ཨོ་རྒྱན་ཉི་མ།
ཨོཾ་སྭཱ་སྟི།
བསླབ་གསུམ་དྲི་མེད་ས་བརྟོལ་ལྗོན་པའི་རྩེར། །
གཞན་ཕན་ཕྱིན་དྲུག་འབྲས་བུའི་ཕྱུག་ན་ཡང་། །
ལེགས་བྱས་དགེ་བའི་ཚོགས་ལ་རྟག་བརྩོན་པའི། །
འཇམ་མགོན་རྒྱལ་བ་གཉིས་པས་ཤིས་པ་སྩོལ། །
འདུལ་ཁྲིམས་པད་འདབ་གསར་བའི་ལང་ཚོ་ལ། །
ཉེས་བྱས་ཕྲ་བའི་རྡུལ་གྱིས་མ་གོས་ཤིང་། །
སྒྲུབ་བྱའི་གེ་སར་བཅུད་ལ་དགྱེས་པ་ཅན། །
དགེ་སྦྱོང་སྦྲང་རྩི་འཛིན་ཁྱེད་ནམ་ཡང་བསྟོད། །
འཕགས་བོད་གཞུང་ལུགས་མ་དྲོས་མཚོ་ཆེན་ལས། །
ལེགས་བཤད་བཅུད་བསྡུས་རིན་ཆེན་གཏེར་ཁ་དེས། །
གངས་ལྗོངས་རིགས་པའི་དབུལ་བ་སེལ་མཛད་པའི། །
བློ་བཟང་གྲགས་པའི་ཞབས་ལ་གཙུག་གིས་མཆོད། །
སྙན་འཇེབས་ཚིག་གི་གསེར་ཐག་ལ་འཁྲིལ་བའི། །
མདོ་སྔགས་ལྟ་བའི་ཕ་ལམ་རིན་ཆེན་དབྱིག །
མཁས་མང་དགེ་ལྡན་མགུལ་ན་མཛེས་པ་ཡི། །
གྲགས་པས་ས་སྟེང་འདི་ཡང་དོག་པོར་བྱས། །
ཉིད་ཀྱི་ལེགས་བཤད་རྡུལ་བྲལ་མེ་ལོང་ངོས། །
ཡུམ་ཆེན་ཤེས་རབ་ཕར་ཕྱིན་བཞིན་བཟང་མས། །
འགྲོ་ལ་བརྩེ་བས་འཛུམ་མདངས་གཡོས་ཙམ་གྱིས། །
དད་ལྡན་ཐར་པའི་གྲོང་དུ་ཐོད་ཀྱིས་སྐྱེལ། །
མཐའ་བྲལ་སྤྲོས་མཚན་དབེན་པའི་ནམ་མཁའ་ལ། །
རྟེན་འབྱུང་བསླུ་མེད་སྣང་བ་འཕྲོ་དང་ལྷན། །
རྣམ་དཀར་དགེ་ཚོགས་ལྕུག་ཕྲན་གསར་བའི་རྩེར། །
སྟོབས་བཅུའི་འབྲས་བུ་སྨིན་ལ་ངང་གིས་བྲེལ། །
སྲིད་ལས་ངེས་འབྱུང་རླུང་གིས་བསྐྱོད་པ་ཡི། །
བརྟན་ཐོབ་ཞི་ལྷག་ཟུང་འབྲེལ་གྲུ་ཆེན་ཡང་། །
སྟོང་ཉིད་སྙིང་རྗེ་དེད་དཔོན་ལ་བརྟེན་ནས། །
འགྲོ་ཀུན་འཁོར་མཚོ་སྒྲོལ་བྱེད་ལམ་གྱི་མཆོག །
ཐེག་པ་ཆེ་ཆུང་ལྟ་སྒོམ་གངས་རིའི་སྤོར། །
རྒྱུད་བཞིའི་གནད་བྱང་མཆེ་སྡེར་རབ་རྒྱས་ཤིང་། །
རིམ་གཉིས་ཉམས་ལེན་གཡུ་རལ་གསིག་པ་ན།
གསར་རྙིང་རི་དྭགས་མ་ལུས་མདུན་དུ་བརྡལ། །
སྔོན་བྱོན་འཕགས་བོད་མཁས་གྲུབ་ཕལ་མོ་ཆེའི། །
མདོ་སྔགས་ཕྱི་ནང་གྲུབ་མཐའི་རྣམ་གཞག་ཀུན། །
ཁོང་དུ་ཆུད་ཕྱིར་འབད་པ་བརྒྱ་ཕྲག་གིས། །
སྐུ་ཚེའི་འདུ་བྱེད་གཏོང་བའང་ཁྱེད་ཀྱིས་གནང་། །
ད་ནི་འདོད་ཡོན་བདུད་ཀྱི་གཡབ་མོ་འདིས། །
བཅོལ་ཆུང་སོ་སྐྱེས་བློ་འདི་བསླུས་ཏེ་ཐལ། །
དགོན་སྡེ་རྣམས་ཀྱིས་འདུ་ཁང་གང་ཆེ་ལས། །
བཤད་སྒྲུབ་རྒྱལ་མཚན་བསྡུར་མཁན་ཉིན་སྐར་ཙམ། །
ཁྱེད་ཀྱི་བསྟན་ཞབས་སྐྱེས་པར་མ་ནུས་ཀྱང་།
ལེགས་བཤད་ཉིང་བཅུད་འཐུང་ལ་དགའ་བ་ཡི། །
རིས་མེད་དམ་པའི་ཞབས་རྡུལ་སྤྱི་གཙུག་ཏུ། །
ཁུར་ལ་ཞུམ་མེད་འབྲོག་བན་དེ་ཡིས་ཕུལ། །
ཞེས་་པ་འདི་ནི་འཇམ་མགོན་ཙོང་ཁ་པ་བློ་བཟང་གྲགས་པ་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བར་ཆོས་ཀྱི་དགའ་སྟོན་དང་། མཆོད་སྤྲིན་གང་སར་སྤྲོ་བཞིན་པ་ལ་དགའ་བས་རབ་ཏུ་དད་པ་ཤཱཀྱའི་དགེ་བསྙེན་ཨོ་རྒྱན་ཉི་མ་འབོད་པས་ཟ་ཞོར་འཐུང་ཞོར་དུ་བྲིས་པའོ། །
སྐྱེ་དུས་ཕ་མར་རྒྱུ་ནོར་མེད་པའི་ཁྱེད།
ཚར་དུས་མི་ཡུལ་རིགས་པས་འཇལ་བ་ཁྱེད།
རྒས་དུས་བུ་ཕྲུག་ཐོས་པས་སྐྱོང་བ་ཁྱེད།
ག་དུས་ཡིན་རུང་སློབ་མར་གཅེས་པ་ཁྱོད།