རྔ་བ་རྒྱལ་ཁམས་པ།
ལོ་འདི་ཚོའི་རིང་ལ།
ངས་རང་ཉིད་ལ་བསམ་བློ་མང་བོ་ཞིག་བཏང༌།
བསམ་བློ་གཏོང་ཐེངས་རེར།
ངའི་འཇིག་རྟེན་དང༌། ངའི་སྐྱིད་སྡུག་གི་ཁོར་ཡུག
ང་རང་ཉིད་ཀྱིས་བསྐྲུན་པ་ཤེས་ཤིང༌། གཏོར་བའང་ཤེས།
ངས་མདུན་ཅོག་སྟེང་གི་དཔེ་ཆ་དེ་ལག་ཏུ་བླངས་ནས།
དེ་ལ་གྱེར་གྱིས་བལྟ་ཐེངས་རེར།
བྱེ་མའི་ཆིང་བུ་ཞིག་པ་ལྟར།
དཔེ་ཆའི་ཕུང་བོ་ཁ་སོ་སོར་གྱེས་ནས།
མཐའ་ཡས་པའི་མཁའ་ཀློང་དུ་དེང༌།
ང་སྐྲག་སྣང་ཞིག་དང་བཅས། ངའི་དཔེ་ཆ།
ངའི་དཔེ་ཆ་ཞེས་ཅི་ཙམ་བོས་ཀྱང་ལན་སྤྲོད་མཁན་ཞིག་མ་བྱུང༌།
སྐབས་རེར། ངས་འཚེར་ཡ་དེར།
ཁྱོད་ཡར་ལ་ལོངས་ཤིག་ཅེས་བོས།
ང་གཉིས་གདོང་དང་གདོང་གཏུགས།
ལག་དང་ལག་པ་སྤྱར་ནས།
ངས་འདི་ལྟར་བཤད།
ཁྱོད་ཀྱི་ལག་པ་གཡས་མ། ངའི་ལག་པ་གཡོན་མ་དང༌།
ངའི་ལག་པ་གཡོན་མ། ཁྱོད་ཀྱི་ལག་པ་གཡས་མ༌།
ཁྱོད་ཀྱི་མདུན་ཕྱོགས་ངའི་རྒྱབ་ཕྱོགས།
ངའི་མདུན་ཕྱོགས་ཁྱེད་ཀྱི་རྒྱབ་ཕྱོགས་རེད་ཅེས་ལབ་པས།
མོ་ཁྲོས་ནས་ཁྱོད་སྨྱོན་པ་རེད་ཅེས་གཤེ་གཤེ་གཏོང༌།
ཡང་སྐབས་རེར་ངས་འདི་ལྟར་བསམ།
ང་ཚོས་འཇིག་རྟེན་གྱི་ཁམས་འདི་རྒྱ་ཆེ་གཏིང་ཟབ་ཅིག་ཡིན་པར་འདོད་པ་ནང་བཞིན།
ང་ཚོའི་ཤ་ཁྲག་གི་ལུས་པོ་འདིའི་ནང་ན།
སྲོག་ལྡན་གྱི་རིགས་ས་ཡ་མང་བོ་ཡོད་པ་འདི་ཚོ་ལའང༌།
ང་ཚོ་ལྟར་རང་རང་གི་འཇིག་རྟེན་ལྟ་ཚུལ་དང༌།
་ དེའི་རྒྱབ་ལྗོངས་ཀྱི་རིག་གཞུང་སྣ་ཚོགས་པ་རེ་ཨེ་ཡོད་སྙམ།
ངས་འདི་ལྟར་བསམ་བཞིན་བསམ་བཞིན།
ཅིག་བྱས་ན། ཚན་རིག་འདིས་ལྐུགས་རྟགས་ཆེན་པོ་ཞིག་སྟོན་གྱིན་ཨེ་ཡོད་བསམ་གི
རྒྱུན་མཚན་ནི། སྲོག་ལྡན་གྱི་རིགས་ཡིན་ན་དབུགས་འབྱུང་རྔུབ་དང༌།
ཆུའི་བཏུང་བ་སོགས་ཡོད་དགོས་པར་ཐག་གཅོད་བྱས་པ་རེད།
འོ་ན་ངས་འདི་ལྟར་འདྲིའོ།།
མེ་རིས་བཞུས་པའི་སྲ་མཁྲེགས་ཀྱི་བྲག་རིའི་དཀྱིལ་ན།
སྲོག་ལྡན་གྱི་རིགས་གསོན་པོར་གནས་ཐུབ་དོན་ཅི།
ང་ཚོ་ལྟ་བུའི་སྲོག་ལྡན་གྱི་རིགས་འདི་དག
འབྱུང་ལྔའི་ཁམས་ཤིག་ལ་བརྟེན་དགོས་པ་བདེན་མོད།
འབྱུང་ཁམས་རེ་རེ་ལ་བརྟེན་པའི་སྲོག་ལྡན་གྱི་རིགས་ཨེ་ཡོད།
ང་ཚོས་འཇོག་བཞིན་པའི་འབྱུང་ཁམས་ལ་བརྟེན་མི་དགོས་པའི་སྲོག་ལྡན་གྱི་རིགས་ཨེ་ཡོད།
གཟའ་སྐར་གཞན་གྱི་ཐོག་ན་ཡོད་པའི་སྲོག་ཆགས་ཡིན་ན།
ང་ཚོ་ནང་བཞིན་དབུགས་འབྱུང་རྔུབ་དང༌།
ཀླན་གཤེར་གྱི་བཏུང་བ་སོགས་བརྟེན་དགོས་སམ།
གྲོག་མའི་ཞིང་ཁམས་ཤིག་ན།
གྲོང་དང་གྲོང་ཁྱེར་གྱི་བཀོད་པ་ཡིད་དུ་འོང་བ།
འགྲིམ་འགྲུལ་གྱི་ལམ་ཁ་སྤུས་དག་ལ།
ལམ་སྟོན་པ་དང༌། ཡུལ་སྲུང་བ།
སྡེ་དཔོན་སོགས་ཡོད་པའི་ངོ་མཚར་བའི་གསང་བ་དེ་ཤེས་རྗེས།
ཚན་རིག་གིས་བཤད་པའི་འཇིག་རྟེན་དང༌།
སེམས་ཁམས་ཀྱི་འཇིག་རྟེན་གཉིས།
གཉེན་དུ་སྡེབ་པའི་དུས་ནམ་ཞིག་ནམ་སྙམ་དུ་ཤུགས་རིང་རེ་བཏོན།
ཡང་མཚམས་མཚམས་ལ་ངས།
སྒོ་ལྔའི་རྣམ་ཤེས་ནང་དུ་བསྡུས་པས།
གློག་བརྙན་ཡིད་དུ་འོང་བ་ཞིག་གི་གློག་ཤུགས་གློ་བུར་དུ་ཆད་པ་ལྟར།
ང་ལ་སྣང་བའི་ནམ་རྒྱུན་གྱི་འཇིག་རྟེན་ཡོང་རྫོགས་གློ་བུར་དུ་ཞིག་ཅིང༌།
ནམ་ཤེས་སྙིང་དབུས་ཤིག་ན་བརྒྱལ་བ་ལྟར། ནག་འཐོམ་འཐོམ་བྱེད།
སྒོ་ལྔའི་རྣམ་ཤེས་ཕྱི་རུ་གློད་པས།
སླར་ཡང་སྐྱིད་ལ་སྡུག་པའི་འཇིག་རྟེན་ཞིག་དུ་སླེབས
ཡང་ངས་སྐབས་སྐབས་ལ་འདི་ལྟར་བསམ།
མུན་ནག་གི་གཡུལ་ས་སྐྲུན་མཁན་དེ་ང་ཚོ་རེད་ལ།
ཞི་བདེའི་འོད་སྣང་སྤར་མཁན་དེའང་ང་ཚོ་རེད།
ང་ཚོས་རང་ཉིད་ཀྱི་བློ་རིགས་འདིའི་རྩལ་ལ་བརྟེན་ནས།
མཁའ་དབྱིངས་སུ་འཕུར་ཞིང༌། ས་འོག་ཏུ་ཉུལ།
རུལ་བལ་ཞིག་གིས་འོ་ཆུ་འབྱེད་པ་ལྟར།
ང་ཚོས་འབྱུང་ཁམས་འདིའི་བཅུད་དང་ནུས་པ་གང་ཡོད་རྩལ་གྱིས་བཏོན་ནས།
འཇིག་རྟེན་གྱི་ཁམས་འདིར་གཟི་བརྗིད་བསྐྲུན།
འཇིག་རྟེན་གྱི་ཁམས་འདིར་མུན་ནག་སྤར།
ཐོག་མར་ཡོང་སྐབས་རང་ཉིད་གཅིག་པུར་ཡོང་བ་ལྟར།
ཐ་མར་འགྲོ་སྐབས་ཀྱང་རང་ཉིད་གཅིག་པོས།
རང་ཉིད་ཀྱི་མཐའ་ཡས་པའི་འཇིག་རྟེན་དེ་རྒྱབ་ལ་ཁུར་ནས།
ཡུལ་སྐོར་སྤྲོ་འཁྱམས་དུ་ཡང་ཡང་འགྲོ་བཞིན་པ་ཞིག་ཡིན་ན།
ཅིའི་ཕྱིར། འཇིག་རྟེན་གྱི་བྱེད་པོ་རྒྱང་ཆད་པ་ཞིག་ཡོད་ཅེས་ཨུ་ཚུགས་བྱས་པ་ཡིན།
རང་རང་གི་བདེ་སྡུག་གི་བྱེད་པོ་རང་རང་རེད། ཡིན་ན་ཡང་ངའི་ནམ་རྒྱུན་གྱི་དྲི་བ་ནི། ང་ཚོར་མགོ་དང་དེའི་ནང་དུ་བསམ་བློ་གཏོང་སྤྱད་ཀྱི་ཀླད་པ། རྐང་ལག་དང་དེའི་སྣེ་རུ་དངོས་པོ་འཇུ་བཟུང་བྱེད་སྤྱད་ཀྱི་མཛུབ་མོ་དང་སེན་མོ། ཁ་དང་དེའི་ནང་དུ་སྐད་ཆ་བཤད་སྤྱད་ཀྱི་ལྕེ་དང་ཟ་མ་བཟའ་སྤྱད་ཀྱི་སོ་ཕྲེང་། མིག་དང་དེའི་ནང་དུ་ཕྱི་རོལ་མཐོང་ཐུབ་པའི་མིག་གི་རྒྱལ་མོ། རྣ་བ་དང་དེའི་ནང་དུ་སྒྲ་སྐད་གོ་སྤྱད་ཀྱི་རྣ་དབང་། སྣ་དང་དེའི་ནང་དུ་དྲི་མ་མྱོང་བྱེད་ཀྱི་སྣ་དབང་། འདོམ་དང་དེའི་ངོས་སུ་མི་རྒྱུད་སྤེལ་བྱེད་དང་བདེ་བ་མྱོང་བྱེད་ཀྱི་ཕོ་མཚན་མོ་མཚན་སོགས་ཅིའི་ཕྱིར་ཡོད་པ་རེད། ཅིའི་ཕྱིར་དངོས་འདི་དག་གྲུབ་པ་རེད། ཆེས་ཐོག་མའི་གྲུབ་སྟངས་དེ་ཅི་འདྲ་རེད། མཐའ་ཡས་པའི་འཇིག་རྟེན་གཞན་གྱི་སེམས་ཅན་དེ་དག་གི་དབྱིབས་གཟུགས་ཇི་འདྲ་ཞིག་ཡིན་མིན་སོགས་རེད། མཚན་མོ་རེ་རེ་བཞིན་ངས་མིག་གིས་ནམ་མཁར་བལྟས་ནས་སྐར་ཚོགས་དེ་ཚོ་གང་ཞིག་གི་སྟེང་དུ་སྲོག་ལྡན་གྱི་རིགས་ཡོད་དམ། གང་ཞིག་གི་སྟེང་དུ་ང་ཚོ་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་མཁན་ཡོད་དམ། གང་ཞིག་གི་སྟེང་དུ་ང་ཚོ་ལས་སྐྱོ་བའི་སྡུག་བསྔལ་མྱོང་མཁན་ཡོད་དམ། ང་རང་གི་སྐྱེ་བ་སྔོན་མ་དུང་ཕྱུར་ཇི་ཙམ་ཞིག་སྐར་མ་དེ་དག་གི་སྟེང་དུ་འཚོ་བ་རོལ་མྱོང་ཡོད་དམ། ངའི་ཨ་མ་དང་ཕ་རྒན་སོགས་ཀྱི་སྐྱེ་བ་ཅི་ཙམ་ཞིག་ས་ཡི་གོ་ལ་འདིའི་སྟེང་དུ་བླངས་ཡོད་དམ། ངའི་ཕ་མ་གཉིས་གྲོངས་རྗེས་སྐྱེ་བ་རྗེས་མ་དེ་གང་ཞིག་ཏུ་སྐྱེ་འམ། གོང་ས་ཡིད་བཞིན་ནོར་བུ་མཆོག་འདི་ཉིད་ཀྱང་སྐུ་ཚེ་རྗེས་མ་དེར་ཡང་སྐྱར་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་ཞིག་གི་རྣམ་པར་བྱོན་ཡོང་ངམ། ཡང་ན་དག་པའི་ཞིང་དང་མ་དག་པའི་ཞིང་གཞན་པ་དག་ཏུ་སེམས་ཅན་གྱི་དོན་མཛད་བཞིན་ཡོད་དམ། ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདི་ནི་སྐུ་ཕྲེང་བཅུ་བ་དེའི་སྐུ་གསུང་ཐུགས་སྤྲུལ་གང་ཞིག་ཡིན་ནམ། ཅིའི་ཕྱིར་ཁོང་གིས་སྐུ་ཕྲེང་གཉིས་ཀྱི་རིང་ལ་རྒྱ་མིའི་ལག་འོག་ནས་སྡུག་པོ་མྱོང་དགོས་བྱུང་བ་ཡིན་ནམ། དེ་ནི་ཁོང་གི་ལས་དབང་ཡིན་ནམ། ཡིན་ན་ཚུལ་བསྟན་འབའ་ཞིག་ཡིན། གལ་སྲིད་ང་རང་ཤི་རྗེས་རྒྱ་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་ཡིན་ན་བོད་ཀྱི་མི་རིགས་ལ་འབྲེལ་འདྲིས་ཡོད་མཁན་ཞིག་གམ་ཡང་ན་བོད་པ་ཟེར་ན་གདོང་བ་གནག་པའི་རྒྱ་མི་ཞིག་ཏུ་འགྱུར་རམ། སོགས་དྲི་རྟགས་སྣ་ཚོགས་ཀྱིས་སེམས་ཁམས་ཡོངས་སུ་ཁེངས་ཡོང་གིན་འདུག
རྔ་བ་རྒྱལ་ཁམས་ལགས
ཁྱེད་ཀྱིས་གང་བྲིས་ཀྱང་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག
རྩོམ་ཐུང་འདི་སྙན་ངག་ཡིན་ལ་དཔྱད་བརྗོད་ཀྱང་ཡིན་པས་ངོ་མ་བསམ་བློ་བཏང་ནོ་གཏིང་ཟབ་མོ་རེད།
ཡང་བསྐྱར་འདི་འདྲ་འདི་བྲིས་ན་བཟང་གི་ཡ།
ཨ་ཁུ་ཀླུ་སྙོན་གྱི་བཤད་སྟངས་ཡང་ངོ་མ་ཅིག་ཟབ་མོ་རེད།
ཉེ་ས་རང་ཉིད་ནས་རིང་ས་མཐའ་ཡས་༷པའི་སྐར་ཚོགས་གཞན་གྱི་སྟེང་འཚོ་ཞིང་གནས་པའི་སྲོག་ཆགས་ཆེ་ཕྲ་ཚང་མའི་ཚོར་བ་བདེ་སྡུག་དང་སྐྱེས་འཇུག་གནས་གསུམ་ཡོངས་རྫོགས་ལ་བསམ་གཞིགས་བྱེད་ཀྱི་འདུག
ཁྱེད་ཅག་ད་བསམ་བློ་བ་ཟེར་རེད་ལ།
ད་དེ་ཡང་ཁྱད་ཆོས་ཟེར་ནོ་ཡོད་ཀི་ཡ
ཨ་ལགས་་་ལགས་་་ལས་རྒྱུ་འབྲས་ཀྱི་རྣམ་གཞག་གཏིང་ཟབ་མི་ཤེས་པའི་ང་ལྟ་བུ་ལ་མཚོན་ན།
མཚམས་རེར་ངའི་བདེ་སྡུག་ཡོངས་རྫོགས་ཀྱི་བྱེད་པོ་ང་རང་ཡིན་པ་ངོ་འཕྲོད་རྒྱུ་དཀའ་མོ་འདུག
ངོ་མ་ཡིན་སྐབས་ལ་ལར་ངའི་བདེ་སྡུག་གཞན་ལག་ཏུ་ཡོད་པ་ཚོར་གྱི་འདུག
ཨ་ལགས་དེ་ང་གནས་ལུགས་དང་རྒྱང་རིང་སོང་ནས་རྟགས་ཤིག་ཡིན་རྒྱུ་རེད་ཡིན་ན
བོད་པའི་དེང་རབས་སྙན་ངག་ཟེར་ན་ཡི་ག་གཅུས་འཇོག་པ་ཞིག་ཡིན་མོད། སྙན་ངག་འདི་འདྲ་སྔས་མགོའི་ཅོག་ཙེའི་ཐོག་བཞག་སྟེ། ནང་དོན་གྱི་སྣེ་མོར་འཇུས་ནས་གཉིད་ཀྱི་ཞིང་ཁམས་འགྲིམས་ན་འདོད་པ་ཞིག་ཏུ་བཟོས་བྱུང་། སྙན་ངག་འདིའི་སྐད་ཆས་Oxford ན་སློབ་གཉེར་གནང་བཞིན་པའི་གྲོགས་པོ་བླ་མ་སྐྱབས་དང་ངོ་ཐུག་པ་ལྟ་བུ་ཞིག་ཏུ་བཏང་སོང་། ཨ་ཁ། London གྱི་གྲོགས་པོ་ཚོར་མ་མཇལ་ནས་ཡུན་རིང་རེད། སྐྱོ་སྣང་ཞིག་ཀྱང་སྐྱེས་བྱུང་།
རྔ་བ་རྒྱལ་ཁམས་པ་ལགས། སྙན་ངག་འདི་འབྲི་མཁན་བླ་མ་སྐྱབས་རེད་ཟེར་བ་མིན། ཁོང་གི་བཀའ་མོལ་གནང་སྟངས་ནི་ཁྱེད་ཀྱི་སྙན་ངག་གི་སྐད་ཆ་དང་ཆ་འདྲ་བོ་ཡོད་པའི་ཆ་ནས་གྲོགས་པོ་དྲན་དུ་བཅུག་སོང་ཞེས་ཞུས་པ་ལགས། ད་ནི་ཁྱེད་ཀྱིས་ནུབ་ཕྱོགས་ཀྱི་བསམ་བློ་བ་ཁག་ཅིག་ངོ་སྤྲོད་བྱེད་པའི་བསམ་བློའི་རྒྱབ་ལྗོངས་གཞི་ནས་རྟོགས་ཏེ་རྗེས་སུ་ཡི་རངས་ཞུ་འདོད་བྱུང་། དེ་མ་གཏོགས་ཚིག་འགྲོས་ཀྱི་ཡིག་སྒྱུར་ཙམ་དུ་བརྩིས་ཡོད།
རྔ་བ་ཆོས་གྲགས་ལགས གནས་འདི་ན་ཐུག་པར་དགའ་བ་ལ ད་ནི་གོ་མེད་ཚོད་མེད་ཀྱི་རྩོམ་བསྒྱུར་དག་མ་བྱེད། ཤེས་རིག་ལས་ཁུངས་ན་གྱོང་གཏུགས་པའི་གྷོ་ར་ལྟ་བུ་རེད། ཉོ་མཁན་སུ་ཡང་མེད།
ང་ཚོ་ནི་འཇིག་རྟེན་བྱེད་པོས་བསམ་བློ་གཏིང་ཟབ་པོ་ཞིག་བཏང་ནས་བྲིས་བཞག་པའི་བརྩམས་ཆོས་གཏིང་ཟབ་ལ་རྙོག་འཛིངས་ལྡན་ཞིང་ཞིབ་ཚགས་ལ་གོ་རིམ་དང་ལྡན་པ་འདིའི་ནང་གི་མི་སྣ་ཆུང་ཆུང་རེ་ཡིན།
འཇིག་རྟེན་བྱེད་པོའི་བརྩམས་ཆོས་ནི་སྣོད་བཅུད་གཉིས་ཀྱིས་གྲུབ་ཅིང་བཅུད་ཀྱི་སེམས་ཅན་ཚོའི་དགོས་མཁོ་སྣོད་ཀྱི་འཇིག་རྟེན་ལས་འཚོལ་སྒྲུབ་བྱེད་དགོས་པ་ཞིག་ཏུ་བཟོས་པ་རེད།
འདིའི་ནང་གི་་མི་སྣ་གཙོ་བོ་ནི་མི་ཟེར་བ་འདི་ཡིན་པ་དང་། མི་ཟེར་བ་འདི་ཐོག་མར་སྲོག་ཆགས་ཤིག་གི་རྣམ་པར་བཞེངས་པ་ནས་རིམ་པས་སྣོད་ཀྱི་འཇིག་རྟེན་ལ་རོལ་གི་རོལ་གི། འགལ་རྐྱེན་འདྲ་མིན་བཟོ་གི་བཟོ་གི གོ་རྟོགས་སད་གི་སད་གི མཐའ་མཇུག་གོ་རྟོགས་ཡོངས་སུ་སད་རན་པར་སླེབས་པ་དང་མཉམ་དུ་སྣོད་ཀྱང་ཟད། དེ་ནས་སྣོད་བཅུད་གཉིས་ཀ་མཇུག་བསྡུས་ཏེ་ཁོང་གི་བརྩམས་ཆོས་ཀྱང་མཇུག་རྫོགས་པར་བྱས་པ་རེད།
ད་རུང་ཁོང་ལ་བརྩམས་ཆོས་འདི་འདྲ་བ་མང་པོ་ཡོད་པ་འདྲ།
གྲོལ་ན་གྲོལ་བར་བྱེད་པོ་རང་ཉིད་ཡིན། །
སྡུག་ན་སྡུག་བསྔལ་བྱེད་པོ་རང་ཉིད་ཡིན། །
སྡུག་གྲོལ་གཉིས་མེད་རྟོགས་པའི་བྱེད་པོ་ཡང་། །
རང་ཉིད་མ་གཏོགས་གཞན་པ་སུ་ཞིག་ཡོད། །