ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་དང་།།
ཁྱད་པར་རྩ་གསུམ་རྒྱལ་བ་ཞི་ཁྲོ་ལྷ།།
ཆོས་སྐྱོང་རྒྱལ་པོ་གླིང་དཀར་དཔའ་ཐུལ་ཚོགས།།
སྙིགས་དུས་འགྲོ་ཁམས་འདྲེན་པར་སྙིང་ནས་གསོལ།།
སྐྱེ་བའི་མཐའ་མ་འཆི་བ་ཆོས་ཉིད་ཀྱང་།།
རྐྱེན་ལས་གློ་བུར་ལྷག་པའི་འབྱུང་དགྲ་ལས།།
མྱུར་ཏུ་ཐུགས་རྗེས་སྐྱོབ་ཅིག་དཀོན་མཆོག་གསུམ།།
ཕྱི་ཡི་འབྱུང་དགྲ་ས་གཡོ་ཆུ་མེ་རླུང་།།
ནང་གི་འབྱུང་དགྲ་རླུང་མཁྲིས་བད་ཚ་རིགས།།
གསང་བའི་འབྱུང་དགྲ་སེམས་ཀྱི་སྡུག་བསྔལ་རྣམས།།
མྱུར་དུ་བསལ་མཛོད་ཆོས་ལོངས་སྤྲུལ་སྐུ་གསུམ།།
ས་ཆུ་མེ་རླུང་རྟེན་འབྲེལ་ཉམས་པའི་མཐུས།།
གཡོ་འགུལ་འཇིག་རྟེན་གོ་ལ་ཆུང་ཆུང་འདི།།
ཤར་ལྷོ་ནུབ་བྱང་སྲིན་མོའི་སོ་ཕྲག་ནས།།
མི་འཇིགས་དབུགས་དབྱུང་སྩོལ་ཅིག་མཁའ་འགྲོ་ཚོགས།།
ཁྱད་པར་ཆོས་ཀྱིས་འཚོ་བའི་ཞིང་ཁམས་སུ།།
མི་འདོད་ལང་ཚོ་བཅོམ་པའི་བར་ཆད་རིགས།།
ནམ་ཡང་འབྱུང་བར་མེད་པའི་ཕྲིན་ལས་ཅན།།
ཆོས་སྐྱོང་རྒྱ་མཚོས་རྟག་ཏུ་མེལ་ཚེ་མཛོད།།
བླ་མ་རྒྱ་མཚོའི་སྐུ་ཚེ་བརྟན་གྱུར་ཅིག།
ཡི་དམ་རྒྱ་མཚོས་དངོས་གྲུབ་ཐོབ་གྱུར་ཅིག།
མཁའ་འགྲོ་རྒྱ་མཚོས་བར་ཆད་ཀུན་བསལ་ནས།།
ཆོས་སྐྱོང་རྒྱ་མཚོ་དགྱེས་བཞིན་སྐྱོང་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་ངན་པ་འམ། ཕྱི་ལོ་(༢༠༡༦/༤/༡༧)་ལ་འཇར་པན་ས་ཡོམ་གནོད་སྐྱོན་ཐེབས་པར་མཐོང་བའི་མོད་ལ་གང་ཤར་མྱ་ངན་གསོས་སྨན་དུ་དབྱིན་ཡུལ་ནས་ཤྲྰིས་སྙིང་ནས་སྨོན་པ་བཞིན་བྲིས་པར་དགེའོ།། །།
རྩ་གསུམ་ཀུན་འདུས་རོགས་འདོད་ཀྱང་།
འབྱུང་བའི་གོད་ཆགས་ག་ལ་བཏུབ།
ཞི་ཁྲོ་ལྷ་ཚོགས་སྐྱོབ་འདོད་ཀྱང་།
ས་ཆུའི་འཇིགས་པ་ག་ལ་བཏུབ།
ཨེ་མ་ཧོ་ཞེས་སྐྱེ་བུ་ཁྱེད།
བདེ་མོར་བཞུགས་ལ་མཆོད་ཆང་བཞེས།
ཡུལ་ལུང་པ་སྟོབས་འབྱོར་ཆེན་པོ་ཟེར་བ་དེ་ནམ་ཡིན་ཡང་སྐྱིད་པོ་རེད། ཉི་ཧོང་དང་ཐའེ་ཝན་ལྟ་བུར་འབྱུང་བའི་འཇིགས་པ་ཕྲན་བུ་རེ་བྱུང་ན་ཡང་གདུང་གླུང་དང་སྐྱོ་མགུར་ཆར་བ་འབབ་འབབ་རེད། ཧྥ་རན་སི་ལྟ་བུ་ཡོ་རུབ་ཀྱི་ཡུལ་ལ་རྐྱེན་ངན་ཞིག་བྱུང་ན་དེ་མ་ཐག་ཏུ་རང་རང་ལ་རྐྱེན་ངན་དེ་བྱུང་བ་ལྟ་བུར་སེམས་འཚབ་བྱེད། གདུང་སེམས་མཉམ་སྐྱེད་བྱེད་མཁན་མང་པོ་རེད། ཧྥེ་གླིང་སོགས་སུ་མུ་གེ་དང་ནད་ཡམ་གྱིས་མི་སྲོག་གྲངས་ལས་འདས་པ་ཉི་མ་རེ་རེ་བཞིན་དུ་ཤོར་གྱིན་ཡོད་པ་དང་། ཨེ་ཤེ་ཡའི་ཡུལ་མང་པོར་ཡང་དབུལ་ཕོངས་དང་། དམངས་ཁྲོད་གདུག་རྩུབ་གྱིས་འཇིགས་པས་སྐྱེ་བོ་གྲངས་ལས་འདས་པ་མནར་བཞིན་པ་དང་། དབུས་ཤར་ཡུལ་སོགས་ལ་ཕལ་ཆེར་ཉིན་རེ་བཞིན་དུ་འཇིགས་སྐུལ་བའི་འཇིགས་པ་དང་། དམག་འཁྲུགས་ཀྱི་འཇིགས་པས་མི་སྲོག་བརྒྱ་ཕྲག་མང་པོ་ཤོར་གི་ཡོད་ན་ཡང་གདུང་སེམས་མཉམ་སྐྱེད་བྱེད་མཁན་མེད་པའི་སྟེང་ལ་ཕལ་མོ་ཆེའི་རྗེས་སུ་ཡི་རང་ཡང་བྱེད་ཀྱིན་ཡོད་པ་ལྟ་བུར་མཐོང་། སྤྱིར་མི་ཟེར་བ་དེ་དྲང་པོ་མ་རེད། དེ་སྐྱོ་བོ་རེད། རྩོམ་པ་པོ་འདི་སྒེར་ལ་ཞུས་པ་ནི་གང་ཡང་མིན།
སྤོབས་པ་ལགས།
དབུས་གཙང་ཀྱི་གཏམ་དཔེར། པད་འཛོམས་ངུས་པར་རྣམ་རྟོག་མེད་ཟེར། རྒྱུ་མཚན་ནི་བུ་མོ་པད་འཛོམས་ཀྱིས་དགའ་སྐྱོ་གང་བྱུང་ཡང་ངུ་བ་དང་། ལྷག་པར་དུ་འཁྲིག་པ་སྤྱོད་དུས་དེ་བས་ཤུགས་ཆེན་པོ་ངུ་བར་བརྟེན། མི་གཞན་རྣམས་ཀྱི་ཁོ་མོའི་ངུ་སྐད་ལ་ཅི་མི་སྙམ་པར་བཏང་སྙོམས་ལ་ཞོག་ཟེར་བ་ལྟ་བུ་རེད།
དེ་བཞིན་ཤར་དཀྱིལ་གྱི་ཡུལ་གྲུ་དག་ལ་མི་གསོད་རྟ་ཁྱེར་ནི་རྒྱུན་གཏན་ཡིན་སྟབས། མི་ཚང་མ་གོམས་པ་ལྟ་བུ་ཆགས་འདུག ཉི་ཧོང་ལ་ལོ་ལྟར་ས་འགུལ་བྱུང་ན། ནམ་ཞིག་དེ་ལྟར་འགྱུར་ངེས། དེ་དཔལ་འབྱོར་གནང་སྟངས་དང་འབྲེལ་བ་དེ་ཙམ་མེད་པར། གནས་ཚུལ་དེ་རྒྱུན་གཏན་ཡིན་མིན་དང་འབྲེལ་བ་ཆེ་ཙམ་འདུག གུས་པའི་བསམ་འཆར་ཙམ་ཡིན་ལགས།
སྤོབས་མཐའ་ལགས་ཁྱེད་རང་ཡ་མཚན་དགོས་དོན་མེད།
ནང་བསྟན་རྒྱུད་འཛིན་པ་དག་གིས་རྒྱལ་སྲས་བྱང་སེམས་རྣམས་ནི་དགྲ་གཉེན་ཉེ་རིང་མེད་པར་བརྩེ་བ་ལ་ཕྱོགས་ལྷུང་མེད་ཟེར། འོན་ཀྱང་དད་པའི་ཨ་ལོང་མེད་ན་འདྲེན་པའི་ལྕགས་ཀྱུ་མེད་ཟེར། འདིས་བསྟན་དོན་དྲང་བྱ་དང་འདྲེན་བྱེད་བར་ན་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་འབྲེལ་དགོས་ལུགས་བསྟན་ཡོད། དེས་ན་འཇར་པན་དང་ཐའེ་ལྦན་ཕྱུག་མིན་ལ་འབྲེལ་བ་མེད་པར་ང་ཚོ་ལ་རྒྱུས་མངའ་ཡོད་པ་དང་དུས་རྒྱུན་འཚོ་བའི་ཁྲོད་འབྲེལ་འདྲིས་ཆེ་བ་སོགས་ཀྱིས་ཤུགས་རྐྱེན་ཡིན་རྒྱུ་རེད། གཉིས་ནས་དུས་རྒྱུན་མི་རིགས་ཉམ་ཆུང་དང་ཞི་བདེ་ཡིན་སྟབས་དེ་ལ་རང་བཞིན་གྱིས་དུང་བ་ནི་མི་རྣམས་བདེ་སྐྱིད་ལ་དགའ་བ་དང་སེམས་གཏིང་ན་བརྩེ་བ་རང་ཆས་སུ་ཡོད་མཚོན་ཡོད།
བླ་མ་རྒྱ་མཚོ་།
ཡིད་དམ་རྒྱ་མཚོ་།
མཁའ་འགྲོ་རྒྱ་མཚོ་།
ཆོས་སྐྱོང་རྒྱ་མཚོ་།
རྒྱ་མཚོ་བཞི་གི་འབྱུང་བའི་གནོད་ཚེ་བཀག་མ་ཐུབ་པ་ཡིན་ནམ་།