འཇིགས་མེད་བློ་གྲོས།
བརྙས་བཅོས་བརྡེག་འཁྲིག་སྲོག་གི་འཇིགས་པའི་ཚོགས།།
སྐད་ཅིག་དྲན་པས་ཞི་མཛད་ཟླ་བའི་ཞལ།།
བྱམས་བརྩེའི་སྤྱན་གྱིས་མཛེས་པ་གང་དེ་ཡིས།།
ཉམ་ཆུང་བུད་མེད་འདི་དག་སྲུང་གྱུར་ཅིག །
འབུར་རྒྱས་བྲང་དང་ཟླུམ་སྒོང་དབྱིབས་ལེགས་འཕོངས།།
པད་དཀར་མདངས་ལྡན་ཞལ་དང་རི་དྭགས་མིག །
ཚངས་པའི་དབྱངས་བཅས་གླང་མོའི་འགྲོས་བསྟེན་པའི།།
ངེས་དོན་མཛེས་མའི་ཚོགས་རྣམས་རྒྱལ་གྱུར་ཅིག །
ན་ནིང་ཨ་རིའི་སི་ཊན་ཕོརཊ་སློབ་ཆེན་༼Stanford University School of Medicine༽གྱི་ཉམས་ཞིབ་པ་འགས་ཚན་རིག་ཞིབ་འཇུག་བྱས་པར། ཕ་ཁོ་ན་ལས་བུ་ལ་ཐོབ་པའི་རིགས་རྫས་ Y-Chromosom ཟེར་བ་དང་། མ་འབའ་ཞིག་ལས་བུ་རྒྱུད་ལ་ཐོབ་པའི་རིགས་རྫས་ Mitochondria ཟེར་བ་གཉིས་ཀྱི་གོ་རིམ་ལ་དཔྱད་པ་ལས། ཕ་ལས་ཐོབ་པའི་རིགས་རྫས་དེ་ཉིད་མ་ལས་ཐོབ་པའི་རིགས་རྫས་དེ་ལས། ལོ་ངོ་སྟོང་ཕྲག་འགའ་ཞིག་གིས་སྔོན་དུ་བྱུང་བའི་གྲུབ་དོན་རྙེད་དེ། སྐྱེས་པའི་དང་པོ་དེ་ད་ནས་བརྩིས་པའི་ལོ་ངོ་ ༡༢༠,༠༠༠ ནས་ ༡༥༦,༠༠༠ གི་བར་མཚམས་སུ་བྱུང་བ་དང་། བུད་མེད་ཀྱི་དང་པོ་དེ་ད་ནས་བརྩིས་པའི་ལོ་ངོ་ ༩༩,༠༠༠ ནས་ ༡༤༨,༠༠༠ ཀྱི་བར་མཚམས་སུ་བྱུང་བ་ར་འཕྲོད་ནས་སྐྱེས་པ་སྔོན་དང་བུད་མེད་མཇུག་གི་གོ་རིིམ་གཏན་འཁེལ་བྱས།
ཚན་རིག་པས་འདི་ལྟར་སྐྱེས་པ་སྔོན་དང་བུད་མེད་མཇུག་གི་གྲུབ་དོན་གཏན་འབེབ་བྱས་ཤིང་། བྱ་དེ་སྔོན་དང་སྒོ་ང་མཇུག་གི་རིམ་པ་ཡང་གཏན་འཁེལ་བྱས་ཟིན་མོད། འོན་ཀྱང་གོ་སྐབས་དང་རང་དབང་གི་ཆ་ནས་སྐྱེས་པ་སྔོན་དང་བུད་མེད་མཇུག་གི་གྲལ་རིམ་འདི་ད་དུང་ཡང་བཤིག་མ་ཐུབ་པར་ལྷག་ཡོད།
མཚན་མོའི་མལ་ནང་དུ་འཁྲིག་པ་བསྟེན་པའི་བྱ་བ་ནས་གསེར་གྱི་ཁྲི་སྟེང་ནས་རྒྱལ་ཁབ་སྐྱོང་བའི་བྱ་བའི་བར་གྱི་གོ་རིམ་ཡོད་ཚད་ཁྲོད་སྐྱེས་པ་སྟེང་དང་བུད་མེད་འོག་ཏུ་སྡོད་དགོས་ཤིང་། ལམ་ལུགས་འདི་སྐྱེས་པ་དང་བུད་མེད་ཀྱི་ལུས་ཀྱི་ཆགས་བབ་མི་འདྲ་བ་དང་། དེ་དང་འབྲེལ་བའི་སེམས་ཁམས་ཀྱི་འཁྱེར་སོ་ཐ་དད་དུ་གྱུར་པའི་རྒྱུ་རྐྱེན་འདི་ཁོ་ནས་གྲུབ་པ་ཞིག་ཡིན་མི་སྲིད་པར། ལམ་ལུགས་འདི་ཇི་ལྟར་བྱུང་བའི་གསང་བ་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་གཞན་དག་གི་རིགས་ཤིག་ཀྱང་ངེས་པར་དུ་ཡོད་སྲིད་པར་སྙམ་ལ། འཇིག་རྟེན་འཕེལ་འགྱུར་གྱི་གོ་རིམ་ཁྲོད་སྐྱེས་པ་སྔོན་དང་བུད་མེད་མཇུག་གི་གྲུབ་རིམ་འདིས་ཀྱང་འཚོ་གནས་ཀྱི་དབང་ཆ་དང་གོ་སྐབས་ཕལ་ཆེར་སྐྱེས་པར་ཤོར་དགོས་པའི་གནས་བབ་བསྐྲུན་པའང་སྲིད།
གང་ལྟར་བུད་མེད་རྣམས་འཇིག་རྟེན་ཐོག་གསར་དུ་བསླེབས་པ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་སྐྱེས་པ་རྣམས་ཀྱིས་མྱང་མི་དགོས་པའི་རང་བྱུང་དང་རང་བྱུང་མ་ཡིན་པའི་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་ཞིག་མྱངས་དང་མྱོང་བཞིན་ཡོད་ཅིང་། ལྷག་ཏུ་ཆོས་ལུགས་སུ་བསྙད་པའི་སྲོལ་ངན་དང་གནའ་བོའི་གོམས་སྲོལ་གྱི་རིགས་ཤིག་ལ་བརྟེན་ནས་སྐྱེས་པ་དང་བུད་མེད་ཀྱི་དབར་གོ་སྐབས་དང་རང་དབང་ལ་མཐོ་དམན་དང་སྟེང་འོག་གི་ཁྱད་པར་བཅོས་པ་ལས་བྱུང་བའི་རང་བྱུང་མིན་པའི་སྡུག་བསྔལ་དཔག་ཏུ་མེད་པས་ཉམ་ཆུང་བུད་མེད་རྣམས་ཀྱི་ལུས་སེམས་མནར་བཞིན་ཡོད།
རང་བྱུང་མིན་པའི་སྡུག་བསྔལ་འདི་དག་ཀྱང་མཐར་གཏུགས་ན་སྐྱེས་པ་རྣམས་ཀྱིས་འཁྲིག་བདེ་དང་འབྲེལ་བའི་ཚོར་བའི་དགོས་མཁོ་སྐོང་བའི་དོན་དུ་རང་གི་འདོད་དབང་གིས་བཅས་པའི་སྲོལ་ངན་ཁོ་ནར་སྣང་སྟེ། འཁྲིག་བདེ་དོན་གཉེར་གྱི་ཆེད་དུ་འཇིག་རྟེན་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་སྟོན་པའི་ལྟ་གྲུབ་དང་ཆོས་ལུགས་སྲོལ་གཏོད་བྱེད་པའི་ཆེས་རྫབ་ཆེན་གྱི་བློ་ཁོག་སྟོན་པའི་བླུན་སྤྱོད་ཀྱང་དྲང་སྲོང་ཡིན་ཟེར་མཁན་དང་སྒོམ་སྒྲུབ་པ་ཡིན་ཟེར་མཁན་གྱི་སྐྱེས་པ་དག་ལ་སྔོན་གྱི་དུས་སུ་བྱུང་མྱོང་ཞིང་། ད་ལྟའི་དུས་སུ་ཡང་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་འཁྱེར་ཞིང་བུད་མེད་དོན་གཉེར་གྱི་བསམ་པ་ཁོག་ལ་བཅངས་ཏེ། ཆོས་ལུགས་ཀྱི་སྲོལ་རྒྱུན་དུ་བསྙད་ཅིང་དོན་སྙིང་ཆོས་དང་མ་འབྲེལ་བའི་བྱེད་སྒོ་རྫུན་མ་སྣ་ཚོགས་ཀྱི་ཐབས་ལམ་སྤྱད་དེ་ཤེས་མེད་ཉམ་ཆུང་བུད་མེད་བསླུ་བྲིད་བྱེད་པའི་ཟོག་རྫུ་མང་དུ་འབྱུང་བཞིན་པ་ཡིན།
འཛམ་གླིང་ནང་ཆེས་དབུལ་ཕོངས་ཀྱི་གསུམ་ཆ་གཉིས་བུད་མེད་ཡིན་པ་དང་། སྐྱབས་བཅོལ་བའི་བརྒྱ་ཆ་བརྒྱད་ཅུ་ཙམ་བུད་མེད་ཡིན། བུད་མེད་ཀྱི་བཞི་ཆ་གཅིག་ནི་གདུབ་རྩུབ་ཀྱི་རྡུང་རྡེག་གཏོང་ཡུལ་དང་བཙན་གཡེམ་གྱི་གནོད་འཚེ་ཕོག་མཁན་དུ་གྱུར་ཡོད་ཅིང་། སྨྱོ་རྫས་དང་གོ་མཚོན་གྱི་རྗེས་ནས་ཁྲིམས་འགལ་གྱི་ནག་འཚོང་ཨང་གསུམ་པ་དེ་ཡང་བུད་མེད་དང་བྱིས་པ་ཉོ་འཚོང་གི་ནག་འཚོང་དེ་ཡིན་པར་བཤད།
གཞན་གྱི་མགོ་སྐོར་དང་བསླུ་བྲིད། བཙན་ཤེད་སོགས་ལ་བརྟེན་ནས་སྨད་འཚོང་གི་ལས་ལ་ཞུགས་པའི་བུད་མེད་རྣམས་ཀྱིས་མ་མྱངས་པའི་སྡུག་བསྔལ་ཞིག་མེད། སྲབ་ལ་འཇམ་པའི་བརླ་ཤ་དང་བྲང་ཤའི་ཤུན་ལྤགས་བརྩེ་མེད་སྐྱེས་པ་འགའ་ཡི་ཐ་མག་གི་མེ་སྟག་གསོད་རྟེན་དུ་སྤྱད་མྱོང་ལ། མོ་མཚན་གྱི་བུ་ག་ཕྲ་མོ་ཤེལ་གྱི་དམ་བི་དང་དབྱུག་པ་སོགས་རྩུབ་རེག་གི་དངོས་པོ་རྒྱུ་སའི་རྩེད་ཆས་ཀྱི་ཨི་ཁུང་ཙམ་དུ་ཡང་གྱུར་མྱོང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་སྒོ་ཁ་རྣམས་སུ་བསམ་མེད་འབྱོར་ལྡན་འགའ་ཡིས་ཞག་ཅིག་སྐྱིད་པོ་གཏོང་བའི་བྲན་གཡོག་གི་ཚུལ་གྱིས་འགྲིམས་ཏེ་རྡུང་བརྡེག་དང་སྨོད་ཚིག བརྙས་བཅོས་དང་མཐོང་ཆུང་སོགས་ཀྱི་དཀའ་སྡུག་གི་བྲོ་བ་ཡོད་ཚད་མྱོང་བཞིན་ཡོད།
བུད་མེད་ནག་འཚོང་བཀག་འགོག་གི་ལས་དོན་ཤུགས་ཆེ་སྒྲུབ་པའི་རྒྱ་གར་བའི་བུད་མེད་གུབ་ཏ་ཡིས། སྤྱི་ལོ་༢༠༡༡ ལོའི་སྤྱི་ཟླ་༡ ཚེས་༨ ཉིན་གྲོང་ཁྱེར་ལྡི་ལིའི་ཏཇ་པེ་ལེསི་མགྲོན་ཁང་གི་མམ་ཏཛ་མ་ཧོལ་ཚོགས་ཁང་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁོ་མོ་བརྒྱུད་སྨད་འཚོང་མ་ཟུར་པ་ཞིག་གིས་བསྐུར་བའི་དྲི་བ། ང་ཚོས་སྐྱེས་པ་རྣམས་ཅུང་ཟད་འཚེ་བ་མེད་པའི་མི་ཞིག་ཏུ་ཇི་ལྟར་བསྒྱུར་ཐུབ་བམ། ཞེས་པ་འདི་ཕུལ་བར། ༸གོང་ས་མཆོག་ནས་ཤེས་ཡོན་དང་སྙིང་རྗེ་ཟུང་འབྲེལ་གྱི་སློབ་གསོ་ཞིག་གི་རྨང་གཞིའི་འོག་ནས་འབྲེལ་ཡོད་ཀྱི་དཀའ་ངལ་སེལ་དགོས་ཤིང་། དཀའ་ངལ་དེ་དག་སེལ་ཐབས་ལ་རིན་ཆེན་རིལ་བུ་ལྟ་བུའི་སྟབས་བདེའི་ཐབས་ལམ་རྡོག་རྡོག་ཅིག་བསྟན་དུ་མེད་པར་རྒྱུ་རྐྱེན་སྣེ་མང་གི་འདུ་ཚོགས་ལ་བརྟེན་ཡོད་པའི་དགོངས་ཚུལ་གསུངས། ལྷག་དོན་རྒྱ་གར་ནང་སྲོལ་རྒྱུན་ཆོས་ལུགས་ཀྱི་ལྟ་སྟངས་དང་འབྲེལ་བའི་བུད་མེད་ལ་གདེང་འཇོག་བྱེད་སྲོལ་དེར་འགྱུར་བ་ངེས་ཅན་ཞིག་ཐེབས་དགོས་པ་དང་། དུས་ཚོད་ཡོལ་ཟིན་པའི་རིགས་རུས་དང་བུད་མེད་ལ་འཛིན་པའི་འདུ་ཤེས་ངན་པ་དེར་ཆོས་ལུགས་བླ་ཆེན་ཚོས་ཁ་སངས་པོས་མི་མང་ལ་གསལ་བཤད་དང་འགྲེལ་བཤད་བྱས་ཏེ་བཅོས་བསྒྱུར་བྱེད་དགོས་བའི་དགོངས་ཚུལ་གསུངས།
རྒྱ་གར་བའི་སྐྱེས་པ་དང་བུད་མེད་ཀྱི་གོ་ཐོབ་མི་འདྲ་བ་དང་རིགས་རུས་མཐོ་དམན་གྱི་ལྟ་སྟངས་འདི་ཉིད་སྲོལ་རྒྱུན་གྱི་གོམས་སྲོལ་ཅིག་ལ་ཤུགས་ཆེར་བརྟེན་ཡོད་སྟབས། ཆོས་ལུགས་བླ་ཆེན་ཚོས་བཅོས་སྒྱུར་གྱི་ལས་དོན་ཤུགས་ཆེ་བསྒྲུབ་དགོས་པ་དངོས་ཡོད་ཡིན་མོད། ཉེ་དུས་ལོ་རྒན་བརྒྱད་ཅུ་བརྒལ་བའི་ཧིན་དུའི་བླ་མ་ཨ་ས་རམ་ལྟ་བུ་ལོ་ཆུང་བུད་མེད་བཙན་གཡེམ་གྱི་དོན་རྐྱེན་ཅིག་གི་ནང་ནས་ལངས་རྒྱུ་མེད་པར་གྱུར་ཡོད་པ་དེས་ཆོས་ལུགས་ཀྱི་བླ་ཆེན་ཁག་གིས་ཀྱང་སྟབས་བདེ་པོས་བཅོས་སྒྱུར་མི་ཐུབ་པ་གསལ་པོར་བསྟན་ཡོད།
སྐྱེས་པ་དང་མི་འདྲ་བར་བུད་མེད་རྣམས་ལ་མཚན་མ་དང་འབྲེལ་བའི་རང་བྱུང་གི་སྡུག་བསྔལ་མང་པོ་ཞིག་ཡོད་ཀྱང་། ལོ་ཆུང་བྱིས་པའི་དུས་ནས་བྱ་ལེ་གཅོད་འབྲེག་བྱེད་པའི་སྡུག་བསྔལ་འདི་ནི་མི་རྣམས་ཀྱིས་ཆེད་དུ་བཟོས་པ་ཞིག་ཡིན། གླིང་ཆེན་ཨ་ཕི་རི་ཀའི་རྒྱལ་ཁབ་ཉི་ཤུ་ལྷག་དང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཅིག དེ་བཞིན་ཨེ་ཤེ་ཡའི་ས་ཁུལ་འགའ་ཞིག་ཏུ་ད་ལྟ་ཡང་ལོ་ཆུང་བུད་མེད་རྣམས་ཀྱི་བྱ་ལེ་གཅོད་འབྲེག་གི་རྒྱུན་སྲོལ་འདི་ཉིད་ལག་བསྟར་བྱེད་བཞིན་ཡོད་ཅིང་། ན་ནིང་ལོའི་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་ལྟར་ན། འཛམ་གླིང་ཁྱོན་ཡོངས་སུ་བྱ་ལེ་གཅོད་འབྲེག་གི་མཇུག་འབྲས་ངན་པའི་ནང་གནས་པའི་བུད་མེད་ས་ཡ་བརྒྱ་དང་བཞི་བཅུ་ཙམ་ཡོད་པར་བཤད། བྱ་ལེའམ་མོ་མཚན་གྱི་ཕྱི་ལྤགས་གཅོད་འབྲེག་གི་སྡུག་བསྔལ་ནི་བཟོད་གླགས་མེད་ཅིང་བུད་མེད་འགའ་རེ་ཟུག་གཟེར་གྱིས་འཆི་བར་འགྱུར་ལ། ཆགས་པའི་བདེ་སྐྱིད་དོན་གཉེར་གྱི་འདུན་པ་་ཤུགས་ཆེ་བའི་སེམས་གཤིས་ཀྱི་ཆ་ནས་བུད་མེད་རྣམས་ལ་བྱ་ལེ་རྩ་ཆད་ལ་སོང་བའི་སྡུག་བསྔལ་ནི་ཤིན་ཏུ་ལྕི་བར་སྙམ།
སྐྱེས་པ་འདས་གྲོངས་ཀྱི་ཤུལ་དུ་བུད་མེད་རྣམས་ཁེར་བུར་འཚོ་དགོས་པའི་སྡུག་བསྔལ་དེ་ནི་རང་བྱུང་ཞིག་ཡིན་ཡང་། སྐྱེས་པའི་ཕུང་པོ་སྲེག་ཤུལ་གྱི་མེ་ལྕེར་གསོན་སྲེག་བྱེད་པ་དང་། སྐྱེས་པའི་ཕུང་པོ་སྦས་ཤུལ་གྱི་དུར་ཁུང་དུ་གསོན་སྦས་གྱི་ཚོར་བ་མྱོང་བའི་སྡུག་བསྔལ་ནི་ཆོས་ལུགས་དང་གོམས་སྲོལ་གྱིས་ཆེད་དུ་བཟོས་པ་ཞིག་ཡིན། སྔོན་གྱི་རིག་བྱེད་པའི་ཡི་གེ་རྙིང་པ་རྣམས་སུ་སྐྱེས་པ་གྲོངས་ཤུལ་དུ་བུད་མེད་ལྕེབ་དགོས་པའི་ཆོས་ལུགས་ཀྱི་ཁྲིམས་ལུགས་བཅད་ཡོད་མིན་ལ་མི་ལྟོས་པར། རྒྱ་གར་བའི་དུར་མཆོད་ཀྱི་སྲོལ་རྒྱུན་ནང་སྐྱེས་པའི་དུར་ཤུལ་དུ་བུད་མེད་ལྕེབ་དགོས་པའི་ལམ་ལུགས་ཤིག་བྱུང་སྟེ། ཉམ་ཆུང་བུད་མེད་ཤིན་ཏུ་མང་པོ་ཞིག་གསོན་སྲེག་བྱས་ཡོད།
དེང་སང་སྐྱེས་པ་འདས་ཤུལ་དུ་བུད་མེད་གསོན་སྲེག་བྱེད་པའི་སྲོལ་རྒྱུན་རྙིང་པ་དེ་ཚོ་ཕལ་ཆེར་མེད་པར་གྱུར་ཟིན་ཀྱང་། རྒྱ་གར་དང་སིར་ལང་ཀ། བལ་ཡུལ། པ་ཀི་སི་ཐན་སོགས་སུ་བུད་མེད་རྣམས་ཀྱིས་རང་ཉིད་མནའ་མར་འགྲོ་སའི་སྐྱེས་པའི་ཁྱིམ་རྒྱུད་ལ་འཇལ་དགོས་པའི་ཆང་སའི་ཐོབ་སྐལ་འཛོམས་མིན་ལས་སྐྱེས་པ་དང་སྐྱེས་པའི་ཉེ་འབྲེལ་རྣམས་ཀྱི་བརྙས་བཅོས་དང་སྡུག་སྦྱོང་གིས་བུད་མེད་རང་ཤི་རྒྱག་པའི་གནས་སྟངས་ནི་མང་དུ་འགྲོ་བཞིན་ཡོད། རྒྱ་གར་ནང་ ༢༠༡༠ གཅིག་པུར་དོན་རྐྱེན་འདི་ཁོ་ན་དང་འབྲེལ་ནས་འདས་གྲོངས་སུ་གྱུར་པའི་བུད་མེད་ ༨༣༩༡ ཙམ་བྱུང་ཡོད་ཅིང་ད་དུང་ཞུ་གཏུགས་མ་ཐུབ་པར་ལྷག་པའི་དོན་རྐྱེན་ནི་འདི་ལས་ཀྱང་མང་བ་ཡོད་སྲིད། རྒྱལ་ཚོགས་བྱིས་པའི་ཛ་དྲག་ཐེབས་རྩའི་སྙན་ཐོ་ལྟར་ན་རྒྱ་གར་ནང་ལོ་རེར་བུད་མེད་ ༥༠༠༠ ལྷག་དོན་རྐྱེན་འདི་དང་འབྲེལ་ནས་འཆི་བཞིན་ཡོད་པར་བཤད།
རང་གི་འདོད་འདུན་དང་འབྲེལ་ནས་སྐྱེས་པ་དང་མཉམ་དུ་འཁྲིག་པའི་བདེ་བ་མྱོང་བ་རང་བྱུང་དུ་ཐོབ་པའི་བདེ་སྐྱིད་ཅིག་ཡིན་ཡང། གདུག་རྩུབ་ཆེ་བའི་སྐྱེས་པ་རྣམས་ཀྱིས་དབང་མེད་དུ་གྱོན་པ་བཤུས་ཏེ་བཙན་གཡེམ་གྱི་སྡུག་བསྔལ་མྱོང་བ་ནི་རང་བྱུང་ཞིག་མིན། རྒྱ་གར་ནང་ ༢༠༠༢ ནས་བཟུང་ད་ལྟ་བར་ལོ་རེ་བཞིན་བཙན་གཡེམ་གྱི་དོན་རྐྱེན་འཕར་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད་ཅིང་། བཙན་གཡེམ་ཕོག་མཁན་གྱི་གྲས་སུ་ལོ་གྲངས་མ་སོན་པའི་བྱིས་པ་ནས་བརྒྱད་ཅུའི་རྒན་མོའི་བར་གྱི་བུད་མེད་རྣམས་ཚུད། སྡུག་བསྔལ་གྱི་ཆ་ནས་བཤད་ན་མཚན་མ་ཁ་རལ་གྱི་ཟུག་གཟེར་ནས་སྲོག་དབུགས་ཆད་པའི་འཇིགས་པའི་བར་གྱི་སྡུག་བསྔལ་རྣམས་ཚུད།
ཕུགས་བསམ་དང་ལང་ཚོ། རྣམ་དཔྱོད་དང་འཆར་སྣང་མང་བའི་བུད་མེད་འདི་ཚོར་གློ་བུར་དུ་སྐྱེས་པ་གདུག་རྩུབ་ཅན་གྱི་བཙན་གཡེམ་གྱི་གནོད་འཚེ་ཕོག་པ་ནི་མཛེས་སྡུག་འཚོ་བའི་རེ་ཐག་གཏན་དུ་གཅོད་པའི་གཤེད་མ་ཉིད་དུ་སྣང་བས་བུད་མེད་རྣམས་ལ་འདི་ལས་གནོད་ཚབས་ཆེ་བའི་སྡུག་བསྔལ་གཞན་ཅིག་ཡོད་མི་སྲིད། རྒྱ་གར་ནི་བཙན་གཡེམ་གྱི་དོན་རྐྱེན་ཤུགས་ཆེ་འབྱུང་སའི་ཡུལ་གྲུ་ཞིག་ཡིན་ཅིང་ཉིན་རེའི་ཚགས་ཤོག་ནང་ཧ་ལམ་ཉིན་རེར་ཆད་མེད་དུ་འཁོད་ཅིང་སྐབས་རེ་ཚགས་ཤོག་གཅིག་གི་ནང་དོན་རྐྱེན་གསུམ་ཙམ་སྡེབ་ལ་འཁོད་ཡོང་བའི་གནས་ཚུལ་ཅིག་ནི་བཙན་གཡེམ་གྱི་གནས་ཚུལ་དེ་ཡིན།
རང་མོས་ཀྱིས་རང་གི་འཚོ་བའི་ཕུན་ཚོགས་ཀྱི་དགོས་མཁོའི་ཆེད་ཡུལ་གཞན་དང་གཞན་དུ་འགྲིམས་ཏེ་རང་གི་ལུས་པོ་འཚོང་བ་རང་བྱུང་ཡིན་ཡང་། མགོ་སྐོར་བསླུ་བྲིད་ལ་བྱང་བའི་མ་རབས་ཚོང་པ་རྣམས་ཀྱིས་ལོ་ཆུང་བུད་མེད་མང་པོ་ཁ་བསླུད་བརྒྱབས་ཏེ། མཚར་སྡུག་ལང་ཚོའི་མཛེས་པ་བརྩེ་མེད་སྐྱེས་པ་རྣམས་ཀྱི་འཁྲིག་ལས་ཀྱི་བྲན་དུ་བཀོལ་ནས་རྫོགས་དགོས་པ་རང་བྱུང་མིན། འཛམ་གླིང་ནང་བུད་མེད་དང་བྱིས་པ་ནག་འཚོང་བྱེད་པའི་ཚོགས་པ་དང་སྒེར་པ་ཤིན་ཏུ་མང་པོ་ཞིག་ད་དུང་ཁྲིམས་ལུགས་ཀྱི་བཀག་རྒྱ་མེད་པར་མགོན་སྐྱབས་དཔུང་གཉེན་མེད་པའི་ཉམ་ཆུང་བུད་མེད་ཉོ་འཚོང་གི་བྱ་བ་གཉེར་བཞིན་ཡོད།
བུད་མེད་རྣམས་ཀྱིས་བྱིས་པ་བཙའ་བའི་སྐྱེ་ཟུག་དང་བྱིས་པ་གཉོར་སྐྱོང་གི་འགན་འཁྲི། སྔ་ལངས་ཕྱི་ཉལ་གྱིས་ཁྱིམ་ལས་བྱེད་པའི་ངལ་བ་གྲངས་མེད་བདག་གིར་བྱེད་དགོས་པ་རང་བྱུང་གི་འཚོ་སྟངས་ཤིག་ཡིན་ཡང་། སྤྲོ་ཐུང་སྐྱེས་པའི་ཚིག་རྩུབ་ཀྱི་ཁ་བརྡུང་དང་ཉེས་བརྡུང་། ཆང་འཐུང་ར་བཟིའི་སྐྱུག་འགོང་། ཉིན་ཤི་མཚན་ལངས་ཀྱིས་རྒྱན་རྩེད་ལ་ཞུགས་ཏེ་ཁྱིམ་རྒྱུ་སྟོང་དུ་འཇུག་པ་སོགས་ཐ་ཤལ་སྐྱེས་པའི་སྤྱོད་ཚུལ་གྱི་འོག་ནས་སེམས་ཁྲལ་དང་དངངས་འཚབ། ཁོང་ཁྲོ་དང་སྐྱོ་གདུང་སོགས་སྡུག་བསྔལ་གྱི་ཚོར་བ་ཟད་མཐའ་མེད་པ་ཞིག་མྱོང་དགོས་པ་རང་བྱུང་མིན། བུད་མེད་རྣམས་སྡུག་བསྔལ་འདི་ལྟ་བུས་མནན་ཏེ་མཚན་གང་ངུས་ངུས་པའི་མིག་མཐའ་དམར་པོ་མཆི་མས་དཀྲུས་ཏེ་རང་སེམས་གསོ་ཐབས་ཀྱི་མི་ཚེ་སྐྱེལ་བཞིན་ཡོད་ཅིང་། འགའ་ཞིག་བྱམས་པའི་ཕ་མ་དང་གཅེས་པའི་བུ་ཕྲུག་ཤུལ་དུ་སྐྱུར་ཏེ་འཇིགས་སྐྲག་འཆི་བའི་ལམ་དུ་བསྐྱོད་བཞིན་ཡོད།
སྤྲིན་མེད་ནམ་མཁའི་དབྱིངས་ཀྱི་ལྷ་མོའི་ཚོགས། །
ས་གཞིའི་སྟེང་གི་བུ་མོ་དག་ལ་དགོངས། །
མ་རབས་སྐྱེ་བོའི་རྩེད་ཆས་ཙམ་ཞིག་ལས། །
གཞན་པའི་གོང་ཐང་ཁོང་ཚོར་མི་འདུག་ལགས། །
མཚར་སྡུག་པད་མའི་ལང་འཚོ་འཛིན་པ་ཡི། །
ན་ཆུང་བུ་མོ་ཕུགས་ཀྱི་མདུན་མ་ཅན། །
གྲོགས་མེད་གཅིག་པུར་ལམ་དུ་རྒྱུ་བའི་ཚེ། །
རང་བྱུང་ཀུན་སྤྱོད་ཁྲིམས་ཀྱིས་སྲུང་བར་མཛོད། །
ཚ་བས་རྒྱ་མཚོ་སྐམ་ལ་གཏོང་སྲིད་ཅིང་། །
ལྕི་བས་རི་རྒྱལ་མགོ་བོ་གནོན་ངེས་པའི། །
བཟོད་མེད་ཐེག་པར་དཀའ་བའི་སྡུག་བསྔལ་གྱིས། །
ཉམ་ཆུང་བུད་མེད་གནོན་པར་མ་གྱུར་ཅིག །
མཛུམ་ལྡན་བཞིན་ལ་འཇམ་པའི་དབྱངས་ལྡན་ཞལ། །
གངས་དཀར་སེམས་ལ་བརྩེ་བའི་ཉི་ཟེར་ཅན། །
གནའ་དེང་རྩལ་ཟུང་རྫོགས་པའི་སྐྱེས་པ་རེ། །
བུད་མེད་རེ་རེའི་གྲོགས་ལ་འཐོབ་གྱུར་ཅིག །
མགོན་སྐྱབས་དཔུང་གཉེན་མེད་པའི་བུད་མེད་རྣམས། །
བརྩེ་མེད་སྐྱེས་པས་བཙན་གྱིས་གཡེམ་པའི་ཚེ། །
དྲེལ་རྟ་བཞོན་ནས་སྟོང་གསུམ་སྐོར་སྐད་པའི། །
རང་བྱུང་རྒྱལ་མོས་སྲུང་བར་མ་མཛད་ཅི། །
ཆགས་ལྡན་སྐྱེས་པ་ལྕགས་ཀྱི་མཚན་མ་ཅན། །
འཁྲིག་པའི་རོ་ལ་རྔམས་པ་གང་དེ་དག །
བཟོད་མེད་སྙིང་རྗེའི་སེམས་ཀྱིས་རྒྱུད་བརླན་ཏེ། །
སྲེད་པའི་མེ་ལྕེ་ཁོང་ནས་ཞི་བར་མཛོད། །
ཕོ་མང་བུ་མོ་ཉུང་བའི་ཡུལ་ལུང་དུ། །
ཐབས་གྲོགས་ཟླ་མོས་བཏང་བའི་སྐྱེས་པའི་ཚོགས། །
འཁྲིག་འདོད་གདུང་བས་སེམས་པ་མནར་བའི་ཚེ། །
སོར་མོ་བསྐྱོད་པའི་བདེ་བས་ཚིམས་པར་མཛོད། །
ཡོད་ཚད་འཕྲོག་ལ་ཤོར་བའི་སྡུག་བསྔལ་གྱིས། །
འཚོ་བའི་རེ་ཐག་ཆད་པའི་བུ་མོ་རྣམས། །
སེམས་ཉིད་སྙིང་ཁ་གཡོས་པའི་བརྩེ་བ་ཡིས། །
མཛེས་པའི་འཇིག་རྟེན་ཞིག་ཏུ་སྲུང་གྱུར་ཅིག །
དབྱངས་ཅན་སྒྲོལ་མ་ཚེ་སྦྱིན་ལྷ་མོ་སོགས། །
མོ་ཡི་གཟུགས་བརྙན་འཛིན་པའི་སེམས་མའི་ཚོགས། །
གར་འགྲོ་འཇིགས་པས་མནར་བའི་བུ་མོ་ལ། །
མཛེས་པའི་སྤྱན་རས་ལན་ཅིག་གཡོ་བར་མཛོད། །
བྱ་ལེ་མོ་མཚན་ལ་སོགས་དགེ་སློང་གི །
ངག་གི་སྐྱོན་གྱུར་ཚིག་གི་ནག་ནོག་ཀུན། །
ཉམ་ཆུང་བུ་མོར་དམིགས་པའི་སྙིང་རྗེ་ཡི། །
བདུད་རྩིའི་ཆུ་ཐིགས་ཅིག་གིས་བཀྲུས་པ་ལགས། །
སྟོང་དང་བདེ་བ་ཟུང་དུ་ཞུགས་གྱུར་ཅིང་། །
བགྲོད་བྱ་བགྲོད་བྱེད་དབྱེར་མི་ཕྱེད་གྱུར་པའི། །
འཕོ་མེད་བདེ་བ་ཆེན་པོའི་མཉམ་སྦྱོར་ལ། །
མཁའ་མཉམ་འགྲོ་བ་ཀུན་གྱིས་སྤྱོད་པར་ཤོག །
ཅེས་པ་འདི་ཡང་གྲྭ་རྐྱང་འཇིགས་མེད་བློ་གྲོས་ཀྱིས་དུས་ཡུན་ཟླ་བ་གསུམ་གྱི་རིང་སློབ་སྦྱོང་གི་གོ་སྐབས་ཐོབ་པའི་བྱང་ཨ་རིའི་སྙན་གྲགས་ཆེ་བའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་ཨར་ཝའེན་གཙུག་ལག་སློབ་ཆེན་༼University of California Irvine༽དུ་རང་གི་འཛིན་གྲྭའི་ནང་བུད་མེད་ཀྱི་དཀའ་སྡུག་སྐོར་བསམ་ཚུལ་ཅུང་ཟད་གླེང་བརྗོད་ཀྱི་ཆེད་དུ་དོན་གནད་འགའ་ཞིག་ཟིན་ཐོར་བཏབས་པའི་དགེ་རྩ་ཕྲ་མོས། འཇིག་རྟེན་གྱི་བུད་མེད་ཉམ་ཆུང་ཐམས་ཅད་གཞན་གྱི་མནར་གཅོད་དང་བཙན་གཡེམ། སྡུག་སྦྱོང་སོགས་ལས་གཏན་དུ་ཐར་ཏེ་བདེ་དགའི་འཚོ་བས་མཛེས་པའི་འཇིག་རྟེན་ཞིག་ཏུ་ཚེ་ཡི་མྱུ་གུ་གསར་དུ་འབུད་པའི་རྒྱུར་གྱུར་ཅིག །
ཉམ་ཆུང་བུ་མོ་ཚོས་མྱོང་བཞིན་སྡུག་བསྔལ་རྣམས་ལེགས་པོ་བྲིས་འདུག་ངོ་མ་སྙིང་རྗེ་་་འོན་ཀྱང་བྱ་ལེ་གཅོད་བྲེག་དེ་རྒྱུ་མཚན་ཅི་ཡིན་ནམ།