ཨོ་རྒྱན་ཉི་མ།
༡ ཆོས་ལུགས་ཀྱི་འགྲན་རྩོད།
སྤྱིར་བཏང་ཆོས་ཟེར་བ་དེ་སྒོ་གསུམ་གྱི་སྤྱོད་པ་དག་ལོག་པར་མི་གཏོང་བར་བཅོས་ཏེ། ཡང་དག་པར་གཞོལ་བྱེད་ཀྱི་ཐབས་ལམ་ཞིག་ལ་ངོས་འཛིན་དགོས་པས། ཐབས་ཤེས་འདི་གཏིང་ཟབ་མིན་ལ་མ་ལྟོས་པར་ང་ཚོ་སངས་རྒྱས་པ་དང་། ཡེ་ཤུ་དང་། ཁེ་ཆེ། ཧིན་དུ། འཇེའུ། སིག་སོགས་འཛམ་གླིང་གི་ཆོས་ལུགས་ཡོངས་ལ་ཡོད་པ་གཅིག་མཚུངས་རེད། ཡིན་ན་ཡང་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་གང་ལ་བསམ་བློ་བཏང་བ་ཡིན་ན། ནུབ་ཕྱོགས་དང་། ཤར་ཕྱོགས་འགྲོ་བ་མིའི་རིགས་ཀྱི་ཁྲོད་དུ་ཆོས་ཀྱི་རྗེས་སུ་འབྲང་མཁན་ཤིན་ཏུ་མང་ཡང་། ཆོས་ཡང་དག་པར་སྤྱོད་མཁན་ཉུང་བར་མ་ཟད། རང་གི་ཆོས་བརྒྱུད་དེ་ལ་མཆོག་འཛིན་དང་། གཞན་གྱི་ཆོས་བརྒྱུད་ལ་ཁྱད་སོད་ཀྱིས་དམག་འཁྲུག་དང་། འགྲན་རྩོད་ལ་བརྟེན་ནས་ཕན་ཚུན་ཤི་རྨས་ཀྱང་མང་པོ་བྱུང་བ་རེད། ཁ་ནས་བྱམས་དང་སྙིང་རྗེ། བྱང་ཆུབ་སེམས་ཞེས་བཤད་མཁན་མོད་ཀྱང་། དོན་དུ་རང་གི་ཆོས་བརྒྱུད་དང་། མི་རིགས། ཆོལ་ཁ། ལུང་ཚན། རྒྱལ་ཁབ་ཁོ་ནར་ཞེན་ཏེ། རིས་ཆོད་ཀྱིས་རང་ལྟ་མཆོག་འཛིན་བྱེད་མཁན་མང་པོ་རེད།
དེ་ཕྱིར་ཆོས་ཆོས་བཞིན་དུ་བྱ་མ་ནུས་ན་འཇིག་རྟེན་འདིའི་སྲོག་གཅོད་ཀྱི་གཤེད་མ་དང་པོ་དེ་ཆོས་ལུགས་དེ་འགྱུར་ངེས་པས། ཆོས་ཞེས་པ་དེ་ཕྱོགས་དང་རིས་སུ་གཅོད་བྱེད་ཅིག་མ་ཡིན་པ་དང་། ཆོས་དེ་ཉིད་གཞན་ལ་ཕན་པ་གཙོར་བཟང་གིས་རང་ཉིད་ཀྱང་བདེ་བའི་ཐབས་མཁས་ཀྱི་སྤྱོད་པ་ཞིག་ལ་ཅི་ནས་རེམ་དགོས་པར་འདོད། དེ་ལྟར་མ་ནུས་ཕྱིན་དུས་ནམ་ཡང་ཆོས་ཀྱི་ཉིང་དགོས་མི་འགྲུབ་པའི་ཐོག ཆོས་ལ་བརྟེན་ནས་མི་བདེ་བ་འབྱུང་བའི་རྒྱུའི་གཙོ་བོ་ཉིད་དུ་མི་འགྱུར་བའི་གདེངས་ཚོད་སུ་ལ་ཡང་མེད་པས། ཆོས་ལུགས་པ་ཚང་མས་ཐུགས་ལ་ནམ་ཡང་ངེས་དགོས་པའི་གནད་འགག་ཅིག་ཀྱང་ཡིན།
༢ དཔལ་འབྱོར་གྱི་འགྲན་རྩོད།
འཇིག་རྟེན་འདིའི་སྐྱེ་འགྲོ་མཆོག་དམན་ཕལ་ཆེ་ཤོས་ཤིག་ནི་གནས་ལུས་ལོངས་སྤྱོད་དང་བཅས་པའི་འཚོ་བ་ལ་བརྟེན་ཏེ། དེ་ལ་ཤིན་ཏུ་ཆགས་ཤིང་། འཚོ་བཅུད་ལ་རོལ་བཞིན་པ་ཤ་སྟག་རེད། དེ་ཕྱིར་དཔལ་འབྱོར་ཞེས་པ་དེ་མེད་ན་འགྲོ་བ་མིའི་རིགས་གཙོར་བྱས་པའི་སྐྱེས་འགྲོ་ཡོད་དོ་ཅོག་འཚོ་མི་ཐུབ་པ་དང་། དེ་ཉིད་ངེས་པར་དུ་ཡོད་དགོས་པའི་གལ་ཆེན་ཞིག་དང་། དཔལ་འབྱོར་སྒྲུབ་པའི་ཐབས་ལམ་ཚོང་ལས་ཁེ་དཔོག། ཞིང་ལས་སོ་ནམ། འབྲོག་ལས་ཞོ་ཕྱུག མཁས་ལས་འཆད་རྩོད་རྩོམ་གསུམ་སོགས་ལ་བརྟེན་དགོས་པ་ཞིག་རེད།
དེང་སང་གི་འགྲོ་བ་མིའི་རིགས་ཞེས་པ་འདི་ནི་ལུས་ངག་ཡིད་གསུམ་གྱིས་ཡུལ་ལ་དབང་བསྒྱུར་བ་ཙམ་གྱིས་མ་ཚིམས་པའམ། མཐུ་ནུས་གཞན་ལ་བརྟེན་ཅིང་། འདོད་པ་ཤུགས་དྲགས་ཀྱིས་འཕུལ་བའི་འཕྲུལ་ཆས་འདི་དག་གིས། ཕྱིའི་འཁོར་ཡུག་དང་། འཚོ་བཅུད་ཡོད་ཚད་ལ་སྔར་དང་མི་འདྲ་བའི་འགྱུར་བ་ཆེན་པོ་ཞིག་གཏོང་བཞིན་པ་དང་། ཤར་དང་ནུབ། རྒྱལ་ཁབ་དང་རྒྱལ་ཁབ། ཚོང་པ་དང་ཚོང་པའི་བར་དཔལ་འབྱོར་གྱི་འགྲན་རྩོད་ཤིན་ཏུ་ཆེ་བར་མ་ཟད། གཡོ་སྒྱུ་ཁྲམ་གསུམ་གྱིས་ཡོད་ཚད་བསླུ་བའི་བསམ་བློ་ལས་མེད་པ་དང་། ཐམས་ཅད་སྒོར་མོ་ལ་རག་ལས་ཤིང་། སྒོར་མོ་མེད་ན་འཇོན་ཐང་མེད་པ་དང་། སྒོར་མོ་ཡོད་ན་འདི་ཕྱིའི་དཀོན་མཆོག་ཏུ་བཀུར་བའི་དུས་ངན་འདིར། དཔལ་འབྱོར་གྱི་འགྲན་རྩོད་འདིས་ཕྱིའི་འཁོར་ཡུག་དང་། ནང་གི་སེམས་ཁམས་ཡོད་ཚད་གཏོར་བརླག་ཏུ་གཏོང་བཞིན་པ་རེད། དེ་ཕྱིར་དཔལ་འབྱོར་ཞེས་པ་དེ་མིང་དང་དོན་ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པའི་ཚོར་སྣང་བྱུང་།
༣ ཆབ་སྲིད་ཀྱི་འགྲན་རྩོད།
སྤྱིར་བཏང་ཆབ་སྲིད་ཟེར་བ་དེ་རྒྱལ་པོ་སོགས་སྲིད་སྐྱོང་རིམ་པ་ཁག་གིས་མངའ་ཁོངས་ཀྱི་འབངས་སྐྱོང་བ་དང་། མངའ་རིས་དང་། གྲོང་སྡེ། དགོན་སྡེ། ཆོས་སྒར་སོགས་འཐོར་གཞིག་ཏུ་མི་འགྲོ་བར་གཞི་གཅིག་དུ་སྡུད་བྱེད་ཀྱི་ཐབས་ལམ་ཞིག་རེད། ཆབ་སྲིད་རྩ་བ་ནས་མེད་ན་ཚོགས་པ་ཟེར་བ་དང་། སྤྱི་ཚོགས་ཟེར་བ། རྒྱལ་བློན་འབངས་འཁོར་ཟེར་བ་གཏན་ནས་མེད་པར་མ་ཟད། ཐ་ན་ཁྱིམ་ཚང་གཅིག་གི་གཟའ་མི་ཡོངས་རྫོགས་ཁྱིམ་གཅིག་ཏུ་བསྡུ་ཐུབ་པ་ཁག་པོ་རེད། དེ་ཕྱིར་ཆབ་སྲིད་ཅེས་པ་ནི་ཉེ་རིང་མེད་པར་དངོས་པོ་ཡོད་དོ་ཅོག་ལ་དབང་བསྒྱུར་བྱེད་ཀྱི་ཐབས་མཁས་ཀྱི་སྤྱོད་པ་ཞིག་ཀྱང་ཡིན།
མདོར་ན་འགྲོ་བ་མིའི་རིགས་ཀྱི་ཐུན་མིན་གྱི་ཆབ་སྲིད་དང་། ཐུན་མོང་སྐྱེ་འགྲོ་སྤྱི་ལ་ཡོད་པའི་ཆབ་སྲིད་ཆེ་ཕྲ་མང་པོ་ཡོད་འདོད། དུས་ཇི་ལྟར་སྙིགས་པ་དེ་བཞིན་དུ་དུག་ལྔ་རག་པར་གྱུར་པ་དང་། ཉོན་མོངས་ཤུགས་དྲགས་ཀྱི་འཕུལ་བའི་ཉེར་ལེན་ལ་བརྟེན་ནས་རང་གི་མངའ་རིས་ཙམ་གྱིས་ཆོག་ཤེས་མེད་པར། འཛམ་གླིང་ཤར་ནུབ་ཀྱི་དམག་འཁྲུག་སྔ་ཕྱི་རིམ་པ་བྱུང་བ་དང་། འབྱུང་མ་རག་པ་དང་། འབྱུང་ལ་ཉེ་བ་འདི་དག་ལ་ལྟོས་དང་ཤེས་ངེས་ཡིན། དཔེར་ན་དབྱིན་ཇིའི་མངའ་ཞབས་སུ་བཙན་དབང་གིས་བསྡུས་པ་དང་། སྟོབས་ཀྱིས་དང་། གཟི་བརྗིད་ཀྱིས་བསྡུས་པ་ཡུལ་གྲུ་ལྔ་བཅུ་ང་གསུམ་དང་། གཞན་ཡང་འཇར་མན་དང་། ར་ཤི་ཡ། ཧྥི་རན་སི་སོགས་ཀྱི་གཡུལ་འགྱེད་དང་། མི་སེར་དང་། ཡུལ་གྲུ་རྒྱ་བསྐྱེད་རིང་ལུགས་བྱུང་བ་ལ་བརྟེན་ནས་ཡོད་ཚད་སྨྱོན་པ་ཆགས་སོང་བ་ནང་བཞིན་རེད།
༤ ཆོས་དཔལ་སྲིད་གསུམ་གྱི་གནད་བསྡུ་བ།
དེང་སང་མཁས་དབང་མང་པོ་ཞིག་གིས་ང་ཚོ་ངེས་པར་དུ་སྔོན་གྱི་ལམ་ཁ་རྙིང་པ་དེ་མ་ཡིན་པར་གསར་པ་ཞིག་ལ་འགྲོ་དགོས་པ་ལས། སྔོན་མའི་ལམ་དེར་ཇི་ལྟར་བརྩོན་ཀྱང་འགྲུབ་ནུས་མེད་པ་དང་། གང་ལྟར་སེམས་ཀྱང་ཕྱིར་ནུར་བྱ་ཐབས་བྲལ་བས། ད་ལྟ་ནས་ལམ་ཁ་མ་ནོར་བ་ཞིག་འདེམས་དགོས་ཞེས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བཞིན་པ་རེད་དེ། ཤར་ནུབ་ཀྱི་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་། ཡུལ་དུས་ཀྱི་གནས་སྟངས་ལ་བལྟས་ན་བརྒྱ་ཆ་བརྒྱ་རྙིང་ལམ་དུ་དྲངས་མ་ཐུབ་རུང་། གང་ལ་གང་མཚམས་ཤིག་རྙིང་སྲོལ་གྱི་སྟེང་དུ་དུས་ནམ་ཞིག་གི་ཚེ་བསླེབ་ངེས་རེད། ཡིན་ན་ཡང་ད་ལྟ་རྙིང་སྲོལ་ཡོངས་རྫོགས་ནུབ་མེད་པ་དང་གཅིག གཉིས་ནས་རྙིང་པའི་ལམ་ལུགས་ལ་མཁས་པའི་གང་ཟག་མང་པོ་ཞིག་ཡོད་པའི་དུས་ཚོད་འདིར་རྙིང་པའི་ཁྱད་ཆོས་དང་། འཚོ་བ་གསར་བའི་སྐྱོན་ཆ་དག་གླེང་ཐུབ་སོང་ན། སྣོད་བཅུད་གཉིས་ལ་གོད་ཆག་ཆེན་པོ་མི་འབྱུང་བའི་ཕན་ཐོགས་ཡོད་ངེས་པས། སྤྱི་སེམས་ཅན་དང་། སྐྱེ་འགྲོའི་བདེ་སྡུག་ཤེས་མཁན་རེ་ཡོད་སྲིད་ན་འབད་དགོས་པར་སེམས།
མདོར་ན་འཇིག་རྟེན་འདིར་བདེ་བ་འདོད་མཁན་ལས། མཐོ་བ་རྒྱལ་པོ་དང་། སྲིད་འཛིན་ནས། དམའ་བ་འབའ་འབུ་སྲོག་ཆགས་ཡན་ཆོད་ནང་དུ་སྡུག་བསྔལ་འདོད་མཁན་གཏན་ནས་མེད་པ་ནི་ད་ཕལ་ཆེར་ཐག་ཆོད་པ་ཡིན་འདྲ། དེ་ཕྱིར་དོན་དམ་པའི་བདེ་སྐྱིད་ཅིག་དང་། རང་བདེ་མི་སྐྱིད་ཅིག་བྱ་འདོད་ན། དམ་པའི་ཆོས་ཀྱིས་ནང་གི་སྡུག་བསྔལ་བསལ། དཔལ་འབྱོར་དང་། ཆབ་སྲིད་གཉིས་ཀྱིས་ཕྱིའི་སྡུག་བསྔལ་བསལ། ཆོས་ཉམས་སུ་བླང་པ་ལས། རྒྱུ་མཚན་ཡོད་མེད་གང་ལྟར་ཡང་ཆོས་ལ་ཞེན་པ་དང་། རང་གི་ཆོས་དེ་མཆོག་ཡིན་བསྙམ་པའི་འདུ་ཤེས་དེ་ཡོངས་སུ་འདོར་དགོས་པ་ཞིག་དུ་སྣང་། གལ་སྲིད་ཡང་དག་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལོག་པར་གྱུར་བ་དང་། ཉམས་ཉེས་སུ་འགྱུར་བཞིན་པ་ཡིན་ན། དེ་ཉིད་སྲུང་བའི་ཐབས་ལམ་ལ་འབད་པ་ནི་ཆོས་ཤིག་ལས། ཞེན་འཁོགས་དང་། རིས་ཆོད་ཀྱི་མཆོག་འཛིན་ཡིན་སྲིད་རྒྱུ་མ་རེད། དེ་དང་མཚུངས་པའི་ཆབ་སྲིད་དང་། དཔལ་འབྱོར་གཉིས་ཀྱང་འགྲོ་བ་མིའི་གཙོར་བྱས་པའི་སྐྱེ་འགྲོ་ཡོད་དོ་ཅོག་གི་གཙོ་བོ་ལུས་ཀྱི་སྔུག་བསྔལ་སེལ་བྱེད་དང་། ལུས་བདེ་ན་སེམས་དང་ངག་གཉིས་བདེ་བ་དང་། སེམས་བདེ་ན་ལུས་ཀྱང་བདེ་བ་དེ་ནི་ཕན་ཚུན་བརྟེན་ནས་འབྱུང་བའམ། ཕན་ཚུན་ལྟོས་གྲུབ་ཀྱི་གནས་ལུགས་ཤིག་ཡིན་པར་སེམས།
ལེགས་པའི་ལམ་དུ་བསྒྱུར་བཏུབ་ན་ཆོས་སྲིད་དཔལ་འབྱོར་གསུམ་ག་འཇིག་རྟེན་འདིའི་གྲོགས་སུ་འགྱུར་བར་མ་ཟད། འཇིག་རྟེན་བདེ་བའི་རྒྱུ་དང་རྐྱེན་གྱི་གཙོ་བོ་གསུམ་རེད། ལོག་ལམ་དུ་སོང་ན་འཇིག་རྟེན་ཀྱི་འགས་གཏོར་ཆེ་ཤོས་གསུམ་རེད། དེ་ཕྱིར་མཐུན་རྐྱེན་དང་། འགལ་རྐྱེན་དུ་བསྒྱུར་མིན་ནི་འགྲོ་བ་མིའི་རིགས་དང་། ཁྱད་པར་དུ་ཤེས་ལྡན་མི་སྣ་ལ་རག་ལས་ཡོད་པས། རང་ཁེ་གཞན་ཕམ་ཁོ་ནར་སེམས་ཏེ། བེད་ཆོད་ལོག་པར་བཏང་བཞག་ན་ཆོས་དཔལ་སྲིད་གསུམ་འདིས་མི་རིང་བར་གོ་ལ་རིལ་པོ་འདི་ཚལ་པ་ནས་ཚལ་པར་གཏོར་ངེས་པས། ཚང་མས་རང་དོན་ཉི་ཚེ་བ། དཔེར་ན་སྒེར་རང་ཉིད་དང་། མི་རིགས་བྱེ་བྲག་པ་ཞིག་དང་། རྒྱལ་ཁབ་གཅིག་པུ་ཡར་རྒྱས་འགྲོ་བར་མགོ་མི་འཁོར་བར་སྐྱེ་འགྲོ་སྤྱིའི་བདེ་སྡུག་ལ་བསམ་བློ་ཅུང་ཞིག་གཏང་ན་བསམ་པའི་རེ་བ་དང་། སྨོན་འདུན་གྲངས་མེད་བཅས་ཕུལ་ཡོད་པས། ཚང་མས་གཟབ་པར་འཚལ་ལོ། །
ཨོ་རྒྱན་ཉི་མ་ལགས་་ཁྱེད་ཀྱིས་ཁ་ནས་བཤད་པ་ལག་ལེན་གཉིས་མི་འདྲ་འདུག
ཅིའི་ཕྱིར་ན་་་་་་་་
ཨོ་ཉི་ལགས་འགྲན་རྩོད་དང་པོ་དེ་ཡི་མཚན་གཞི་དེ་ཁྱེད་རང་ཡིན་ད། ངས་ཨང་དང་པོར་བདམ་པ་ཡིན། རང་ལྟར་མཆོག་འཛིན་གཞན་ལྟར་སྡང་འཛིན་གྱིས་རྒྱུད་ཤི་་ཏུ་ནས་བརླན་པ་ཞིག་རེད་འདུག
བྱས་ཙང་དང་པོ་ཁ་ནང་དུ་འཁོར་ནས་མེད་པ་ལྔ་ལས་སོགས་ཀྱི་རྩོམ་སྐྱག་དེ་ཚོ་རང་རིག་གི་ཤེས་པ་ཡོད་ན་དུས་ཕྱིས་དྲན་པ་བྱེད་རོགས་ཞུ་གྱི་ཡིན།
ཨོ་རྒྱན་ཉི་མ་ལགས་ཀྱི་ཆེད་རྩོམ་ངའི་བློ་ལ་འཇུག་ཤོས་དེ། འདི་ཡིན་ནོ། ལེགས་སོ། ལེགས་སོ་ཞེས་ཞུ་རྒྱུ་ལས་མ་འདས་སོ། །
ཀར་རྡོ་ཕེབས་པ་ལེགས། བན་དེ་བ་དགོངས་དག་་་་་་་་་་་ངས་ཁྱེད་ཅག་གི་མཚང་ནས་་་་་་་ཧཧཧཧ