ཞེས་པ། མ་འོངས་པ་ཡིན་ན། འབྲུག་སྒྲ་བསྒྲག་པར་འགྱུར་རོ།། མིན་ནམ་ལགས། སྒྲོག བསྒྲགས། བསྒྲག སྒྲོགས། རིམ་བཞིན་དུས་གསུམ་སྐུལ་ཚིག་ཏུ་མི་བཞེད་པ་ཨེ་ཡིན་ལགས།།
ལོ་བརྒྱ་སྔོན་བོད་མཁས་པས་བྲིས་པའི་དཔེ་ཆ་འགའ་ཞིག་བཀླགས་ཏེ། རྒྱག། ཅེས་པ་ཞིག་རྙེད་ན། བགྲོ་གླེང་ལ་ཕན་ནོ།
ལི་ཤི་གུར་ཁང་ན། རྒྱག ཅེས་ཡོད་ཀྱང་། དེ་ནི་རྒྱགས་པའི་དོན་ཏེ། ཚོང་ཁེ་བ་ན་རྒྱག་ཅིང་མཉམ་པ་དང་གྱོང་བྱུང་བ་ན་མི་རྒྱག ཅེས་སྐྱོགས་སྟོན་གྱིས་གསུངས།
ལ་དྭགས་པ་ལགས། ༼ལོ་བརྒྱ་སྔོན་༽དང་༼ལོ་བརྒྱའི་སྔོན་༽གཉིས་ལ་ཡང་ཁྱད་པར་གང་ཡོད། ད་ནི་རྩ་བ་རེ་ཞིག་བཞག་ནས་ཡལ་ཀ་ལ་གཙང་སེལ་བྱེད་དགོས་པའི་ཚད་དུ་འདུག་གོ
རང་རེ་དག་གིས་ཁྱད་ཆོས་དང་། ཁྱད་གཞི་གཉིས་ཀྱི་འགྲོ་སྟངས་བོད་མཁས་པས་བྲིས་པའི་དཔེ་གཞུང་ལ་བལྟས་ཏེ། ཤེས་དགོས་པ་གལ་ཆེའོ།